ཁ་སང་དེ་རིང་ས་དགེ་གཉིས་ཀྱི་དགག་རྩོམ་ལ་ལྟ་ཚུལ་བརྗོད་པ།

文摘   2024-11-23 11:49   西藏  

རྡོར་བཀྲ།


ང་ཚོས་སྒྱུ་རྩལ་གྱི་ཆེད་དུ་སྒྱུ་རྩལ་བྱེད་དོ་ཞེས་པར་དགག་པ་གནང་བ་ཇི་བཞིན། དགག་རྩོམ་གྱི་ཆེད་དུ་དགག་རྩོམ་འབྲི་བ་ལ་ཡང་དགག་པ་ཡོད་དང་ཡོད། ཡིན་ནའང་ཀུན་སློང་གཙང་མ་དང་རིགས་ཞེན་དཀར་པོའི་སྒོ་ནས་བྲིས་པའི་དགག་རྩོམ་ནི་རྣོ་དབལ་ཇི་ལྟར་ཚ་ཞིང་སྨྱུག་ཁ་ཇི་འདྲ་བཙན་ནའང་། དེ་ནི་ཤེས་ཡོན་ཅན་གྱི་བླང་བྱ་ཉིད་དུ་སྒོམ་མོ། །

སྔོན་ཆད་ཀྱི་མཁས་པའི་སྡེ་ན་དགག་ཡིག་ནི་ཧ་ཅང་མང་ཞིང་། མཁས་པ་སོ་སོའི་རྣམ་དཔྱོད་ཀྱི་རྩལ་དེ་དགག་ཡིག་གི་སྟེང་ནས་མངོན་པར་བྱས། དེང་གི་ཆར་ཡོན་ཏན་པའི་བློ་གྲོས་ཀྱི་རྩལ་དེ་ཧམ་བཤད་དང་འུར་ཅོའི་སྟེང་ནས་མངོན་པར་བྱེད་དོ། །

སྤྱིར་ན་གནའ་སྔ་མོའི་ས་དགེ་དང་དུས་དེང་སང་གི་ས་དགེ་མི་འདྲ་སྟེ། གནའ་སྔ་མོ་ས་དགེ་གོ་རིགས་ཟུང་དུ་འབྲེལ་ལ། དུས་དེང་སང་དགེ་ལུགས་པའི་གྲྭ་ས་ཆེ་ཁག་སེ་འབྲས་དགའ་གསུམ་སོགས་སུ་གོ་རྟོགས་ཤིན་ཏུ་ཞན་པ་དང་། ས་སྐྱ་པའི་གྲྭ་ས་ཆེ་ཁག་རྫོང་སར་སོགས་སུ་རྣམ་འགྲེལ་ལས་བྱུང་བའི་རིགས་ལམ་གྱི་ཞིབ་ཆ་ཤེས་མཁན་ཧ་ལམ་མེད་པའོ། །

དགག་རྩོམ་འབྲི་མཁན་དག་གི་ལས་སྐལ་ནི་ཤིན་ཏུ་སྡུག་སྟེ། ཕྱི་ནང་ཉིས་ཆར་ནས་གནོན་ཤུགས་སྤྲོད་པ་དང་འབུར་འཇོམས་བྱེད་པ། ཁ་ཟེར་བ་དང་དམོད་བོར་བ། ཐ་ན་མི་གྲལ་ནས་འཕུད་པ་སོགས་ཀྱང་མགོ་ཐོག་ལ་ཡོང་གི་ཡོད། དེ་ལྟ་ནའང་རང་སྐལ་རྡོ་ཡིན་ཡང་མུར་བ་དང་རང་ལམ་ཚེར་ཕུང་ཡིན་ཡང་འགྲོ་བའི་སེམས་བྱུང་འདི་གང་གིས་བྱུང་བ་ཡིན་ནམ།

འུ་ཅག་གི་ཡོན་ཏན་པའི་སྡེ་རུ་ཆོས་རྩོམ་དང་ཉོག་རྩོམ་འབྲི་མཁན་མང་མེད་ན་ཉུང་མེད། དེ་ལས་ལྡོག་སྟེ་དགག་རྩོམ་འབྲི་མཁན་ནི་ཧ་ཅང་ཉུང་། ད་ལྟ་མཛུབ་མོ་ནང་འགུག་གིས་བརྩི་རྒྱུ་ཉུང་ཉུང་ཞིག་ལས་མེད་པའི་དགག་རྩོམ་ལ་འཇུག་མཁན་དེ་ཚོའང་འགྲོ་ས་འདུག་ས་མེད་པར་བྱས་ན། ང་ཚོའི་བསམ་བློའི་རིག་གནས་ཀྱི་སྔོ་ལྗང་གི་རྩྭ་ཐང་དེའང་ནམ་ཞིག་མྱ་ངམ་ཐང་ཆེན་པོ་ཞིག་ཏུ་མི་འགྱུར་གྲང་།

འོན་ཀྱང་འོན་ཀྱང་ཁ་སང་དེ་རིང་ངག་གི་དབང་ཕྱུག་དང་འགུ་ཟི་པད་བློ་སོགས་ཀྱི་དགག་རྩོམ་དེ་དག་ནི་རང་འདོད་དང་ཅི་མོས་ལས་ཆ་ཚད་ཅིའང་མི་འདུག་སྟེ། གལ་སྲིད་དགག་རྩོམ་བྲི་བསམ་ན་དེ་སྔོན་གྱི་དགག་རྩོམ་དེ་དག་ལས་འཐུས་སྒོ་ཚང་ཙམ་ཞིག་ཕྲིས་ཤིག།

བོད་དུ་སྔོན་ནས་དགག་རྩོམ་བྲིས་ན་ཁ་ལས་མི་དགེ་ཞིང་དགའ་རྟགས་ཀྱང་མི་རག་གོ། དགག་རྩོམ་ནི་འཕྲིན་སྟེགས་ཆུང་ཆུང་རྣམས་སུའང་མི་སྤེལ་ལ། སྤྱི་སྟེགས་ཆེན་པོས་ཀྱང་ཁ་ཡ་མི་བྱེད། ད་དུང་འདི་ལྟར་འདི་ལྟར་སོང་ན་ནམ་ཞིག་དུས་ལ་བབས་པའི་ཚེ་དགག་རྩོམ་བཙལ་ཀྱང་རྙེད་མི་སྲིད་དོ། །

ང་རང་ཚོས་བསམ་གྱིན་བསམ་གྱིན་གནས་བབ་དང་དུས་བབ་སོགས་ཀྱི་དབང་གིས་བློ་འབྱེད་ནི་ཤིན་ཏུ་གལ་ཆེ་བར་མཐོང་བ་དང་། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ཐད་ནས་བློ་འབྱེད་བྱེད་པ་ལ་དགག་རྩོམ་ནི་མེད་དུ་མི་རུང་བར་གོ་ནས་ཡོང་ངོ་། །

དྲང་མོར་ཞུས་ན་ངག་གི་དབང་ཕྱུག་ནི་གཞུང་ཆེན་པོ་རྣམས་ལ་གོ་རྟོགས་ཤིན་ཏུ་ཞན་ལ། ལྷག་པར་དཔལ་ལྡན་ས་སྐྱ་པའི་གཞུང་ལུགས་རྣམས་ལ་ཆ་རྒྱུས་ཅིའང་མི་འདུག མ་ཟད་རང་གི་སྐྱོན་ཆ་ངོས་ལེན་གནང་མཁན་ཞིག་ཀྱང་མ་རེད། འགུ་ཟི་པད་བློ་ལ་གཞུང་ཆེན་པོའི་གོ་རྟོགས་ལྡན་ཡང་རིགས་ལམ་མི་འདུག་སྟེ། དེང་སང་ས་སྐྱ་པའི་བཤད་གྲྭ་རྣམས་སུ་རིགས་ལམ་ཞིབ་ཆ་ཤེས་མཁན་ཤིན་ཏུ་དཀོན་པའོ། །


རྩོམ་ཐུང་འདིའང་དྲྭ་འབུ་ངག་གི་དབང་ཕྱུག་དང་འགུ་ཟི་པད་བློ་སོགས་ཀྱིས་གོ་རྒྱུ་ཅིའང་མེད་པར་འུར་ཅོལ་རྫོགས་མེད་དུ་བསྒྲོགས་པས་ཅུང་ཟད་སུན་ནས་བྲིས། རྡོར་བཀྲ་ནས།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章