འཇམ་མགོན་གཞན་ཕན་སྙིང་པོའི་ཞབས་བརྟན། མཁན་པོ་འཆི་མེད་ཚེ་རིང་།

文摘   2024-11-12 20:41   西藏  

མཁན་ཆེན་གཞན་ཕན་སྙིང་པོ་ལ་ཞབས་བརྟན་གསོལ་འདེབས་བདུད་ལས་རྒྱལ་བ་ཞེས་བྱ་བ་བཞུགས་སོ།།


ཨོཾ་སྭསྟི་སིདྡྷཾ།


མཁས་པའི་རྣམ་དཔྱོད་མ་ཧཱ་པཎྜི་ཏ།།

ཕྱོགས་ལས་རྣམ་རྒྱལ་འཇིགས་བྲལ་གྲུབ་པའི་དབང་།།

ཐུབ་བསྟན་ཡོངས་ཀྱི་སྲོག་ཤིང་ས་སྐྱ་པ།།

གཞན་ཕན་སྙིང་པོའི་ཞབས་ལ་གསོལ་བ་འདེབས།།


མགོན་པོ་ཁྱེད་ཀྱི་འཛམ་གླིང་ཕྱོགས་ཁ་ཀུན།།

དབང་བསྒྱུར་མཁྱེན་པ་ནམ་མཁའི་མཐའ་ལྟར་ཡངས།།

རྒྱལ་བ་ཀུན་གྱི་ཐུགས་བསྐྱེད་ཆུ་གཏེར་ལས།།

རྨད་བྱུང་འཕྲིན་ལས་རྒྱས་ལ་གསོལ་བ་འདེབས།།


ས་ཆེན་གོང་མས་ཟུར་ཕུད་པོད་པན་བཅིངས།།

མཁྱེན་བརྩེའི་ལུང་རྟོགས་རྒྱ་མཚོའི་དགའ་སྟོན་ཅན།།

བཤད་སྒྲུབ་གཉིས་འཛིན་རྗེ་བཙུན་ས་དཀར་བའི།།

བསྟན་པའི་ཉི་མ་གྱུར་ལ་གསོལ་བ་འདེབས།།


དམ་ཅན་རྒྱ་མཚོས་ཀུན་ནས་སྲུང་བ་མཛད།།

ཤེས་རབ་ལྷ་མཆོག་དགྱེས་པའི་དབྱངས་ཀྱིས་བསྟོད།།

དབང་བརྒྱའི་ལྷ་ཡི་ཁམས་གསུམ་དབང་བསྒྱུར་བའི།།

གསུང་རབ་རྒྱ་མཚོའི་གཏེར་ཁྱོད་གསོལ་བ་འདེབས།།


འགའ་ཞིག་སྦྱོང་འདོད་ཁོ་ནས་ཤུལ་དུ་ལུས།།

ལ་ལས་རྟོག་གེའི་དུག་ཆུས་ཐུབ་བསྟན་དཀྲུགས།།

འགའ་ཙམ་བླུན་བསྒོམ་ཁོ་ནས་རང་བློ་རྨོངས།།

ཐོས་སྒོམ་ལྷན་དུ་བཟུང་བ་ཁྱོད་ཕྱག་འཚལ།།


ཀུན་མཁྱེན་བླ་མའི་མཛད་པའི་འཕྲིནལས་ལ།།

དགའ་ཞིང་སྤྲོ་བའི་དད་པ་རྣམ་གསུམ་གྱི།།

སྙིང་ནས་སྙིང་དབུས་གསོལ་བ་བཏབ་པ་ཡི།།

བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བར་ཤོག།

ལམ་འབྲས་ཚོགས་བཤད་གྲོལ་བའི་བཏང་རག་གི་རྣམ་པ་ཞིག་མཇལ་བས་དགའ་དད་ཆེན་པོས་ངེས་མེད་རྒྱུ་བ་འཆི་མེད་ཚེ་རིང་པས་གསོལ་བ་བཏབ་པས་དེ་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章