རྫོང་སར་མཁན་རིན་པོ་ཆེ་ཐུབ་བསྟན་རབ་གསལ་མཆོག་ལ་དད་གསུམ་མཆོད་པ་རྒྱལ་ཁམས་གསལ་བའི་རྟ་བདུན་དབང་པོ།
སྤྱི་གཙུག་བདེ་བ་ཆེན་པོའི་གཞལ་ཡས་སུ།།
ཐུབ་བསྟན་རིང་ལུགས་འཛིན་པའི་དམ་པ་གང་།
ཡོན་ཏན་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་ཅིང་།།
འཕྲིན་ལས་རབ་ཏུ་གསལ་བའི་དམ་པར་འདུད།།
ཐོས་བརྩོན་རིག་པའི་གཞུང་ལུགས་མཐའ་དག་ལ།།
དཔྱད་བརྡལ་རྒྱལ་བའི་དགོངས་དོན་ཐུགས་སུ་གཏམས།།
འཆད་ལ་ཟབ་མོའི་དོན་གྱི་སྙིང་པོ་བཀྲོལ།།
རྣམ་དཔྱོད་ཁྱད་ལས་འཕགས་པའི་དམ་པར་འདུད།།
བླ་མའི་ཞལ་གསུངས་བདུད་རྩིའི་དྲོད་མོ་དེ།།
ཡིད་གཉིས་ངན་རྟོག་བྲལ་བའི་དད་འདུན་གྱིས།།
མཉེས་གསུམ་དམ་པའི་སྒོ་ནས་ལེགས་བླངས་པའི།།
བླ་མའི་ལམ་དུ་མཐོང་བའི་དམ་པར་འདུད།།
སྨིན་གྲོལ་ལམ་བཟང་གོང་མའི་ཕྱག་བཞེད་ལྟར།།
སྐལ་ལྡན་རྣམ་མང་འགྲོ་ལ་བརྩེ་བས་སྦྱིན།།
གང་འདུལ་སྐྱེས་བུ་དུ་མ་ལེགས་སྐྱོང་ཞིང་།།
བསྟན་པའི་ཁུར་ཆེར་བཞེས་པའི་དམ་པར་འདུད།།
ཡབ་མོས་རྒྱུད་པའི་དབང་གིས་རྫོགས་ཆེན་ཞུགས།།
ལས་བསགས་བསྟེན་པའི་ལྷ་སྐལ་ལམ་འབྲས་པ།།
གང་ལ་རིས་སུ་མེད་པའི་སྐྱེས་བུ་ཆེ།།
མཁན་ཆེན་ཐུབ་བསྟན་རབ་གསལ་ཞབས་ལ་འདུད།།
༢༠༢༣ལོའི་སྤྱི་ཟླ་༥པའི་ཚེས་བཟང་ཉིན་ཁྲི་འདུ་བསྟན་ཆོས་ནས།
མཁས་པའི་ཁྱུ་མཆོག་མཁན་རིན་པོ་ཆེ་གཞན་ཕན་སྙིང་པོར་གུས་འདུད་ཡིད་ཀྱི་དྭངས་མ།
སྡོམ་གསུམ་འོ་མའི་རྒྱ་མཚོ་ལྷིང་ངེ་ཡི་དབུས་སུ།།
བསླབ་གསུམ་ཚུལ་ཁྲིམས་དམ་པའི་པད་འདབ་དེ་གྲོལ་བས།།
སྡེ་སྣོད་གཙུག་ལག་རིག་གཞུང་ཀླུ་རྒྱལ་གྱི་བང་མཛོད།།
ཡིད་བཞིན་ནོར་ལས་ལྷག་པའི་དམ་པ་ལ་འདུད་དོ།།
ཐོས་བསམ་བརྩོན་པའི་ཆུ་རྒྱུན་བར་མེད་དུ་བཞུར་ཞིང་།།
དྭངས་བསིལ་གཞུང་ལུགས་དམ་པ་ངོམ་མེད་དུ་རོལ་ནས།།
མཁྱེན་རྒྱ་ཆུ་གཏེར་ཆེན་མོ་ཕ་མཐའ་རུ་བརྒལ་བའི།།
ཆོས་ཆར་འགྲོ་ལ་སྩོལ་བའི་དམ་པ་ལ་འདུད་དོ།།
གུ་གུམ་འཛུམ་པའི་མདངས་ལ་ཡིད་ཁ་རུ་སྤྲུལ་པའི།།
འཇམ་དབྱངས་མི་ཡི་རྣམ་རོལ་དཔལ་ལྡན་གྱི་ས་སྐྱ།།
ལྟ་གྲུབ་ཇི་བཞིན་འཛིན་པའི་སྨྲ་བ་ཡི་དབང་ཕྱུགས།།
མཁས་དགུ་གཙུག་ཏུ་བཀུར་བའི་དམ་པ་ལ་འདུད་དོ།།
འཕྲིན་ལས་བསིལ་ཟེར་དཀར་པོ་རི་རྒྱལ་གྱི་རྩེ་ནས།།
གཟི་འོད་མ་ལུས་འགྲོ་ལ་ཕྱོགས་མེད་དུ་འཕྲོས་པས།།
འགྲོ་མང་བློ་ཡི་མུན་པ་སེལ་བ་ཡི་བདག་པོ།།
བློ་གྲོས་དཔལ་དུ་འབར་བའི་དམ་པ་ལ་འདུད་དོ།།
ཡིད་ཁམས་གཞལ་ཡས་ཆེན་པོའི་དཀྱིལ་འཁོར་གྱི་དབུས་སུ།།
མཁའ་སྤྱོད་ཌཱ་ཀི་དབང་མོ་མངོན་ཞལ་དུ་འཛུམ་པས།།
སྣང་སེམས་འདྲེས་མའི་ཉམས་དབྱངས་སྲི་ཞི་ལ་བསྒྲོགས་ཤིང་།།
འཕྲིན་ལས་ཕྱོགས་མཐའ་བྲལ་བའི་སྐྱེས་བུ་ལ་འདུད་དོ།།
༢༠༢༤སྤྱི་ཟླ་༥ ༢༥ཉིན་བྲིས།
༸མཁན་ཆེན་དམ་པ་འཇམ་དབྱངས་བློ་གྲོས་སམ་ཚེ་བརྟན་མཆོག་ལ་དད་གསུམ་མཆོད་པའི་ཐལ་མོ།
སྡོམ་གསུམ་ཁྲིམས་ཀྱིས་རྒྱན་པའི་ཙན་དན་གྱི་འཁྲི་ཤིང་།།
ཆོས་སྤྱོད་ལྷུན་གྱིས་འབྱོར་བའི་ལྕུག་འཕྲན་གྱི་འདབ་མ།།
ཚུལ་གནས་དོན་འགྲོས་སྤྱོད་པའི་དྲི་ངད་དེ་འཐུལ་བའི།།
དམ་པའི་རྣམ་ཐར་འཛིན་པའི་སྐྱེས་བུ་ལ་བསྔགས་འོས།།
ཐོས་བསམ་རིག་པའི་ར་གྲི་སློབ་གླིང་ནས་འཆང་ཞིང་།།
དཀའ་གནད་གཞུང་བརྒྱ་པད་མོ་འདབ་ཁ་རུ་བྱེ་བས།།
དཔྱོད་ཤེས་རྒྱལ་ཁམས་འགྲིམ་པའི་སྤོབས་དཔའ་དེ་འབར་བའི།།
འཇམ་དཔལ་བྱིན་རླབས་འཕོས་པའི་སྐྱེས་བུ་ལ་བསྟོད་དོ།།
རིག་པའི་གཟེངས་ལ་བསྟོད་པའི་སྐར་ཚོགས་ཀྱི་དབུས་ནས།།
དོན་དམ་མཁས་པའི་ཁྱུ་མཆོག་བསིལ་ཟེར་གྱི་གཟི་འོད།།
སྐལ་ལྡན་སློབ་བུ་འཁོར་ཚོགས་རྨོངས་མུན་དུ་བསལ་བའི།།
གཤེས་གཉེན་བློ་གྲོས་དཔའ་འབར་སྙིང་དབུས་ནས་བསྟོད་དོ།།
ཆོས་བརྒྱད་བདུད་ཀྱི་བསླུ་བྲིད་གཡབ་མོ་ལ་རྒོལ་བའི།།
རང་ཚུགས་མི་གཤིག་དམ་བཅའ་མདུད་པ་དེ་དམ་པས།།
དྲང་བདེན་རིག་པའི་ལམ་བུ་ཚངས་ཐིགས་ལ་སྤྱོད་པའི།།
དུལ་སྤྱོད་མཛད་པ་བཟང་པོར་སྙིང་དབུས་ནས་བསྟོད་དོ།།
ཤར་ནུབ་མཚན་རྩལ་དྲག་རླབས་གང་ས་རུ་བསྐྱོད་ཀྱང།།
རིག་པས་རྒྱལ་ཁམས་བསྐོར་བའི་ཡང་སྙིང་དེ་བསྲུབས་པས།།
ནང་པའི་བྱམས་སྙིང་སེམས་ཀྱི་བབ་སོ་དང་བསྟུན་པའི།།
ལམ་སྟོན་དད་དམ་དྲངས་བའི་དམ་པ་ལ་བསྟོད་དོ།།
རྙིང་དོར་གསར་པའི་རྗེས་སྙེགས་སྔོན་ཐོན་ལ་འཛིན་པའི།།
ཟིན་མེད་རྗེས་འདེད་ལྟ་བ་ར་སྤྲོད་དུ་རྒོལ་ནས།།
མ་བཅོས་གདོད་མའི་འཚོ་བ་ཡོན་ཏན་དུ་ལྟ་བའི།།
ཞི་བདེ་བབས་ཆགས་སྤྱོད་པའི་སྐྱེས་མཆོག་ལ་བསྟོད་དོ།།
༢༠༢༤.༣.༢༡ཉིན།