སང་ཉིན་ནི་བོད་ཟླ་༩ཚེས་༡༤ཉིན། བླ་མ་ས་སྐྱ་པ་བརྩེ་བ་ཆེན་པོ་༸ཀུན་དགའ་སྙིང་པོ་མཆོག་མངོན་པར་རྫོགས་པར་སངས་རྒྱས་ནས་བགྲང་བྱ་༨༦༦འཁོར་བའི་འདས་མཆོད་དུས་དྲན་༼ས་མཆོད་༽དུས་ཆེན་ཡིན།
ཐུགས་རྗེ་ཆེན་པོ་དང་ལྡན་པས།།
རྟག་ཏུ་གཞན་གྱི་དོན་མཛད་པའི།།
རྣལ་འབྱོར་དབང་ཕྱུག་ས་སྐྱ་པ།།
ཀུན་དགའ་སྙིང་པོ་ལ་ཕྱག་འཚལ།།
ས་མཆོད་དུས་ཆེན་ནི་ལོ་ངོ་དགུ་བརྒྱར་ཉེ་བའི་ལོ་རྒྱུས་ཡུན་རིང་ལྡན་པའི་དུས་ཆེན་ཞིག་ཡིན་ཅིང་། དུས་ཆེན་འདི་ནི་དཔལ་ལྡན་ས་སྐྱ་གོང་མ་རྣམ་ལྔའི་གཙོ་བོ་བསྟན་པའི་མངའ་བདག་བླ་ཆེན་ས་སྐྱ་པ་ཆེན་པོ་༧ཀུན་དགའ་སྙིང་པོ་མཆོག་དགུང་གྲངས་དྲུག་བཅུ་རྩ་བདུན་བཞེས་པ། བོད་རབ་བྱུང་གསུམ་པའི་ས་ཕོ་སྟག་གི(སྤྱི་ལོ1158)ལོའི་ཟླ་དགུ་པའི་ཚེས་བཅུ་བཞིའི་ཉིན། ངོ་མཚར་གཟུགས་སྐུའི་རྣམ་སྤྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཚེས་ཁྱད་པར་ཅན་ལ། རྗེས་དྲན་གྱི་ཕྱག་མཆོད་འབུལ་བའི་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་ཞིག་ཡིན་ལ། ལོ་རྒྱུས་ཀྱི་རིན་ཐང་གཞལ་དུ་མེད་པའི་བོད་ཀྱི་དམིགས་བསལ་དུས་ཆེན་ཞིག་ཀྱང་ཡིན།དེ་ཡང་བླ་ཆེན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་མཆོག་ནི། དུས་རབས་བཅུ་གཅིག་པའི་དུས་མཇུག་ཏུ་བྱོན་པའི་བོད་ཀྱི་གསང་ཆེན་བསྟན་པའི་མངའ་བདག་ཆེན་པོ་ཞིག་ཡིན་ལ། སྐབས་དེར་སྐྱེས་ཆེན་དམ་པ་ཀུན་གྱིས་གཙུག་གི་ནོར་བུར་བཀུར་བའི་དམིགས་གསལ་གྱི་བླ་ཆེན་ཞིག་ཀྱང་ཡིན། ཁོང་གིས་སྐུ་ན་ཕྲ་མོའི་དུས་ནས་ཕ་ཡུལ་རྒྱབ་ཏུ་སྐྱུར་ཏེ་དཀའ་སྤྱད་དང་འབད་བརྩོན་དྲག་པོས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྐྱེས་ཆེན་དམ་པ་ཕལ་མོ་ཆེའི་ཞབས་ལ་བཏུགས་ཏེ། མདོ་སྔགས་རིག་གནས་ཕྱོགས་མེད་ལ་སྦྱངས་པ་ཅིས་ཕྱིན་པར་མཛད་དེ་ཟབ་རྒྱས་ཀྱི་གདམས་པ་རྒྱ་མཚོ་ལྟ་བུས་ཐུགས་རྒྱུད་ཡོངས་སུ་གཏམས་པར་མཛད་པ་དང་། ཁྱད་པར་སྦས་པའི་་གྲུབ་དབང་ཞང་སྟོན་ཆེན་པོ་ལས་གསུང་ངག་ལམ་འབྲས་ཀྱི་གདམས་པ་ཟབ་མོ་ཆིག་བརྒྱུད་ཀྱི་ཚུལ་དུ་གསན་ནས་ལོ་ངོ་བཅོ་བརྒྱད་ཀྱི་བར་དུ་རྩེ་གཅིག་ཏུ་བསྒྲུབས་པས་ས་ཐོབ་སེམས་དཔའ་ཆེན་པོའི་གོ་འཕང་མངོན་སུམ་དུ་བརྙེས་པའི་མཛད་རྗེས་སུ། རྗེ་བཙུན་གྲུབ་པའི་དབང་ཕྱུག་དུ་མའི་བཀའ་ལུང་ཇི་བཞིན་ལོ་ངོ་བརྒྱ་ཕྲག་དུ་མར་ཡིག་ཐོག་ཏུ་འཁོད་མ་མྱོང་བའི་གསང་ཆེན་གསུང་ངག་ལམ་འབྲས་ཀྱི་གདམས་པ་ཟབ་མོ་ཡི་གེར་ཕབ་ཅིང་དེ་འབྲེལ་བསྟན་བཅོས་ཆེན་པོ་བཅུ་གཅིག་ལྷག་མཛད་དེ། བོད་ཀྱི་ནང་བསྟན་གྲུབ་མཐའ་ཆེན་པོ་རྣམ་བཞིའི་ཡ་གྱལ་དཔལ་ལྡན་ས་ལུགས་པའི་གྲུབ་མཐའི་སྲོལ་གཏོད་ཅིང་། རྗེ་བཙུན་གོང་མ་རྣམ་ལྔ་ཞེས་ཡོངས་སུ་གྲགས་པའི་ཐོག་མར་བྱོན་ཏེ། དཔལ་ལྡན་ས་སྐྱའི་གདན་ས་ལོ་འཁོར་ཞེ་བརྒྱད་ཀྱི་བར་དུ་བསྐྱངས་པ་སོགས་རང་ཅག་ཁ་བ་གངས་ཅན་གྱི་ལྗོངས་སུ་བཀའ་དྲིན་དང་མཛད་རྗེས་བླ་ན་མེད་པའི་སྐྱེས་ཆེན་དམ་པ་ཞིག་ཡིན། དུས་ཆེན་འདིའི་ཉིན་སྤྱིར་ན་དགེ་བ་གང་སྒྲུབ་འབུམ་འགྱུར་དུ་འགྲོ་བ་སྤྱི་བགྲོས་བཞིན་དང་། ཁྱད་པར་བླ་ཆེན་ས་སྐྱ་པ་ཆེན་པའི་གསོལ་འདེབས་སྙིང་པོ་༼ཐུགས་རྗེ་མ་༽འདོན་བཞིན་ཕྱག་མཆོད་སོགས་དགེ་རྒྱུན་གང་སྒྲུབ་དུང་འགྱུར་དུ་འགྲོ་བ་སོགས་ཀྱི་དགེ་མཚན་བསམ་གྱིས་མི་ཁྱབ་བོ། །
大慈大悲具大智
恒时唯行利他事
瑜伽自在萨迦巴
贡嘎宁波我顶礼