སྡེ་སྤྲུལ་ཀུན་དགའ་རྒྱལ་མཚན་གྱིས་ཕ་ཆོས་གསང་སྔགས་ལམ་འབྲས་ལ་བསྔགས་བརྗོད་འདི་ལྟར་མཛད།
མཁའ་འགྲོའི་གསང་མཛོད་བདུད་རྩིའི་ཆུ་གཏེར་ལས།།
སྔོན་བྱོན་གྲུབ་པའི་དེད་དཔོན་གྱིས་བླངས་པའི།།
འདོད་འབྱུང་གཞུང་བཟང་ཡིད་བཞིན་ནོར་བུ་འདི།།
ས་སྐྱའི་རྗེས་མཇུག་ཡོངས་ཀྱི་སྤྱི་ནོར་ལགས།།
རྟོག་གེའི་བློ་ཡིས་འོལ་ཚོད་མ་ཡིན་པར།།
འཁོར་འདས་གཉིས་ཀྱིས་བསྡུས་པའི་ཆོས་རྣམས་ཀུན།།
ཚད་མ་བཞི་ཡིས་གཏན་ལ་འབེབས་ནུས་པའི།།
གཞུང་བཟང་འདི་འདྲ་འཇིག་རྟེན་དག་ན་དཀོན།།
ཡིད་འོང་ས་འཛིན་མཐོན་པོའི་རྩེ་མོ་ནས།།
དམའ་བའི་ལྗོངས་སུ་ལྟད་མོ་བལྟ་བ་བཞིན།།
གྲུབ་མཐའ་ཀུན་གྱིས་གནད་གསང་དུས་གཅིག་ཏུ།།
མཐོང་བ་འདི་ཡང་ལམ་འདིའི་ཆེ་བ་ལགས།།
སྲིད་དང་ཞི་བའི་ཕོངས་པ་ཀུན་སེལ་བའི།།
གསང་ཆེན་གདམས་པའི་གཏེར་འདི་རྙེད་ནས་ནི།།
སྤྱོད་དང་གཞན་ལ་སྦྱིན་པར་མི་བྱེད་པར།།
ད་དུང་སློང་མོར་རྒྱུ་བ་སྨྱོ་འམ་ཅི།།
བཟླས་གྲངས་ཙམ་གྱིས་མགྲིན་པ་སྐྱ་བ་དང་།།
ཟ་ཆོག་ཤེས་པའི་ལྟོ་བ་སྐྱ་བ་དང་།།
ཕྱོགས་འཛིན་བྱེད་པའི་ཁ་སྐྱ་ཙམ་མིན་པར།།
སྙིང་ནས་ས་སྐྱའི་བསྟན་པ་འཛིན་བཞེད་ན།།
ཡིད་ཆེས་རྒྱལ་བའི་བཀའ་དང་ཁྱད་མེད་པའི།།
འཁྲུལ་ཟད་གོང་མའི་གསུང་རབ་འདི་དག་ལ།།
ཐོས་བསམ་སྒོམ་པའི་སྒོ་ནས་འཇུག་ནུས་ན།།
དལ་འབྱོར་རིན་ཆེན་རྙེད་པ་དོན་བཅས་ཡིན།།
རྒྱལ་བའི་དགོངས་པ་གྲུབ་པའི་དབང་ཕྱུག་གིས།།
བཀྲལ་བའི་བོད་ཀྱི་གྲུབ་མཐའ་སུ་ལ་ཡང་།།
རབ་གུས་དད་པའི་ཡིད་ཆེས་བསྐྱེད་པ་ལས།།
མ་གུས་ཕྱོགས་འཛིན་བདག་གི་རྒྱུད་ལ་མེད།།
འོན་ཀྱང་ཕ་རྒོད་བླ་མའི་བཀའ་དྲིན་གྱིས།།
དཔལ་ལྡན་ས་སྐྱའི་ཆོས་འདིའི་རིགས་སུ་སྐྱེས།།
མེ་ཏོག་ཕོག་པའི་ལྷ་སྐལ་འདི་ཉིད་ཡིན།།
བརྒྱུད་པ་བཟང་པོས་ཕ་ཆོས་འདི་ཉིད་ཡིན།།
དེ་སླད་བརྩོན་པས་ཉམས་སུ་མ་ལོན་ཀྱང་།།
ཟབ་པའི་ཡང་རྩེ་ཆོས་ཚུལ་འདི་ཉིད་ལ།།
ཡིད་ཆེས་སྐྱེད་ནས་མི་མེད་ལུང་སྟོང་དུ།།
སྤྲང་པོ་བདག་ནི་འཆི་བ་བསྒུག་སྙིང་འདོད།།
ཡང་གསང་མཁའ་འགྲོའི་ཞལ་རླངས་མ་ཡལ་བའི།།
ཆོས་འདི་བསྒོམ་པས་ཉམས་སུ་མ་ལོན་ཀྱང་།།
ཕས་རྒོལ་འབུམ་གྱིས་འཕྲོག་པར་མི་ནུས་པའི།།
ཡིད་ཆེས་དད་པ་སྙིང་གི་དཀྱིལ་ན་ཡོད།།
ཆོས་འདིའི་གླེགས་བམ་སྔས་སུ་བཞག་ནས་ནི།།
དཔལ་མགོན་བླ་མ་ཡིད་ལ་དྲན་བཞིན་དུ།།
མི་རྟག་ལྔ་བའི་ལམ་དུ་སོང་ན་ཡང་།།
འགྱོད་པ་མེད་དོ་ཆོས་མཐུན་གྲོགས་པོ་དག།
ལས་ངན་འཚོ་ཆེན་རྡོལ་བའི་རྨོངས་པ་བདག།
ལྷ་དང་བཅས་པའི་སྙིང་རྗེ་ཡུལ་ཡིན་མོད།།
ཆོས་འདིའི་བདུད་རྩི་རྣ་བའི་བུ་ག་རུ།།
སོན་པ་འདི་ཙམ་ཕྱི་མའི་ལམ་རྒྱག་ཡིན།།
མཆན། (ཐོར་བཏུས)