ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
ཝང་ཅུན་ཀྲེང་གིས་བཀྲ་ཤིས་དགེ་འཕེལ་དགོན་དུ་བརྟག་ཞིབ་གནང་བཞིན་པ།
ཝང་ཅུན་ཀྲེང་དགོན་སྡེར་བརྟག་ཞིབ་གནང་བར་ཕེབས་ནས་དགེ་འདུན་པ་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། བཀྲ་ཤིས་དགེ་འཕེལ་དགོན་ནི་བཞད་མཐོང་སྨོན་རྫོང་དུ་གནས་པ་དང་ལོ་རྒྱུས་ཡུན་རིང་ལྡན་ལ་བརྗིད་ཆགས་ཉམས་དང་ལྡན་པ་ཞིག་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་དགོན་སྡེ་དེའི་དགོན་སྡེ་དོ་དམ་ལ་ཤུགས་སྣོན་དང་དོ་དམ་བྱེད་ཐབས་གསར་གཏོད་བྱས་ཚུལ་དང་། དགོན་སྡེའི་ལོ་རྒྱུས་དང་རིག་དངོས་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང“འདུ་ཤེས་གསུམ”གྱི་སློབ་གསོའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་ཞིང་། ཝང་ཅུན་ཀྲེང་གིས་གསུངས་དོན། “འདུ་ཤེས་གསུམ”གྱི་སློབ་གསོ་སྔར་བས་གཏིང་ཟབ་དང་རྒྱ་སྐྱེད་གཏོང་བ་དང་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་ཕྱོགས་སྡོམ་དང་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། དགོན་སྡེ་དེའི་དོན་དངོས་དང་ཟུང་འབྲེལ་གྱིས“ལམ་སྲོལ་ཁག་དྲུག”བཟོ་བ་དང་དགེ་འདུན་པའི་ཕྱོགས་བསྡུས་དཔྱད་ཞིབ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། དགེ་འདུན་པ་ཚོས་རང་གིས་རང་ལ་སློབ་གསོ་གཏོང་བ་དང་། རང་གིས་རང་ལ་དོ་དམ་བྱེད་པ། རང་གིས་རང་ལ་གཅུན་སྡོམ་བྱེད་པ་སོགས་ཀྱི་ལས་དོན་ལ་ཕྱོགས་སྡོམ་བྱེད་པ་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆོས་ལུགས་ལས་དོན་གྱི་ཚན་རིག་དང་མཐུན་པའི་བྱེད་ཐབས་ཁོང་དུ་ཆུད་པར་བྱས་ཏེ། ཆོས་ལུགས་ལས་དོན་གྱི་དོ་དམ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་ཀའི་འགན་ནུས་ཆེ་རུ་གཏོང་བ་དང་དགོན་སྡེ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ཆོས་ལུགས་ལས་དོན“དོ་དམ་བྱེད་ཐུབ་པ”ནས“དོ་དམ་ཡག་པོ་བྱེད་ཐུབ་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས།
ཝང་ཅུན་ཀྲེང་གིས་བཀྲ་ཤིས་དགེ་འཕེལ་དགོན་དུ་བརྟག་ཞིབ་གནང་བཞིན་པ།
བརྟག་ཞིབ་གནང་རྗེས། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་ནས། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོར་བོད་དུ་བྱེད་སྒོ་ཁག་བདེ་བླག་ངང་སྤེལ་བ་དང་ཐུགས་གྲ་ལེགས་འགྲིག་བྱུང་བར་རྟེན་འབྲེལ་ཞུས་ཤིང་། ཝང་ཅུན་ཀྲེང་གིས་གསུངས་དོན། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་བོད་དུ་འགན་འཁྲི་སྒྲུབ་པར་ཕེབས་ཚུན། ཆོས་ལུགས་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། “འདུ་ཤེས་གསུམ”སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་དང་འབྲེལ་འདྲིས་རྒྱ་ཁྱབ། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བཅས་བྱས་ནས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། དད་ལྡན་མང་ཚོགས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་སོགས་ཀྱི་ནང་ཞུགས་པར་ཁྲིད་སྟོན་བྱེད་པའི་ཐད་དགེ་མཚན་ལྡན་པའི་ལས་དོན་བསྒྲུབས་ཡོད།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། བོད་བརྒྱུད་ནང་བསྟན་དེ་རྒྱལ་ཁབ་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་བཅས་ཀྱི་ལས་དོན་དང་ཟུང་འབྲེལ་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་ལེགས་སྐྱེས་འབུལ་གྱི་ཡིན།