ལྷ་རམས་པ་ངག་གི་དབང་ཕྱུག་ལ་སྤྲིངས་ཡིག་གསེར་གྱི་ཐུར་མ།

文摘   2024-11-22 19:58   西藏  

ལྷ་རམས་པ་ངག་གི་དབང་ཕྱུག་ལ་སྤྲིངས་ཡིག་གསེར་གྱི་ཐུར་མ།


࿑ན་མོ་བུདྡྷཱ་ཡ།


སྤྱིར་བཤད་པ།


ཡོད་མེད་རྣམ་བཞག་སོ་སོའི་ལས་སྣང་གིས།།

བྱེད་ཅིང་ཀུན་རྫོབ་གནས་ཚུལ་མ་གྲུབ་པས།།

ཀུན་རྫོབ་མཇལ་བྱེད་དབང་པོ་དྲུག་པོ་ནི།།

ཚད་མ་མིན་པ་བཅོན་ལྡན་འདས་ཀྱིས་གསུངས།།

དེ་ཕྱིར་ཐ་སྙད་ཚད་གྲུབ་མེད་པར་ཤེས།།


གནོད་བྱེད་རིགས་པ།


༡༽སྐྱེས་བུ་གཅིག་ལ་དགྲ་གཉེན་གཉིས་བལྟས་ཚེ།།

བཟང་ངན་གཉིས་པོ་རྫས་གཅིག་ཡིན་པ་དང་།

སྐྱེས་བུ་གཅིག་དེ་དུ་མ་ཡོད་པར་ཐལ།།

དེ་སྣང་ཤེས་པ་ཚད་མ་ཡིན་ཕྱིར་རོ།།

ཐ་སྙད་ཚད་གྲུབ་མིན་པར་མྱོང་བས་ཤེས།།


༢༽བུམ་པ་གཅིག་ལ་སོ་སྐྱེའི་དབང་མངོན་དང་།།

འཕགས་བློ་ཡེ་ཤེས་གཉིས་ཀྱིས་ལྟ་བའི་ཚེ།།

བུམ་པ་དོན་དམ་ཀུན་རྫོབ་གཉིས་ཀ་དང་།།

གཉིས་མིན་སོ་སོ་གང་རུང་ཡིན་པ་ཞིག །

སྨྲ་བའི་སྤོབས་པ་ཁྱེད་ལ་ཨེ་ཡོད་ལགས།།


༣༽མཁས་པའི་ཁྱུ་མཆོག་སྟག་ཚང་ལོ་ཙཱ་བས།།

ཡུལ་ཀུན་རྫུན་དང་ཡུལ་ཅན་བསླུ་བ་འགལ།།

ཡུལ་དེར་འཁྲུལ་དང་དེ་ལ་ཚད་མར་འགལ།།

ཞེས་གསུངས་འདི་ཡང་རྒྱལ་བའི་བཀའ་བཞིན་མཛེས།།


༤༽ཚད་མ་གཅིག་གིས་ཚད་མ་གཞན་གནོད་ན།།

གནོད་ཡུལ་ཚད་མ་ཚད་མ་མ་ཡིན་ཕྱིར།།

ཐ་སྙད་ཚད་གྲུབ་འཇོག་བྱེད་ཚད་མ་ཞིག །

ཡོད་ན་འཕགས་པའི་ལམ་འདི་ཅི་ཞིག་བདེན།།


༥༽སོ་སྐྱེའི་ཚད་མས་བཞག་པའི་དངོས་པོ་དང་།།

འཕགས་བློའི་གཞལ་བྱའི་དངོས་པོ་རྣམ་པ་གཉིས།།

བདེན་རྫུན་འབྱེད་བྱེད་ཚད་མ་མེད་པའི་ཕྱིར།།

འདིས་ཀྱང་ཐ་སྙད་ཚད་གྲུབ་མིན་པར་ཤེས།།


༦༽བུམ་སོགས་དོན་དམ་རིགས་པས་དཔྱད་པའི་ཚེ།།

སྔར་སྒོ་ཕྱིར་སྒོ་མིག་ལོང་ཡིན་པར་ཐལ།།

བུམ་སོགས་མཐོང་བའི་དབང་མངོན་མེད་ཕྱིར་རོ།།

འདིས་ཀྱང་ཚད་གྲུབ་མིན་པའི་བདེན་དཔང་ཆོག།


༨༽བུམ་པའི་གདགས་གཞི་བུམ་པ་མ་ཡིན་ན།།

བུམ་པ་རྗོད་ཚེ་བུམ་པ་གོ་མེད་ཐལ།།

བུམ་པའི་གདགས་གཞི་བུམ་པ་མ་ཡིན་ཕྱིར།།

འདིས་ཀྱང་ཚད་གྲུབ་མིན་པའི་བདེན་དཔང་ཆོག།


༨༽གདགས་གཞི་བཏགས་ཆོས་སོ་སོ་ཡིན་ཞེ་ན།།

གདགས་གཞི་དེ་ཉིད་བཏགས་ཆོས་མ་ཡིན་ཐལ།།

འདོད་ན་བཏགས་ཆོས་མིན་པའི་དངོས་ཡོད་དང་།།

གདགས་གཞི་མེད་པ་ཡིན་པར་ཐལ་ཕྱིར་རོ།།


འགལ་འདུའི་རིགས་པ།


༡༽འཇིག་རྟེན་སྣང་བ་ཚད་གྲུབ་ཡིན་ཞེ་ན།།

འཕགས་པའི་སྣང་བ་ཚད་གྲུབ་ཡིན་པར་འགལ།།

༢༽ཀུན་རྫོབ་བདེན་པ་ཚད་གྲུབ་ཡིན་ཞེ་ན།།

ཀུན་རྫོབ་ཙམ་ཉིད་ཚད་གྲུབ་ཡིན་པར་འགལ།།


༣༽བདེན་སྟོང་མེད་དགག་གནས་ལུགས་ཡིན་ཞེ་ན།།

གནས་ལུགས་རྟོགས་ངོར་ཅི་ཡང་མ་གྲུབ་འགལ།།

༤༽གནས་ལུགས་དཔྱོད་ཚེ་ཅི་ཡང་མ་གྲུབ་ན།།

བདེན་སྟོང་ཞེན་བློ་དགག་བྱ་མིན་པར་འགལ།།


༥༽བུམ་པ་རྗོད་ཚེ་བུམ་པ་གོ་ཞེ་ན།།

བུམ་པའི་བདགས་གཞི་བུམ་པ་མིན་པར་འགལ།།

༦༽བུམ་མཆུ་ཞིག་ཚེ་བུམ་པ་མ་ཞིག་ན།།

བུམ་པའི་རྒྱབ་ལོགས་བུམ་པ་རྫས་གཅིག་འགལ།།


༧༽ཡན་ལག་ཁེག་ཚེ་ཡན་ལག་ཅན་ཁེག་ན།།

གདགས་གཞི་བཏགས་ཆོས་སོ་སོར་ཡིན་པར་འགལ།།

༨༽བུམ་པའི་ངོ་བོ་བུམ་པ་ཡིན་ཞེ་ན།།

བདེན་གཉིས་ངོ་བོ་བདེན་གཉིས་མ་ཡིན་འགལ།།


ལུང་འགལ།


བུམ་སོགས་དོན་དམ་རིགས་པས་དཔྱད་པའི་ཚེ།།

བུམ་སོགས་ཡོད་ན་ཟླ་བས་འཇུག་པ་ལས།།

མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན།།

བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས།།

ཞེས་གསུངས་དོན་ལ་བློ་བདེ་ཅི་ཞིག་ནུས།།


གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས།།

ཞེས་གསུངས་དབང་པོ་དྲུག་པོ་ཚད་ཡིན་ན།།

བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ།།

ཞེས་གསུང་འདི་ཡང་ཅི་ཞིག་རྩལ་དུ་བཏོན།།


གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི།།

འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས།།

ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ།།

ཞེས་གསུང་འདི་ཡང་ཅི་ཞིག་རྩལ་དུ་བཏོན།།


བདག་གི་གདགས་གཞི་ཕུང་པོ་ཡིན་ཞེ་ན།།

ཕུང་པོ་ལས་གཞན་བདག་གྲུབ་ཡོད་པར་ཐལ།།

འདོད་ན་དཔལ་ལྡན་ཟླ་བས་འཇུག་པ་ལས།།

དེའི་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ།།

ཞེས་གསུངས་དོན་ལ་བློ་བདེ་ཅི་ཞིག་ནུས།།


ཇི་ཙམ་དབང་པོའི་སྤྱོད་ཡུལ་བ།།

སྐྱེས་བུ་དེ་ཙམ་ཁོ་ནར་ཟད།།

བཟང་མོ་མ་ཐོས་གང་སྨྲ་བ།།

དེ་དག་སྤྱང་ཀིའི་རྗེས་དང་མཚུངས།།


འདོད་འཇིགས་མྱ་ངན་གྱིས་བརླམས་དང་།།

རྐུན་པོ་རྨི་སོགས་ཀྱིས་བསླད་པ།།

མདུན་ན་གནས་པ་ཇི་བཞིན་དུ།།

ཡང་དག་མིན་པའང་མཐོང་བར་འགྱུར།།

ཞེས་གསུངས་དོན་ལ་ཐུགས་བཞེས་མཛོད།།


ངོ་སྤྲོད།


མ་བརྟགས་མ་དཔྱད་ཐ་སྙད་བདེན་པ་དེར།།

བརྟགས་ནས་མ་རྙེད་འགྱུར་བ་ཡོད་པའི་ཕྱིར།།

ཐ་སྙད་བདེན་པ་ཚད་གྲུབ་མིན་པའི་དོན།།

དོན་ཉིད་ངེས་ཀྱང་ཐ་སྙད་ངེས་མེད་འདྲ།། 


མ་བརྟགས་མ་དཔྱད་ཐ་སྙད་ཉམས་དགའི་ངོར།།

ཇི་ལྟར་སྣང་བཞིན་འབྲེལ་བས་མི་བསླུ་ཐོབ།།

དཔྱད་ན་ཅི་ཡང་མ་རྙེད་སྤྲོས་པ་བྲལ།།

བདེན་གཉིས་ཟུང་འཇུག་དོན་ལ་བློ་བདེ་གྱིས།།


འཇིག་རྟེན་མཐུན་འཇུག་ར་བ་དེ་ཡི་ནང་།།

དབང་པོ་དྲུག་པོ་ཚད་མ་ཡིན་ན་ཡང་།།

སྤྱིར་ནས་ཚད་མ་ཡིན་པའི་སྐབས་མི་སྲིད།།

ཚད་མ་ཡིན་མིན་སྐྱེ་འཕགས་ཕྱེ་ནས་འཇོག།


གང་ཞིག་ཐ་སྙད་གདགས་གཞི་གང་ཡིན་པ།།

དེ་ནི་དེ་ཡི་གདགས་གཞི་ཡིན་པས་ན།།

བདག་གི་ཐ་སྙད་གདགས་གཞི་བདག་ལས་གཞན།།

མེད་ཕྱིར་དེ་ཉིད་དེ་ཡི་གདགས་གཞིའོ།།


གདགས་གཞི་བཏགས་ཆོས་གཏེར་བཏོན་རིན་ཆེན་པ།།

བརྟེན་ནས་བཏགས་པས་གདགས་གཞི་བཏགས་ཆོས་མིན།།

ཞེས་གསུངས་རང་རྒྱུད་འགོག་བྱེད་མ་ཤེས་ནས།།

གཏེར་བཏོན་རིན་ཆེན་པ་དེ་ཨེ་མ་རྨད།།


བཀས་བཅད།


སོ་སོའི་ལང་སྣང་དབྱེ་འབྱེད་མ་ཤེས་ནས།།

རིགས་དྲུག་སོ་སོའི་ལས་སྣང་ཚད་མར་བཞེད།།

རྫས་དྲུག་བཏུང་བའི་དགེ་བཤེས་རིན་ཆེན་པ།།

ཧུ་ཧུ་དེ་འདྲ་མ་བཞེད་དགེ་བཤེས་ལགས།།


ཟུང་འཇུག་ཅེས་པའི་དོན་ཉིད་མ་ཤེས་ནས།།

བདེན་གཉིས་ངོ་བོ་བྱས་དང་མི་རྟག་བཞིན།།

གཅིག་ཏུ་འདོད་ནས་བདེན་གཉིས་ཟུང་འཇུག་སྨྲ།།

ཧུ་ཧུ་དེ་འདྲ་མ་སྨྲ་དགེ་བཤེས་ལགས།།


རྟེན་འབྲེལ་བརྟེན་འབྱུང་ཁྱད་པར་མ་ཤེས་ནས།།

གཅིག་གིས་གཅིག་ལ་བརྟེན་ཅིང་འབྲེལ་བ་འབྱུང་།།

བདེན་གཉིས་ཟུང་འཇུག་རིགས་ལམ་རི་ལས་བརྟན།།

ཧུ་ཧུ་དེ་འདྲ་མ་སྨྲ་དགེ་བཤེས་ལགས།།

༢༠༢༤ཐ་སྐར་ཟླ་བའི་དམར་ཕྱོགས་རྒྱལ་བ་གཉིས་པའི་མཚམས་སྤྲིན་རྒྱལ་བ་ལྷ་ལས་འབབ་པའི་དུས་བྱང་ཕྱོགས་འབྲི་རྒྱུད་ཆོས་ཀྱི་མདོ་ནས་ཤར་ཕྱོགས་ཧོང་ཀོང་གི་རྒྱ་མཚོའི་འགྲམ་ན་ལྷ་རམས་པ་ངག་གི་དབང་ཕྱུག་ལ་འཇིག་རྟེན་ཟླ་བས་སྤྲིངས་སོ།།།།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章