ངག་གི་དབང་ཕྱུག་ལ་རྒོལ་བ་དགེ་ཆོས་ཐོག་མདའ་མ། དཀར་མཛེས་ཐོར་བུ།

文摘   2024-11-21 06:00   西藏  

ངག་གི་དབང་ཕྱུག་ལ་རྒོལ་བ་དགེ་ཆོས་ཐོག་མདའ་མ་ཞེས་བྱ་བ།


ཐོར་བུ། (དཀར་མཛེས།)


སྔ་དུམ།


ཚིག་གི་མཁར་རྫོང་བཙན་པའི་དགེ་ཆོས་ལ།།

འགྱིག་གི་མདའ་གཞུ་ཐོགས་པའི་ལྷ་རམས་པས།།

ཐེངས་གཅིག་བརྒལ་ཏེ་རྒྱལ་ཁ་ལེན་རྒྱུ་ཟེར།།

ཨ་ཙི་སྨྱོ་ནད་དྲག་པོས་ཐེབས་མིན་ནམ།།


དོན་གྱི་གནས་ལུགས་རྟོགས་པའི་དགེ་ཆོས་ལ།།

ཚིག་གི་རོ་ཡིས་ཚིམས་པའི་ལྷ་རམས་པས།།

རིགས་ལམ་གནམ་ལྕགས་ཐོག་མདའ་འཕེན་རྒྱུ་ཟེར།།

ཆང་བཟི་རྒད་པོའི་ཆང་གཏམ་བཤད་མིན་ནམ།།


རྒྱལ་ཁམས་རིགས་པས་བསྐོར་བའི་དགེ་ཆོས་ལ།།

རྐང་པས་ས་མཐའ་སྐོར་བའི་ལྷ་རམས་པས།།

འགལ་འདུའི་ཕུང་པོ་རི་ལྟར་རྩིག་རྒྱུ་ཟེར།།

རྨི་ལམ་འཁྲུགས་པས་རྨི་གཏམ་བཤད་མིན་ནམ།།


སྙན་ངག་ཁ་ལོ་བསྒྱུར་བའི་དགེ་ཚེས་ལ།།

རྡོ་ཆགས་ལྷུ་སྒྲིག་འབྲི་བའི་ལྷ་རམས་པས།།

ཚིགས་བཅད་ལམ་ནས་རྒོལ་གཏམ་སྨྲ་རྒྱུ་ཟེར།།

རྡོ་ཟད་ས་ལ་ཐུག་པའི་དཔེ་མིན་ནམ།།


ཐ་སྙད་ཚད་གྲུབ་གཏོར་བའི་དགེ་ཆོས་ལ།།

ཀུན་རྫོབ་སྒྱུ་མས་བསླུས་པའི་ལྷ་རམས་པས།།

བུམ་འཛིན་མིག་ཤེས་ཚད་མར་སྒྲུབ་རྒྱུ་ཟེར།།

སྐྱག་པ་གསེར་ལ་སྒྱུར་བར་འབད་ཡིན་ནམ།།


སྙན་གྲགས་གླིང་ལ་ཁྱབ་པའི་དགེ་ཆོས་ལ།།

གྲགས་སྐམ་འཇའ་རྗེས་སྙེག་པའི་ལྷ་རམས་པས།།

འཁོར་གསུམ་འདོམ་པ་བཅྭོ་བརྒྱད་སྐོར་རྒྱུ་ཟེར།།

རྨ་ཆུ་གྱེན་ཏུ་འཕྱུར་བའི་ལྟས་མིན་ནམ།།


བར་དུམ།


ཐ་སྙད་ཚད་གྲུབ་ཐོག་མར་འགོག་མཁན་དེ།།

སྟོན་པ་རྫོགས་པའི་སངས་རྒྱས་ཉིད་ཡིན་པས།།

དགེ་ཆོས་གཅིག་པའི་སྟེང་ལ་རྫིག་ལུགས་འདི།།

བཀའ་ལ་ཆ་རྒྱུས་མེད་པའི་འབྲས་རྟགས་རེད།།


ཐ་སྙད་ཚད་གྲུབ་ཐོག་གིས་གཏོར་མཁན་དེ།།

འཕགས་པ་ཀླུ་སྒྲུབ་ཟླ་གྲགས་གཉིས་ཡིན་པས།།

དགེ་ཆོས་གཅིག་པུར་སྡང་མིག་བགྲད་ལུགས་འདི།།

ཕ་བསྟོད་བུ་སྨད་འདོད་པའི་གླེན་རྟགས་རེད།།


ཀླུ་སྒྲུབ་དགོངས་རྒྱན་ཀླུ་སྒྲུབ་དགོངས་འགལ་དུ།།

སྔོན་ཡོད་རྗེས་བརྗོད་མིན་པའི་རིགས་ལམ་གྱི།།

སྒྲུབ་བྱེད་སྟོབས་ལྡན་ཡོད་ན་བསྒྲུབས་ཤིག་དང་།།

ཕྱིས་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ།།


དེ་མིན་སྔོན་ནས་བཤད་པའི་ཚིག་རིས་དག།

ཡང་ཡང་བཤད་པར་ཁྱོད་ཅག་མི་ངལ་ཡང་།།

འདི་དག་ཡང་ཡང་མཐོང་བའི་ཀློག་མཁན་ལ།།

སུན་པ་སྟེར་བས་གཟོབ་མཛོད་དགེ་བཤེས་ཚང་།།


ཁྱོད་ཀྱིས་བྲིས་པའི་རྒོལ་གཏམ་ཚིགས་བཅད་དེ།།

གསར་པར་མི་འདོད་སྔོན་ཡོད་རྗེས་བརྗོད་ཙམ།།

སྙན་ངག་མི་འདོད་རྡོ་ཆགས་བཙན་སྒྲིག་ཙམ།།

ཀློག་པར་མི་བདེ་སྡེབ་སྦྱོར་བྲོ་བས་སྟོང་།།


དགེ་ཆོས་རིགས་ལམ་ཐོག་གི་མདའ་མོ་ཡིས།།

རྒོལ་ངན་རི་བོ་འབུམ་ཕྲག་བསྙིལ་ཟིན་པས།།

ད་དུང་ཐ་སྙད་ཚད་གྲུབ་བསྒྲུབ་འདོད་པ།།

མ་གཉིད་རྨི་ལམ་དངོས་སུ་རྨི་བ་རེད།།


མཇུག་དུམ།


ཆོས་ཀྱི་གཤིས་ལ་ཉེ་བའི་དགེ་ཆོས་ཀྱི།།

ལུགས་ལ་རྒོལ་འདོད་རྡོ་སྦས་དགེ་བཤེས་ཀྱིས།།

སྙིང་གི་རྩེ་མེ་དྲག་ཏུ་འདར་བཞིན་དུ།།

ཚིག་ངན་ས་རྡོ་སྤུངས་བའི་ཚུལ་ལ་ལྟོས།།


ཡང་དག་རིགས་པའི་རྣོ་ངར་མི་ལྡན་པར།།

ཚིག་ངན་ཁ་ཤགས་བཀྱེ་བར་དགྱེས་ཚུལ་འདི།།

མཆོག་གྱུར་མཁས་པའི་སྡེ་ལ་ཅིར་མཛའ་སྟེ།།

ཐ་མལ་མིག་ལ་མཛའ་བའི་སྐབས་ཡང་མེད།།


དེས་ན་རིགས་ལམ་རབ་རྣོ་གནམ་ལྕགས་གྲི།།

སུ་ལ་ཡོད་ན་དེ་ལ་བཅར་བ་ལས།།

ཐ་མལ་ཆགས་དང་སྡང་བའི་ཉིན་སྲིབ་ན།།

མི་འདོད་དམྱལ་བའི་རྒྱུ་ལས་ཅི་ཞིག་མཆིས།།


ཡང་དུམ།


ཨ་མདོའི་དྷི་ཚ་སྐམ་པོར་རིང་ནས་དད།།

ངག་གི་དབང་ཕྱུག་ལ་ཡང་དགའ་ཕོ་ཡོད།།

དེ་བས་ཆགས་སྡང་མེད་པའི་བར་མཚམས་ནས།།

མཚར་མཚར་ཚིག་གི་རི་མོ་བྲིས་པ་ཙམ།།


བདེན་གཉིས་གཅིག་དང་ཐ་དད་གང་འདོད་པ།།

རི་བོང་རྭ་དང་མོ་གཤམ་བུ་མོ་གཉིས།།

གཅིག་དང་ཐ་དད་འདོད་པའི་བློ་བཞིན་རྨོངས།།

ཚད་མ་ཚད་མིན་བར་ནས་གྲོལ་གྱུར་ཅིག།


ཐ་སྙད་ཚད་མས་གྲུབ་དང་མ་གྲུབ་ལས།།

རིང་དུ་འདས་ཏེ་སྤྲོས་བྲལ་ཆེན་པོའི་ངང་།།

ཆོས་ཟད་བློ་ཡང་ཟད་པའི་གཤིས་ལུགས་ལས།།

ནམ་ཡང་གཡོ་བ་མེད་པར་གྱུར་ཅིག་གུ།

༢༠༢༤ ༡༡ ༢༠

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章