ཆོས་ལྡན་གློ་བོའི་དད་ལྡན་མི་མང་རྣམས་ལ་སྩལ་བའི་བཀའ་སློབ།

文摘   2024-11-25 06:30   西藏  
ཕྱི་ལོ་༢༠༢༤ ཟླ་༡༡ ཚེས་༢༣ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཆོས་ལྡན་གློ་བོ་མི་མང་ལ་སྩལ་བའི་བཀའ་སློབ།

བསྟན་པའི་གསལ་བྱེད་ངོར་རྩེ་མཁན་རིན་པོ་ཆེ་དང་། ཚར་པའི་ཁྲི་པ་རྣམ་གཉིས་དབུར་བཞུགས་པའི་དགེ་འདུན་པ་རྣམས་དང་། གློ་བོ་ཆོས་རྒྱལ་སྐུ་འཁོར་དང་། མི་མང་རྣམས་པར་ཞུ་རྒྱུར། ད་ལན་འདིར་བལ་ཡུལ་མཆོད་རྟེན་ཆེན་མོའི་ཉེ་འགྲམ་ཐར་ལམ་དགོན་དུ་ལམ་འབྲས་གསུང་ཆོས་དང་སྐབས་བསྟུན་ནས། གཙོ་བོ་གློ་བོ་ཆོས་སྡེ་ཁག་དང་། མི་མང་རྣམས་པ་གཙོས་པའི་ལྷ་སྡེ་མི་སྡེ་ཐུན་མོང་ནས་བརྟན་བཞུགས་ཟབ་རྒྱས་གནང་པ་ལ་ང་སྒེར་ངོས་ནས་ཚང་མར་སྙིང་ནས་ཐུགས་རྗེ་ཞུ་བ་དང་ཆབས་ཅིག་ཏུ། ཐམས་ཅད་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

  ད་ང་རང་ཚོ་ཚང་མ་གཅིག་པ་ཡིན། བོད་གངས་ཅན་གྱི་ལྗོངས་དང་། དེ་ནས་བོད་ཀྱི་བླ་མ་རྣམ་པའི་འཕྲིན་ལས་ཀྱིས་ཁྱབ་པའི་ཧི་མ་ལ་ཡའི་རི་རྒྱུད་ནུབ་ལ་དྭགས་ནས་ཤར་མོན་ཡུལ་བར་ཤིན་ཏུ་དུ་མང་པོ་ཡོད། དེའི་ནང་ནས་གློ་བོའི་ལྗོངས་དེ་རང་རེའི་ཆོས་བརྒྱུད་འཛིན་པའི་མི་ཁོངས་ཡིན། ང་སྔོན་མ་གློ་སྨད་ལ་ལྷོད་པོ་བྱས་ནས་བཅར་རྒྱུ་བྱུང་། གློ་སྟོད་ལ་ལྷོད་པོ་བྱུང་མེད་ནའང་།  རྒྱལ་པོ་སྐུ་འཁོར་མཉམ་དུ་གསོལ་ཚིགས་ཞུ་ཡ་བྱུང་།

གང་ལྟར་གློ་བོའི་ཡུལ་དེ་ཧ་ཅང་གི་བྱིན་རླབས་ཆེན་པོ་ཡིན། བླ་མ་སྐྱེས་བུ་དམ་པ་མང་པོ་ཕེབས་ཡོད། ལྷག་པར་དུ་རྒྱལ་བས་ལུང་བསྟན་བསྙེས་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་སློབ་རྒྱུད་དང་བཅས་པ་མང་པོ་ཕེབས་ཏེ་བྱིན་གྱིས་བརླབས། བཀའ་འགྱུར་གྱི་ལྗགས་ལུང་སྩལ་ཏེ་ད་ལྟ་ཡང་རང་རེའི་ཆོས་བརྒྱུད་འཛིན་པ་ཡག་ཐག་ཆོད་བཞུགས་ཡོད། དགོན་སྡེ་ཁག་མང་པོ་རེད། དེ་ཚོའི་ནང་ཆོ་ག་ཕྱག་ལེན་གྱི་རིགས་སྔོན་མ་ནས་ཡག་པོ་ཡོད། ཡིན་ནའང་གཞུང་ཆེན་སློབ་གཉེར་གྱི་སྐོར་དེ་བར་སྐབས་ཙམ་མེད་པར་སྣང་། སྔོན་མ་གློ་བོ་མཁན་ཆེན་གྱི་སྐུ་དུས་སུ་མཁས་པ་ཆེན་པོ་མང་པོ་བྱུང་ནའང་། བར་སྐབས་བོད་ལའང་བསྟན་པ་ཉམས་ཆག་ཆེན་པོ་བྱུང་། དེའི་ཤུགས་རྐྱེན་གྱིས་ཧི་མ་ལ་ཡི་རི་རྒྱུད་ལའང་གཞུང་ཆེན་སློབ་གཉེར་གྱི་སྐོར་དེ་ཉམས་ཆག་བྱུང་ནའང་། ད་ལྟ་རྒྱ་གར་ལ་བཤད་གྲྭ་ཁག་ཚུགས། དེ་ནས་བྱོན་པའི་མཁན་པོ་ཁག་རིམ་གྱིས་ཕེབས་ཏེ་ད་ལྟ་ (གློ་བོའི་ནང་བསྟན་མཐོ་སློབ།) བཤད་གྲྭ་ཚུགས་ཏེ་ཧ་ཅང་ཡག་པོ་བྱུང་འདུག

སངས་རྒྱས་ཀྱི་བསྟན་པ་དེ་འགྲོ་བ་ལྷ་དང་བཅས་པའི་ཕན་བདེ་མ་ལུས་པ་འབྱུང་བའི་གཞི་སྒོ་གཅིག་བུ་ཡིན་ཞེས་རང་རེས་གསུང་གི་ཡོད། དེ་ཞེན་ཁོག་གིས་གསུངས་པ་ཙམ་མིན་པར་དོན་དངོས་ལ་ཡང་དེ་ལྟར་ཡིན། གང་ཡིན་ཞེ་ན། སངས་རྒྱས་ཀྱི་བསྟན་པ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས། རང་གི་རྒྱུད་ལ་ཞི་བདེ་ཐོབ་པ་དང་། གཏན་གྱི་བདེ་བ་ཐོབ་པ་ཡིན། དེར་བརྟེན་འཛམ་གླིང་འདིར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། སྒོས་སུ་བོད་བརྒྱུད་ནང་བསྟན་ལ་དད་པ་དང་། དག་སྣང་། ཉམས་ཞིབ་བྱེད་མཁན་པ་ཉིན་རེ་བཞིན་འཕེལ་བཞིན་ཡོད། དེས་ན་ང་རང་ཚོ་གཞན་ལ་སྐྱབས་འཇུག་ཞུ་མ་དགོས་པར་ཕ་མེས་ནས་བཟུང་ནང་པ་སངས་རྒྱས་པའི་ཆོས་ཚུལ་ཡོད་པ་དེ་ཡག་པོ་བྱས་ནས་ཉར་ཚགས་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན།
  གཙོ་ཆེ་ཤོས་དེ་དགོན་སྡེ་ཁག་གི་བསྟན་པའི་རྩ་བ་དགེ་འདུན་པའི་སྡེ་ལ་རག་ལས་པ་ཡིན། དེར་བརྟེན་དགེ་འདུན་པ་ཚོས་ཀྱང་ཆོ་ག་ཕྱག་ལེན་ཙམ་མིན་པར། གཞུང་ཆེན་སློབ་གཉེར་གནང་དགོས། ད་ལྟ་བཤད་གྲྭ་ཚུགས་པ་(གློ་བོ་སྤྱིའི་ནང་བསྟན་མཐོ་སློབ།) དེ་ཧ་ཅང་ཡག་པོ་བྱུང་འདུག ངས་ག་དུས་ཡིན་ནའང་དགོན་པ་ཚང་མ་དར་རྒྱས་ཡོང་བའི་སྨོན་ལམ་རྒྱག་གི་ཡོད། དེའི་ནང་ནས་ཀྱང་བཤད་གྲྭ་ཚོས་གཞུང་ཆེན་མོ་ལ་ཐོས་བསམ་སློབ་གཉེར་གནང་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་ཡིན།

གང་ཡིན་ཞེ་ན། སངས་རྒྱས་ཀྱི་བསྟན་པ་དེ་ལུང་རྟོགས་གཉིས་ལ་རག་ལས་པ་ཡིན། ལུང་གི་བསྟན་པ་དེ་གཞུང་ཆེན་མོར་ཐོས་བསམ་སློབ་གཉེར་བྱས་ཏེ་རང་ྲརྒྱུད་ལ་སྦྱོར་བ་དེ་ཡིན། སློབ་སྦྱོང་བྱས་པའི་རྗེས་སུ་ལམ་བསླབ་པ་གསུམ་ལ་ཉམས་ལེན་བྱས་ཏེ་ས་ལམ་རིམ་གྱིས་བགྲོད་པ་ལ་རྟོགས་པའི་བསྟན་པ་གསུངས་པ་ཡིན། 
  དེ་ལྟ་བུའི་ལུང་རྟོགས་གཉིས་དེ་བསྟན་པ་ངོ་མ་དེ་ཡིན། སྤྱིར་གཙུག་ལག་ཁང་དང་། སྐུ་གསུང་ཐུགས་རྟེན་དང་། ཕྱག་ཆ་མཆོད་ཆས་བཞེངས་པ་དེ་ཕན་ཐོགས་ཆེན་པོ་ཡིན་ནའང་། བསྟན་པ་ངོ་མ་དེ་མ་ཡིན། བསྟན་པ་ངོ་མ་དེ་རང་ཅག་མི་གཅིག་ནས་གཉིས་སུ་བགྲང་པའི་སོ་སོ་རང་རྒྱུད་ཀྱི་ལུང་དང་རྟོག་པའི་བསྟན་པ་གཉིས་ཡིན། དེས་ན་རང་རེས་བསྟན་པ་ངོ་མ་དེ་སྲ་ཐག་ཐག་ཅིག་འཛིན་ཐུབ་པ་གལ་ཆེ།

  མི་མང་ཚོ་ཡིན་ནའང་སྔོན་མ་དང་མི་འདྲ་བ་ཡིན། སྔོན་མའི་སྤྱི་ཚོགས་ཡིན་ན་དད་པ་རྐྱང་པས་འགྲིག་པ་ལྟ་བུ་ཡིན། དེ་དུས་མང་ཚོགས་ཚོར་ཤེས་ཡོན་གྱི་གནས་ཚད་ཧ་ཅང་སྐྱོ་བོ་ཡིན་པས་མང་ཚོགས་ཚོར་ཆོས་སློབ་གཉེེར་གྱི་གོ་སྐབས་མེེད། དེང་སང་མི་ཚང་མ་ཤེས་ཡོན་ཡར་རྒྱས་ཕྱིན་པས། མང་ཚོགས་རྣམས་ཀྱང་ཆོས་ལ་བག་ཆགས་འཇོག་པ་དང་། ཆོས་ཀྱི་སློབ་གཉེར་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། དེས་ན་ཆོས་ཞེས་པ་དེ་བླ་མ་དགེ་འདུན་པ་ཁོ་ནས་བྱ་རྒྱུ་ཞིག་མིན། ཆོས་ཞེས་པ་དེ་མི་མང་ཕོ་མོ་རྒན་གཞོན་ཚང་མས་བྱེད་དགོས།

  བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། བདག་ཉིད་བདག་གི་མགོན་ཡིན། །གསུངས་པ་མ་གཏོགས། མི་གཞན་ལ་སྐྱབས་འཇུག་ཞུས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་དོན་སྒྲུབ་ལུགས་ཤིག་གསུངས་མེད། དེས་ན་ཆོས་ཀྱི་རྩ་བ་དེ་གང་ལ་ཐུག་ཅེ་ན། རང་རེའི་བོད་སྐད་དང་། བོད་ཡིག་ལ་ཐུག་པ་ཡིན།
  བོད་སྐད་དང་བོད་ཡིག་དེ་ཧ་ཅང་གི་གལ་ཆེན་པོ་ཡིན། རང་རེ་བོད་སྐད་དང་བོད་ཡིག་ཀློག་མཁན་ཤ་སྟག་ཡིན། དེས་ན་དེ་གཉིས་མ་ཤེས་ན་རྒྱ་ཆེ་སའི་ཆོས་དང་རིག་གཞུང་ཡོང་རྒྱུ་མེད་པ་ཡིན། དེ་གཉིས་ཡག་པོ་ཤེས་ན་རྒྱ་ཆེ་སའི་ཆོས་དང་རིག་གཞུང་ཡག་པོ་ཡོང་རྒྱུའི་རེ་བ་ཡོད་པ་ཡིན། དེས་ན་ཚང་མས་ཤེས་ཡོན་ལ་ཐུགས་སྣང་གནང་དགོས།
དེང་སང་ཕྱི་རྒྱལ་ལ་ཡང་མི་མང་པོ་འབྱོར་ཡོད། གཙོ་བོ་དེ་སྲོལ་རྒྱུན་གྱི་ཤེས་ཡོན་ཉམས་ཆག་འགྲོ་བའི་ཉེན་ཁ་ཡོད། དེས་ན་འདིར་ཡོད་མཁན་རྣམས་དང་། ཕྱི་རྒྱལ་ལ་ཡོད་མཁན་རྣམས་ཀྱིས་སྐད་དང་ཡི་གེ་ལ་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན།

སྤྱིར་དེང་དུས་ཀྱི་ཤེས་ཡོན་གལ་ཆེན་པོ་ཡིན། སྔོན་དང་མི་འདྲ་བར་དེང་སང་འཛམ་གླིང་ཆུང་དུ་སོང་སྟེ། གཅིག་གྱུར་ཆགས་ཀྱི་ཡོད། དེས་ན་དེང་དུས་ཀྱི་ཤེས་ཡོན་ཡང་གལ་ཆེན་པོ་ཡིན་ནའང་། གོང་དུ་ཞུས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་ངོ་མ་དེ་ནས་ཡོང་གི་ཡོད་པས། དེ་བོད་སྐད་དང་བོད་ཡིག་གཉིས་ཤེས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་ཡིན།
  དེ་ནས་ཆོས་རྒྱལ་ཆེན་པོའི་དབུ་ཁྲིད་པའི་ཐོག་མང་ཚོགས་རྣམས་ཀྱིས་མཐུན་པོ་གནང་རྒྱུ་དེ་གལ་ཆེན་པོ་ཡིན། ས་སྐྱ་ལེགས་བཤད་ལས། མང་པོ་གཅིག་ཏུ་བློ་མཐུན་ན། །ཉམས་ཆུང་གིས་ཀྱང་དོན་ཆེན་འགྲུབ། །གསུངས་པ་ཡིན། ཆོས་ཕྱོགས་ནས་བཤད་ནའང་། དམ་ཚིག་གཙང་མ་དེ་ཧ་ཅག་གལ་ཆེན་པོ་ཡིན། དམ་ཚིག་གཙང་མ་མེད་ན། ས་ལམ་བགྲོད་པ་དང་། ཉམས་དང་རྟོགས་པ་སྐྱེ་རྒྱུ་མེད། སྤྱིར་འཇིག་རྟེན་པའི་ངོས་ནས་བཤད་ནའང་། ནང་མ་བཀྲ་ཤིས་ན། ཕྱི་དོན་མི་འགྲུབ། ཅེས་གསུངས་པ་ཡིན། ནང་བཀྲ་ཤིས་ན་ཕྱི་ནང་གི་དོན་མཐའ་དག་རང་བཞིན་ལྷུན་གྱིས་འགྲུབ་པ་ཡིན།
  དེ་ལྟར་བྱུང་ན་ཚེ་འདི་ལ་ཡང་སྐྱིད་པ་དང་། སྐྱེ་བ་ཕྱི་མ་ལའང་བདེ་བ་དང་། བདེ་བ་དང་བདེ་བའི་ལམ་བགྲོད་ནས་འགྲོ་ཐུབ་པ་དང་། མི་ལུས་ཐོབ་པ་དོན་སྒོ་ཆོད་པ་ཡིན། ཧོབ་སྟེ་བལྟས་ན་མི་མང་པོ་ཡོད་པའི་སྣང་བ་འབྱུང་ནའང་། འགྲོ་བ་གཞན་ལ་ལྟོས་ན་མི་ཉུང་ཉུང་ཡིན། དེས་ན་མི་ལུས་ཐོབ་པ་ཧ་ཅང་དཀོན་པོ་ཡིན། ང་ཚོས་སྐྱེ་བོ་སྔོན་མར་སྨོན་ལམ་ཁྱད་པར་ཅན་བཏབ། ཚོགས་མང་པོ་བསགས་ཏེ་ད་ལན་མི་ལུས་ཐོབ་པ་ཡིན། བསྐྱར་དུ་ཐོབ་མིན་མི་ཤེས་པ་ཡིན།

དེས་ན་དགེ་འདུན་པ་རྣམས་དང་། མི་སྐྱ་ཡིན་ནའང་། ད་ལན་མི་ལུས་ཐོབ་པ་དེ་དོན་སྒོ་ཆོད་པ་ཞིག་བྱ་དགོས་པ་དེ་ཧ་ཅང་གལ་ཆེ། དེས་ན་རྣམས་པ་ཚོས་དེ་དོན་ཐུགས་ལ་བཅངས་རོགས་གནང་ཞུ་རྒྱུ་ཡིན། ངས་ངོས་ནས་ཀྱང་ཁྱེད་རྣམས་པ་མི་ཚེ་འདིར་སྐྱིད་པ་དང་། ཚེ་རིང་ནད་མེད་ཡོང་བ་དང་། བསམ་པའི་དོན་འགྲུབ་པ་དང་། སྐྱེ་བ་ཕྱི་མར་ཡང་ནང་པ་སངས་རྒྱས་པའི་ཆོས་ཚུལ་གྱི་སྒོར་ཞུགས་ཏེ་བདེ་བ་ནས་བདེ་བར་བགྲོད་ཐུབ་པའི་སྨོན་ལམ་དང་འཕྲིན་བཅོལ་བྱེད་བཞིན་ཡོད། ད་ལན་འདིར་ཚང་མ་མཉམ་དུ་འཛོམས་སྐབས་བཀའ་སྒོ་དགོས་གསུང་གི་འདུག དེས་ན་འདིར་ངས་ཕུར་བའི་སྒོ་ནས་བཀའ་སྒོ་འདོན་གྱི་ཡིན། ཁྱེད་རྣམས་ཀྱིས་སྨོན་ལམ་ཡག་པོ་ཐོབས་ཤིག
  ཕུར་པ་དེ་ཧ་ཅང་གི་རྩ་ཆེན་པོ་ཡིན། གུ་རུ་རིན་པོ་ཆེ་བལ་ཡུལ་ཕེབས་ཏེ་སྒྲུབ་པ་མཛད་དུས་བར་ཆད་ཐམས་ཅད་རྡོ་རྗེ་ཕུར་བའི་སྒོ་ནས་བསྒྲལ་བའི་ལོ་རྒྱུས་ཡོད། དེས་ན་གནས་ཀྱི་སྒོ་ནས་ཀྱང་འབྲེལ་བ་ཆེན་ཆགས་ཡོད། ཁྱེད་རྣམས་ཀྱིས་སྨོན་ལམ་ཐོབས། འདི་ཕྱི་གཉིས་སྐྱིད་བྱེད་པ་ལ་སེམས་རྒྱུད་བཟང་པོ་དགོས་པ་ཡིན། སེམས་རྒྱུད་བཟང་པོ་དེ་ཡོད་ན་བདེ་སྐྱིད་ཀྱི་རྩ་བ་ཚུགས་པ་ཡིན། དེས་ན་དེ་དོན་ཚང་མས་ཐུགས་ལ་བཞག་སྟེ་སྨོན་ལམ་ཡག་པོ་བསྐྱོན་རོགས་གནང་། ཞེས་བཀའ་སྩལ་ཏོ། །
ཅེས་པའང་ས་སྐྱ་རྩོམ་སྒྲིག་ཁང་དུ་ཨ་འདུས་པས་ཡིག་འབེབས་ཞུས་པ་དགེའོ། །

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章