བླ་མ་རྒྱང་འབོད་དྲན་པའི་ཡིད་ཀྱི་གདུང་སེལ་ཞེས་བྱ་བ་བཞུགས་སོ།།
བླ་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།།
བླ་མ་མཁྱེན་ནོ།།
དུས་གསུམ་སངས་རྒྱས་ཀྱི་ངོ་བོ།།
ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས།།
འཕགས་ཚོགས་དགེ་འདུན་གྱི་མངའ་བདག།
སྐྱབས་གསུམ་ཀུན་འདུས་ཁྱེད་མཁྱེན་ནོོ།།
ངེས་དོན་སྐུ་བཞིའི་སར་གཤེགས་ཀྱང་།།
གཞན་དོན་གང་འདུལ་གྱི་སྤྲུལ་སྐུས།།
འགྲོ་དོན་འབད་མེད་ཀྱི་འབྱུང་གནས།།
རྩ་བའི་བླ་མ་ཁྱེད་མཁྱེན་ནོ།།
བརྩེ་ཆེན་ཤར་གདུང་ལས་འཁྲུངས་པའི།།
འཇ༵མ་དབྱ༵ངས་ངུར་སྨྲིག་གི་སྒྱུ་འཕྲུལ།།
འདུས་པ་རྒྱ་མཚོ་ཡི་གཙུག་རྒྱན།།
བསྟ༵ན་པ༵འི་ཉི༵་མ༵་དེ་མཁྱེན་ནོ།།
ཐོས་བསམ་བསྒོམ་པ་ཡི་མཐར་ཕྱིན།།
འཆད་རྩོད་རྩོམ་གསུམ་ལ་དབང་བསྒྱུར།།
མཁས་བཙུན་བཟང་གསུམ་གྱི་མངའ་བདག།
ཆོས་ཀྱི་རྒྱལ་པོ་དེ་མཁྱེན་ནོ།།
རྒྱུད་གསུམ་ཀུན་འདུས་ཀྱི་བླ་མ།།
ཡི་དམ་ལྷ་ཚོགས་ཀྱི་བདག་ཉིད།།
མཁའ་འགྲོ་ཆོས་སྐྱོང་གི་གཙོ་བོ།།
གཅིག་མཆོག་རྒྱལ་པོ་དེ་མཁྱེན་ནོ།།
མཐའ་མེད་འགྲོ་སྒྲོལ་གྱི་ཐུགས་བསྐྱེད།།
གྲངས་མེད་བསྐལ་བ་རུ་བསྒོམས་ནས།།
དྲི་མེད་རྒྱལ་སྲས་ཀྱི་སྤྱོད་པས།།
ཐར་བའི་ལམ་སྟོན་དེ་མཁྱེན་ནོ།།
འཇམ་དཔལ་དཔའ་བོ་ཡི་མཁྱེན་པ།།
གངས་ཅན་མགོན་པོ་ཡི་བརྩེ་བ་།།
གསང་བདག་རྡོ་རྗེ་ཡི་ནུས་མཐུ།།
རིགས་གསུམ་གཅིག་བསྡུས་དེ་མཁྱེན་ནོ།།
ཡོན་ཏན་སངས་རྒྱས་དང་མཉམ་ཡང་།།
བཀའ་དྲིན་སངས་རྒྱས་ལས་ལྷག་པའི།།
སྡོམ་གསུམ་གཅིག་ཆར་དུ་སྩོལ་མཛད།།
དྲིན་ཅན་བླ་མ་དེ་མཁྱེན་ནོ།།
མཐུན་མོང་སྣང་གསུམ་གྱི་ལམ་སྦྱངས།།
མཐུན་མིན་རྒྱུད་གསུམ་གྱི་ལམ་བགྲོད།།
གདན་གསུམ་ཚང་བ་ཡི་དཀྱིལ་འཁོར།།
རྡོ་རྗེ་འཆང་ཆེན་དེ་མཁྱེན་ནོ།།
སྐྱེས་ནས་ཚེ་རབས་ཀྱི་ལས་འབྲེལ།།
སངས་རྒྱས་མི་གཟུགས་སུ་བྱོན་ནས།།
རང་སེམས་སངས་རྒྱས་སུ་གདམས་པའི།།
མ་རིག་མུན་སེལ་དེ་མཁྱེན་ནོ།།
རིག་སྟོང་སྤྲོས་བྲལ་གྱི་ཆོས་སྐུ།།
ལྷན་སྐྱེས་འོད་གསལ་གྱི་ལོངས་སྐུ།།
འགག་མེད་རང་གསལ་གྱི་སྤྲུལ་སྐུ།།
སྐུ་གསུམ་དབྱེར་མེད་དེ་མཁྱེན་ནོ།།
མཆོག་མཐུན་དངོས་གྲུབ་ཀྱི་རྩ་བ།།
འདི་ཕྱི་བར་དོ་ཀུན་རེ་ས།།
སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ།།
རྩ་བའི་བླ་མ་ཁྱེད་མཁྱེན་ནོ།།
ཀྱེ་མ། བདག་དང་བདག་འདྲའི་སེམས་ཅན་ལས་ངན་རྣམས།།
བདེ་བར་ཕུན་སུམ་ཚོགས་པ་འདོད་ན་ཡང་།།
ལས་ཉོན་རྒྱུ་ལས་སྡུག་བསྔལ་སྣ་ཚོགས་མྱོང་།།
ཁམས་གསུམ་འཁོར་བར་འཁྱམས་པའི་སྙིང་རེ་རྗེ།།
ཚེ་རབས་ཐོག་མེད་དུས་ནས་ད་ལྟའི་བར།།
མི་དགེ་བཅུ་སོགས་སྡིག་ལྟུང་ཅི་བསགས་པ་།།
སྔར་བྱས་བཤགས་ཤིང་ཕྱིན་ཆད་ལས་དེ་འདྲ།།
སྲོག་ལ་བབ་ཀྱང་མི་བྱེད་དམ་བཅའོ།།
དལ་འབྱོར་རྟེན་ཐོག་མཚན་ལྡན་བླ་མ་མཇལ།།
ཐེག་ཆེན་ཆོས་འཕྲད་དགེ་སྡིག་བླང་དོར་ཤེས།།
ཕ་མར་གྱུར་པའི་མཁའ་མཉམ་སེམས་ཅན་རྣམས།།
སངས་རྒྱས་ཐོབ་ཕྱིར་བྱང་ཆུབ་སེམས་བསྐྱེད་དོ།།
སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ།།
ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བར་འདེབས།།
བར་ཆད་ཀུན་ཞི་ཐར་བའི་ལམ་སྣ་དྲོངས་།།
བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས།།
སངས་རྒྱས་བསྟན་ལ་ཐོག་མ་འཇུག་པའི་སྒོ།།
སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ།།
དང་འདོད་ཡིད་ཆེས་དད་པའི་སྒོ་གསུམ་གྱིས།།
ལམ་སྟོན་གྲོགས་སུ་འཆར་བར་བྱིན་གྱིས་རློབས།།
ལམ་སྟོན་དགེ་བའི་བཤིས་ཀྱིས་རྗེས་བཟུང་ནས།།
མི་དགེ་སྡིག་པའི་གྲོགས་ངན་གཏན་སྤངས་ཏེ།།
ཅི་གསུང་བཀའ་སྒྲུབ་ཆོས་མཐུན་ལེགས་ཚོགས་ཤིང་།།
བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས།།
ཚ་གྲང་བཀྲེས་སྐོམ་གླེན་ལྐུགས་འཐབ་རྩོད་དང་།།
འཕོ་ལྟུང་སྐྱེ་རྒ་ན་འཆི་སྡུག་བསྔལ་སོགས།།
རིགས་དྲུག་སོ་སོའི་ལས་སྣང་དཔག་མེད་ལ།།
འཁོར་བར་ངེས་འབྱུང་སྐྱེ་བར་བྱིན་གྱིས་རློབས།།
སྐྱབས་གནས་བླ་མ་མཆོག་གསུམ་ཐུགས་རྗེ་དང་།།
སྔོན་བསགས་བསོད་ནམས་སྨོན་ལམ་དགེ་ཚོགས་ཀྱིས།།
རྙེད་དཀའི་དོན་ཆེ་དལ་འབྱོར་ཚང་བའི་ལུས།།
ནོར་བུ་ཆུད་ཟོས་མེད་པར་བྱིན་གྱིས་རློབས།།
ཕྱི་སྣོད་ནང་བཅུད་འཇིག་རྟེན་སྲིད་གསུམ་ཡང་།།
འདུས་བྱས་སྐད་ཅིག་མི་རྟག་མི་བརྟན་པས།།
ཆུ་བུར་ལྟ་བུར་ལུས་སྲོག་ལོངས་སྤྱོད་ལ།།
མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས།།
སྔོན་བསགས་དགེ་སྡིག་ལས་ཀྱི་རྣམ་སྨིན་ལས།།
ཚེ་འདིར་བདེ་སྡུག་རྒྱུ་མཐུན་བདག་འབྲས་ལ།།
རྒྱུ་རྐྱེན་རྟེན་འབྲེལ་བསླུ་མེད་ཁྱད་ཆོས་ཀྱིས།།
དགེ་སྡིག་བླང་དོར་བྱེད་པར་བྱིན་གྱིས་རློབས།།
ཁམས་གསུམ་འཁོར་བ་གནས་རིགས་གར་སྐྱེས་ཀྱང་།།
སྡུག་བསྔལ་གསུམ་ལས་ནམ་ཡང་མ་འདས་པས།།
བདེ་བའི་གོ་སྐབས་མེད་པའི་ཐག་ཆོད་པའི།།
མྱུར་དུ་ཐར་འདོད་སྐྱེ་བར་བྱིན་གྱིས་རློབས།།
བརྩེ་བའི་སེམས་ཀྱིས་ལུས་སྲོག་ལོངས་སྤྱོད་བྱིན།།
གཅེས་པར་སྐྱོང་པའི་མ་རྒན་དྲིན་ཅན་རྣམས།།
འཁོར་བ་འཁྱམས་ཤིང་སྡུག་བསྔལ་སྣ་ཚོགས་མྱོང་།།
བྱམས་དང་སྙིང་རྗེ་སྐྱེ་བར་བྱིན་གྱིས་རློབས།།
སྐྱབས་མེད་སྐྱེས་བྲལ་ཉམ་ཐག་མཁའ་མཉམ་འགྲོ།།
ཐར་མེད་འཁོར་བའི་རྒྱ་མཚོ་ཆེན་པོར་ལས།།
སྒྲོལ་བའི་དེད་དཔོན་རྫོགས་པའི་སངས་རྒྱས་དེ།།
མྱུར་དུ་ཐོབ་འདོད་སྐྱེ་བར་བྱིན་གྱིས་རློབས།།
༈རྡོ་རྗེ་འཆང་དངོས་དྲིན་ཅན་བླ་མ་ལས།།
དབང་ལུང་མན་ངག་ཚུལ་བཞིན་ལེགས་གནོས་ནས།།
དབང་བཞིའི་དམ་ཚིག་སོ་སོར་བསྲུང་བ་ཡིས།།
སྡིག་སྒྲིབ་ཉེས་ལྟུང་དག་པར་བྱིན་གྱིས་རློབས།།
སྐྱབས་ཀུན་འདུས་ཞལ་གདན་གསུམ་ཚང་བའི་སྐུར།།
ཕྱི་ནང་གསང་བའི་མཆོད་ཚོགས་མཎྜལ་དབུལ།།
སྡིག་ལྟུང་མཐོལ་བཤགས་དབང་བཞིའི་ཆུ་རྒྱུན་གྱིས།།
སྐུ་བཞིའི་འབྲས་བུ་མངོན་གྱུར་བྱིན་གྱིས་རློབས།།
འཁོར་འདས་ཆོས་ཀུན་གདོད་དག་ལྟ་བའི་ངང་།།
གསལ་བ་སྙིང་རྗེ་སྟོང་པ་ཤེས་རབ་ཀྱིས།།
བསྐྱེད་རྫོགས་ཟུང་འཇུག་ལྟ་གྲུབ་དུག་རྣམས་དབྱུང་།།
བྱུང་རྒྱལ་གནད་ཀྱིས་སྐྱོང་བར་བྱིན་གྱིས་རློབས།།
རྒྱུད་གསུམ་དབྱེར་མེད་མཐར་ཐུག་ཟབ་མོའི་ལམ།།
སྐུ་གསུམ་དབྱེར་མེད་རང་རིག་བླ་མའི་ཞལ།།
སྣང་གྲགས་རྟོགས་ཚོགས་ལྷ་སྔགས་ཡེ་ཤེས་སུ།།
བདེ་སྟོང་ཆེན་པོ་རྟོགས་པར་བྱིན་གྱིས་རློབས།།
ཚེ་འདིར་མ་གྲོལ་འཆི་བའི་ལྟས་མཐོང་ཚེ།།
འཇིགས་སྐྲག་འཁྲུལ་སྣང་འོད་ལམ་ཅི་ཤར་ཡང་།།
ཆོས་རྣམས་སེམས་ཉིད་རང་རྩལ་ངོ་ཤེས་ནས།།
འོད་གསལ་མ་བུ་འདྲེས་པར་བྱིན་གྱིས་རློབས།།
རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་དབང་དེ།།
ཉིན་མོ་སྤྱི་གཙུག་མཚན་མོ་སྙིང་དབུས་བཞུགས།།
དོན་གཉིས་ལྷུན་འགྲུབ་ཚོམ་བུ་མངོན་སངས་རྒྱས།།
མཁའ་མཉམ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས།།
དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར།།
དཔལ་ལྡན་བླ་མ་དམ་པས་རྗེས་བཟུང་སྟེ།།
གནས་ངན་ལུས་ངན་གྲོགས་ངན་གཏན་སྤངས་ནས།།
ཆོས་མཐུན་བསམ་སྦྱོར་གེགས་མེད་མྱུར་འགྲུབ་མཛོད།།
ཕུན་ཚོགས་ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན།།
བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་རྒྱས།།
དགེ་འདུན་ཆོས་སྤྱོད་འཕེལ་བའི་དགེ་མཚན་གྱིས།།
འཇིག་རྟེན་ཁམས་ཀུན་བདེ་སྐྱིད་ལྡན་པར་མཛོད།།
འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀུན།།
ངན་སོང་གཙོར་བྱས་འགྲོ་བ་ཡོངས་ལ་བསྔོ།།
ལུས་སེམས་འཁྲུལ་སྣང་སྡུག་བསྔལ་རབ་ཞི་ནས།།
ཇི་ལྟར་སྨོན་པའི་གནས་ཀུན་འགྲུབ་གྱུར་ཅིག།
སྲས་བཅས་རྒྱལ་བའི་རྨད་བྱུང་ཐུགས་རྗེའི་མཐུས།།
ཕྱོགས་དུས་ཀུན་ཏུ་མི་མཐུན་རྒུད་ཚོགས་ཞི།།
སྲིད་ཞིའི་དགེ་ལེགས་ཡར་ངོའི་ཟླ་བ་ལྟར།།
འཕེལ་རྒྱས་དགེ་མཚན་དར་བའི་བཀྲ་ཤིས་ཤོག།
རྩ་བརྒྱུད་དཔལ་ལྡན་བླ་མའི་བྱིན་རླབས་དང་།།
ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོའི་ཚོགས།།
ཆོས་སྲུང་དམ་ཅན་རྒྱ་མཚོའི་མཐུ་རྩལ་གྱིས།།
བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།
སྒ་ཁྲི་འདུ་སྐལ་བཟང་དཔལ་འབྱོར་ཕུན་ཚོགས་བཤད་སྒྲུབ་དར་རྒྱས་གླིང་གི་མཆོག་སྤྲུལ་རིན་པོ་ཆེ་ལྷོ་དྲུང་སྐུ་ཕྲེང་༡༤པ་བྱམས་པ་སྨྲ་བའི་སེང་གེའམ་ལུང་རྟོགས་བསྟན་པའི་སྒྲོན་མེས་བྲིས་པར་ཉེས་འགལ་ཅི་མཆིས་མཁྱེན་ལྡན་རྣམས་ཀྱི་སྤྱན་སྔར་འཆགས་ཤིང་། དགེ་འབྲས་ཅི་མཆིས་པ་བདག་གཞན་ཡིད་ཅན་རྣམས་ཚེ་རབས་ཀུན་ཏུ་དཔལ་ལྡན་བླ་མ་དམ་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག། སརྦ་མངྒལཾ། །