སྨྲ་བར་དགའ་བའི་ངགི་དབང་ཕྱུག་ལ་འཁྲུལ་ངོ་སྤྲོད་པ། མགུ་ཐོག་བསྟན་པ།

文摘   2024-11-21 06:00   西藏  

མགུ་ཐོག་བསྟན་པས་སྨྲ་བར་དགའ་བའི་དགེ་བཤེས་ངག་གི་དབང་ཕྱུག་ལ་འཁྲུལ་ངོ་སྤྲོད་པ།

༡༽ཐ་སྙད་ཚད་གྲུབ་ཟེར་བའི་ཆོས་སྐད་འདི།།

རྒྱལ་དབང་སྐུ་ཕྲེང་གཉིས་པའི་ཞལ་སྔ་ནས།།

དང་པོར་སྨྲས་ན་མི་སྐྱོད་རྡོ་རྗེ་ལ།།

སྙད་བཏགས་བྱེད་པའི་ལོག་བཤད་མ་སྨྲ་ཨང་།།


༢༽དགེ་ཆོས་མཁས་པས་ལྟ་བ་མཐའ་བྲལ་དུ།།

ཞལ་བཞེད་ཀླུ་སྒྲུབ་དགོངས་རྒྱན་གསལ་ན་ཡང་།།

དེ་ཡང་མི་ཤེས་དགེ་ཆོས་ལྟ་གྲུབ་གླེང་།།

ཅི་འདོད་སྒོ་ནས་ལོག་གཏམ་མ་བཤད་ཨང་།། 


༣༽ཐལ་རང་གཉིས་ཀྱིས་གདགས་གཞི་བཏགས་ཆོས་ལ།།

ཁྱད་པར་འབྱེད་ཚུལ་ཀུན་མཁྱེན་གཞུང་དང་མཚུངས།།

མཐའ་བྲལ་ལྟ་བའང་དགེ་ཆོས་གཞུང་ལས་བྱུང་།།

དགེ་ལྡན་དང་མཚུངས་ལོག་བཤད་མ་སྨྲ་ཨང་།།


༤༽གདགས་གཞི་བཏགས་ཆོས་སྨྲས་པ་ཙམ་གྱིས་ནི།།

མཐར་ཐུག་ལྟ་བ་ཐ་དད་ཇི་ལྟར་སྒྲུབ།།

དཔེར་ན་ལེགས་ལྡན་འབྱེད་དང་ཟླ་བ་བཞིན།།

དགེ་བཤེས་ཧམ་པས་ལོག་བཤད་མ་སྨྲ་ཨང་།།


༥༽གདགས་གཞི་བཏགས་ཆོས་སོ་སོར་མེད་པ་ལས།།

གཏན་ནས་མེད་པའི་ཀུན་མཁྱེན་གཞུང་མ་བྱུང་།། 

ཐོས་ཆུང་བྱིས་པའི་ངང་ཚུལ་དགེ་བཤེས་ཀྱིས།།

གོ་རིགས་མེད་པའི་ལོག་བཤད་མ་སྨྲ་ཨང་།། 


༦༽གོ་ཤཱཀ་མཁས་པའི་གོ་ས་ཟིན་དགོས་ན།།

དང་པོ་གོ་རིགས་མཁྱེན་རྒྱ་ཡངས་ཙམ་མཛོད།།

དེ་ནས་ལྷག་བསམ་དག་པས་དགག་སྒྲུབ་གྱིས།།

ཚིག་རྩུབ་ངན་པའི་ལོག་བཤད་མ་སྨྲ་ཨང་།


༧༽ཀླུ་སྒྲུབ་དགོངས་རྒྱན་སུམ་བརྒྱ་བཅུ་གཉིས་ནང་།།

ཐལ་རང་ཁྱད་པར་ལྟ་བ་མཐའ་བྲལ་རྣམས།།

ཀུན་མཁྱེན་འདོད་པ་ཇི་བཞིན་བྲིས་ན་ཡང་།།

དགེ་ལྡན་ལུགས་ཡིན་ལོག་བཤད་མ་སྨྲ་ཨང་།།


༨༽ས་པཎ་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ།།

ཆ་རྒྱུས་མེད་པས་ལྟ་བ་མེད་དགག་སྨྲ།།

ཕྱོགས་ཙམ་མཐོང་བས་ལོག་བཤད་བྱེད་པ་ནི།།

མི་ཤེས་རྨོངས་པའི་ལོག་བཤད་མ་སྨྲ་ཨང་།། 


༩༽གདགས་གཞི་སྔ་མས་ཕྱི་མ་དེད་པའི་ཚེ།།

དམིགས་གཏད་ཞིག་པ་ཀུན་མཁྱེན་རིགས་པའི་དྲིན།།

དགེ་ལྡན་སྲོལ་འབྱེད་ཙོང་ཁའི་གཞུང་དུ་མེད།།

ངོ་ཚ་མེད་པའི་ལོག་བཤད་མ་སྨྲ་ཨང་།།



༡༠༽རྒྱ་ཁམས་རིག་པས་བསྐོར་བའི་དགེ་ཆོས་ཀྱིས།།

བཀས་བཀོད་རྒྱུད་འཛིན་ལམ་ལུགས་ངོ་ལོག་ཀྱང་།།

བོད་ཀྱི་ཆོས་སྲིད་དར་ཆ་དགུང་ལ་བསྒྲེངས།།

ཉེས་ཆེན་སྐྱོན་འཛུགས་ལོག་བཤད་མ་སྨྲ་ཨང་།།


       ཞེས་ཝ་ར་ལྔ་རིག་ནང་བསྟན་སློབ་གླིང་གི་རིག་སྨྲ་བ་མགུ་ཐོག་བསྟན་པས།  ངག་གི་དབང་ཕྱུག་གིས་བྲིས་པའི་རྩོམ་ཐུང་《ངག་གི་དབང་ཕྱུག་ནས་འགུ་ཟི་པད་བློའི་འཆལ་གཏམ་འགོག་པ།》ཟེར་བ་དེ་ལ་བལྟས་ཙམ་ནས།  ཚིག་བཞི་དང་པོ་སོགས་ཁ་ཤས་ཀྱི་བརྗོད་བྱ་ལ་ཁོག་དགོད་ཤོར་བཞིན་པའི་ངང་ནས། ༢༠༢༤/༡༡/༢༠ ཉིན་གྱི་དགོང་མོར་གསེར་ཐང་བླ་མ་རུང་ནས་བྲིས་ཏེ་སྤེལ་ལོ།།


(གསལ་བཤད།  རྒྱས་པ་ཤེས་པར་འདོད་ན།  ཡིག་ངག་གང་རུང་གིས་མུ་ནས་སྤེལ་ཡོང་།)

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章