ཇི་ལྟར་ཇི་ལྟར་རྣམ་པ་བསམས་བྱས་ན།།
དེ་ལྟར་དེ་ལྟར་ཀུན་མཁྱེན་བླ་མ་ལ།།
བདག་ནི་དད་པའི་ཡིད་སེམས་དབང་མེད་གཡོ།།
མཐའ་ཡས་ཤེས་བྱའི་ཐང་ཆེན་ཡངས་པོ་ནས།།
ལུང་རིགས་ལོ་རྒྱུས་བང་རྩལ་འགྲན་པ་ན།།
དགེ་ལྡན་རྒན་པོའི་རྣམ་དཔྱོད་རྩལ་རྣམས་ཟུམ།།
མགུ་ཐོག་བསྟན་པའི་གཤོག་རྩལ་ཇེ་རྒྱས་རེད།།
གཞོན་པ་ངེད་ཚོའི་ལུང་རིགས་མདའ་མོ་ཡིས།།
རྒན་པོའི་མཁྲེགས་འཛིན་བྲག་རི་གཏོར་བ་ནི།།
རྒན་པོ་ཁྱོད་ལ་རྒས་དགྲ་མ་ཡིན་ཏེ།།
དྲྭ་འབུ་རྒན་པོ་སྒོམ་ལ་ཞུགས་ན་བསམ།།
གཞན་གྱིས་ཅི་རྫས་གྲངས་ཀ་འདིར་མི་མཁོ།།
བདག་གི་ད་ཐེངས་གསར་གཏོད་བཤད་པ་ནི།།
ངག་གི་དབང་ཕྱུག་ལྗིད་ཚད་འཇལ་བ་དང་།།
རྒྱ་གྲོང་འཁྱམ་ཉུལ་འགོག་པའི་རྐྱེན་དུ་བྲིས།།
མགུ་ཐོག་བསྟན་པའི་ཞེ་འདོད་ག་ན་སྟེ།།
སྔ་མོ་ཉིས་སྟོང་བརྒྱད་དགུ་ཡར་མར་ནས།།
སྟག་ལོའི་འགལ་བའི་ཁུར་ཆེན་བཅོ་བརྒྱད་པོ།།
བློར་འཛིན་བྱས་པར་ཁྲིད་ཀ་དགོས་ན་ཆོག།
རྒན་པོ་ཁྱོད་ཀྱིས་ཐད་གཏོང་བྱས་པའི་སྐབས།།
ཀརྨ་མི་བསྐྱོད་རྡོ་རྗེའི་ཡར་སྔོན་ནས།།
དར་བར་མ་ཤེས་དེ་ལྟར་སྨྲས་ན་ཡང་།།
ད་རེས་ཤེས་པ་མགུ་ཐོག་བསྟན་པའི་དྲིན།།
ད་ཐེངས་མགུ་ཐོག་བསྟན་པའི་དྲི་བ་ལ།།
ས་སྐྱའི་མཁས་པ་སྟག་ཚང་ལོ་ཙཱ་བས།།
རྒྱལ་དབང་གཉིས་པའི་སྔོན་ནས་གསུངས་ཡོད་ཅེས།།
སྨྲ་རྒྱུ་ཡོད་ཙམ་བྱུང་བ་ཁ་པར་དྲིན།།
སྟག་ལོའི་འདས་ལོ་ཀུན་ཤེས་བརྩམས་ལོ་རྣམས།།
དཔང་རྟགས་གསལ་པོ་ཁུར་བར་མ་ནུས་ན།།
གྲུབ་མཐའ་རྒྱ་མཚོའི་སྔོན་གྱི་ཀུན་ཤེས་བཤད།།
དེང་རབས་ལོ་རྒྱུས་སྨྲ་བའི་གྲལ་ནས་བུད།།
མགུ་ཐོག་རྣམ་དཔྱོད་ཀུན་གསལ་ཡངས་པ་ལ།།
ཁྱིམ་བྱ་རྒན་པོས་གནམ་འཕང་གཅད་འདོད་ཆེ།།
འོན་ཀྱང་ལུང་རིགས་གཤོག་རྩལ་ཟད་ཉེ་བས།།
ད་ནི་མལ་སའི་གནས་ལ་ལྷུང་ཉེས་ཡོད།།
སྟག་ཚང་ལ་སོགས་མཁས་པ་བཞི་པོ་ཡི།།
འདོད་པ་ཤེས་ཙམ་བྱུང་བ་མགུ་ཐོག་དྲིན།།
དེ་དག་སྔོན་ལ་ཡོད་མེད་ཁྱོས་མི་ཤེས།།
གལ་ཏེ་ཤེས་ན་དགེ་བཤེས་མིང་ནས་འབོད།།
མ་ཤེས་འུ་ཐུབ་བྱུང་ན་མགུ་ཐོག་ལ།།
སྐྱབས་སོང་ཕྱག་གསུམ་འཚོལ་དང་དངོས་གྲུབ་སྟེར།།
ལྗིད་ཚད་འཇལ་ཡིན་ཟེར་དོན་འདི་ལ་ཐུག།
ད་རེས་ཁ་པར་སྐྱབས་སོང་ཕན་རེ་ཀན།།
སྔ་མོར་ག་ཚད་མཐོང་ཡོད་མི་ཤེས་ཏེ།།
ཁ་སང་མཐོང་བ་ཁོ་ཐག་ངོ་མ་ཆོད།།
ད་སྔོན་སྒྲུབ་བྱེད་ཚད་མ་མ་མཐོང་ན།།
ད་ནི་མི་རྙེད་ཤི་རྒས་ཐུག་ལེ་རེད།།
སྟག་ལོས་ནམ་བརྩམས་རྒྱལ་དབང་ནམ་འཁྲུངས་ནི།།
དུང་དཀར་རྒན་པོས་དམར་ཁྲིད་བྱས་ཟིན་པར།།
ཁྱོད་ཀྱིས་བསྐྱར་འབྲི་བྱེད་པ་དོན་ཆུང་སྟེ།།
ལོ་ཚིགས་གསར་བསྒྲིགས་བྱེད་མདོག་མ་མཛད་ཨ།།
སྟག་ལོས་དུས་རབས་བཅོ་ལྔའི་ང་ལྔ་ལ།།
དུང་འཁོར་སྤྱི་དོན་བརྩམས་པ་བདེན་ན་ཡང་།།
ཀུན་ཤེས་རྩ་འགྲེལ་ལ་སོགས་མདོ་སྔགས་ཀུན།།
དེ་ལོར་བརྩམས་པའི་སྒྲུབ་བྱེད་རྙེད་པར་དཀའ།།
ཀུན་ཤེས་བརྩམས་ལོར་ཨང་གྲངས་སྒྲིག་ཁུལ་བྱེད།།
དེ་ཡང་རགས་བཤད་ཙམ་ལས་འགྲིག་པར་དཀའ།།
སྟག་ལོའི་འདས་ལོ་ནམ་ཡིན་འབྲི་མ་ཤེས།།
དུང་དཀར་དཔེར་བཤུས་བྱས་པའི་རང་རྟགས་མངོན།།
སྟག་ལོའི་འདས་ལོ་ཀུན་ཤེས་བརྩམས་ལོ་རྣམས།།
དཔང་རྟགས་གསལ་པོ་ཁུར་བར་མ་ནུས་ན།།
གྲུབ་མཐའ་རྒྱ་མཚོའི་སྔོན་ཀྱི་ཀུན་ཤེས་བཤད།།
དེང་རབས་ལོ་རྒྱུས་སྨྲ་བའི་གྲལ་ནས་བུད།།
༢ ཡེ་ཤེས་སྙིང་པོ་ཀུན་བཏུས་རྩ་བའི་དོན།།
གདུལ་བྱའི་བློ་གྲོས་མཆོག་དང་དམན་པ་ཡིས།།
པཎ་གྲུབ་རྣམས་ཀྱིས་དཀྲི་ཚུལ་སྣ་ཚོགས་ཀྱིས།།
ཆོས་འཁོར་བསྐོར་བ་ཐབས་མཁས་ཁྱད་པར་ཡིན།།
དགོངས་དོན་མཐར་ཐུག་ཤེར་ཕྱིན་འབུམ་པ་དང་།།
རྩ་ཤེར་སྟོང་ཉིད་བདུན་བཅུའི་འགྲེལ་པ་སོགས།།
ཐེག་ཆེན་བློ་ལྡན་དགའ་བའི་གཞུང་བལྟས་ན།།
ཀུན་བཏུས་བཤད་སྦྱར་དྲང་དོན་ད་གཟོད་ཤེས།།
འཁྱམ་པོ་ཁྱོད་དང་མགུ་ཐོག་བསྟན་པ་གཉིས།།
དཔེ་ཆ་བལྟས་ཙམ་སྔ་ཕྱི་ལོས་ཡོད་ཀྱང་།།
ཁྱོད་ནི་རྒན་པོ་ལ་ཁའི་ཉི་མ་སྟེ།།
ང་ནི་མཚམས་སྤྲིན་གསར་པའི་ཉི་གཞོན་ཡིན།།
བློ་གྲོས་ཆུང་བའི་རིགས་ཅན་ཁྱེད་ཅག་ནི།།
བཤད་པ་མོད་པའི་དྲང་དོན་ཚད་མ་འཛིན།།
གོ་བ་ཟབ་པའི་ཀུན་མཁྱེན་བླ་མ་ཡིས།།
རྡོ་རྗེའི་ཚིག་གི་མདུད་པ་སློང་ལ་ཕུད།།
དཔེ་ཀློག་མང་ན་ཤེས་རབ་འཆལ་བ་ཡི།།
གདམས་ངག་ཟབ་མོ་ནོར་བུའི་ཕྲེང་བར་གསལ།།
དེ་ཡང་མི་ཤེས་དགེ་བཤེས་མིང་འཛིན་པར།།
མགུ་ཐོག་བསྟན་པས་དགེ་ལྡན་བསླབ་བྱ་ཁྲིད།།
དགེ་བཤེས་སྔ་མས་སློབ་སྦྱོང་བྱེད་ལུགས་ཙམ།།
རྨོངས་པར་གྱུར་ཡང་ད་དུང་དགེ་བཤེས་རློམ།།
ཅི་འདྲའི་བན་རྒན་ཧམ་པ་ཆེ་བ་ལ།།
ད་ནི་དགེ་ལྡན་པ་ཡི་གྲལ་ནས་བུད།།
༣ དགེ་གོ་གཅིག་ཚུལ་བན་རྒན་རྣ་རས་གསོན།།
ཆོས་རྣམས་རྟོག་པའི་འདོགས་གཞི་གཉིས་ཀས་སྨྲ།།
གདགས་རྒྱུ་བཏགས་ཆོས་ལ་ལྟོས་གཉིས་ཀས་ཀྱང་།།
བཏགས་ཆོས་མིན་པའི་བཞེད་པ་མཐུན་པས་སོ།།
ཕྱི་རབས་པ་ཚོས་སྔ་རབས་འགོག་ཡིན་ན།།
སྟོན་པ་སངས་རྒྱས་འགོག་དགོས་ཐུག་པ་དང་།།
སྟག་དཔང་གཡག་གིས་བྱས་དང་མཚུངས་པ་སོགས།།
སྐྱོན་བརྗོད་བྱས་ཏེ་མཐའ་བྲལ་སྒྲུབ་ལ་ལྟོས།།
གདགས་གཞི་བཏགས་ཆོས་འབྱེད་ལུགས་དེ་ཙམ་གྱིས།།
དགེ་ཆོས་ལྟ་བ་མེད་དགག་སྒྲུབ་ནུས་ན།།
དེ་དང་སྤྲོས་བྲལ་ཁྱད་མེད་གསུངས་པའི་ཕྱིར།།
མཐའ་བྲལ་ཉིད་དུ་སྒྲུབ་པར་ནུས་སམ་ཅི།།
༤ གཞི་རྒྱུའི་ཁྱད་པར་ཀུན་མཁྱེན་གོ་གཞུང་ཡོད།།
ས་ཕྲུག་ཙོང་ཁའི་གཞུང་ན་མི་གསལ་ལོ།།
རང་རྒྱུད་པ་ལྟར་གདགས་གཞི་ཁས་བླངས་ན།།
བདེན་གྲུབ་ཐལ་བའི་རིགས་པ་བཟློག་ཏུ་མེད།།
གདགས་རྒྱུ་ཚིག་གསལ་འཇུག་འགྲེལ་གཉིས་ཀ་གསུངས།།
གདགས་གཞི་ཁྱོད་ཀྱིས་བྲིས་ལྟར་གསལ་པོ་མེད།།
ཀུན་མཁྱེན་བླ་མའི་གཞུང་ལུགས་རིགས་པའི་གཏེར།།
བན་རྒན་ཁྱོད་ཀྱིས་བསྔོགས་པར་ནུས་སམ་ཅི།།
མདོ་རྒྱུད་བསྟན་བཅོས་གང་ནས་མ་གསུངས་ཀྱང་།།
ལས་འབྲས་རྟེན་དུ་ཞིག་དངོས་ཟེར་བ་ཞིག།
རྫིག་རྫིག་རྔོམ་རྔོམ་བྱེད་ནས་བཤད་པ་དེ།།
འདི་ལས་དམན་པའི་སྐད་ཆ་མ་ཡིན་ནམ།།
ག་ཤེད་གཅིག་ནས་རྒ་ཤི་ཟེར་བ་དང་།།
ཞིག་དངོས་ཟེར་བའི་ཚིག་གཅིག་རྙེད་པ་དེས།།
ལས་འབྲས་རྟེན་དུ་གཞི་ནས་སྒྲུབ་དགོས་པའི།།
དཀའ་ཁག་གཏད་མཁན་ཀུན་མཁྱེན་ཡབ་སྲས་ཡིན།།
གདགས་གཞི་བཏགས་ཆོས་མིང་འདོགས་ཆ་ནས་མིན།།
དེ་ལ་དམིགས་ཏེ་དེར་འཛིན་རྟོག་བློ་ཡིས།།
དེ་འོ་སྙམ་དུ་བཏགས་པར་བྱས་ན་ནི།།
དེ་ཉིད་དེ་ཡི་གདགས་གཞིར་ཤེས་པར་གྱིས།།
གལ་ཏེ་མིང་འདོགས་ཆ་ནས་བཤད་དགོས་ན།།
ཡིད་ཀྱི་རྣམ་ཤེས་བརྡ་ཆད་ཤེས་མཁན་ལ།།
དེ་ཉིད་གང་ཟག་བརྡ་ཆད་སྦྱར་དགོས་སམ།།
དགོས་ན་གདགས་གཞི་བཏགས་ཆོས་མི་ཐལ་ལམ།།
མཐར་ཐུག་ལྟ་བའི་ཁྱད་པར་ཕྱེས་པ་མེད།།
ཡོད་མེད་ལ་སོགས་མཐའ་བཞིའི་སྤྲོས་པ་བཀག།
མཉམ་བཞག་འཛིན་མེད་ནམ་མཁའ་དག་པ་ལྟར།།
དབུ་མ་སྙིང་པོར་གསུངས་པ་ཨེ་ཤེས་ལྟོས།།
༥ གང་ཟག་བདག་འཛིན་ལྷན་སྐྱེས་མ་རིག་པས།།
ཕུང་པོར་བརྟེན་ནས་ང་འམ་སྙམ་ཞེས་པ།།
ཀུན་མཁྱེན་བླ་མའི་འདོད་པ་ཡིན་པའི་ཚུལ།།
ངན་སེལ་འཇིག་ལྟའི་མཚན་ཉིད་འཇོག་ལ་ལྟོས།།
མདོ་དང་བསྟན་བཅོས་ཚད་ལྡན་རྣམས་ལས་ནི།།
གང་ཟག་བདག་འཛིན་ལྷན་སྐྱེས་མ་རིག་པས།།
ཕུང་པོ་ལ་བརྟེན་གསུངས་པ་ཙམ་ཉིད་ལས།།
གདགས་གཞི་བདག་ཏུ་འཛིན་པར་གསུངས་པ་མེད།།
རང་རྒྱུད་ཕུང་པོ་རང་གི་བདག་རྒྱུ་ལས།།
གདགས་གཞི་མིན་པར་ཀུན་མཁྱེན་གཞུང་ལས་གསུངས།།
དེ་གཉིས་ཁྱད་པར་འབྱེད་ལུགས་ཤེས་སོང་ན།།
ས་ཕྲུག་གོ་གཞུང་ཆ་རྒྱུས་ཡོད་པར་ཤེས།།
ཕུང་པོ་གང་ཟག་གདགས་གཞི་མ་ཡིན་ཏེ།།
གང་ཟག་གང་ཟག་གདགས་གཞི་ཡིན་ནོ་ཞེས།།
ཀུན་མཁྱེན་བླ་མས་ཞིབ་ཆའི་འབྱེད་ཕྱོགས་འདི།།
བསམ་བཞིན་ཟླ་གྲགས་བོད་ལ་ཕེབས་དང་མཚུངས།།
གཟུགས་མེད་ཁམས་ཀྱི་ཉན་ཐོས་དགྲ་བཅོམ་ལ།།
སྒྲ་བཤད་ཡོད་པའི་རྒྱུ་མཚན་མཐར་ཐུག་པ།།
ཚེ་རབས་སྔ་མ་ཡོད་པའི་རྒྱུ་མཚན་ཙམ།།
ཡིན་པར་རློམ་ནས་ཐལ་འགྱུར་འཕངས་འདི་འཁྲུལ།།
བླུན་པོ་རང་སྣང་མ་ཆེ་འདི་ལ་ཉན།།
ཀུན་མཁྱེན་གོ་བོའི་འདོད་པ་ངོ་མ་ནི།།
རྟེན་དེ་ཉན་ཐོས་དགྲ་བཅོམ་ཡིན་བཞིན་དུ།།
མཐོང་ལམ་སྐབས་སུ་ཐོས་སྒྲོག་བྱས་པས་སོ།།
༦ གོ་ཤཱཀ་མཁས་པའི་གྲགས་པ་ས་སྟེང་ཁྱབ།།
ལུང་རིགས་ལེགས་བཤད་ཉི་མ་ཤར་བ་ན།།
བན་རྒན་འུག་པའི་མིག་གཉིས་ལོང་བར་གྱུར།།
དམ་ཆོས་ཤེས་བྱའི་སྟོན་མོ་མ་མཐོང་སྐྱོ།།
༧ བཟང་པོ་སྤྲོས་བྲལ་ངན་པ་མེད་དགག་གཉིས།།
དོན་གཅིག་འདོད་པ་ཀླུ་དགོངས་གསལ་བས་ན།།
མཁས་པ་དགེ་ཆོས་སྔ་རབས་ལྟ་བ་ལ།།
ཞེ་རྩིས་ཆེ་བ་འདིས་ཀྱང་ཤེས་པ་འོ།།
༨ དོན་དམ་མཐར་ཐུག་སྒྲ་རྟོག་དངོས་ཡུལ་དང་།།
གཉིས་སྣང་བཅས་པའི་བློ་ཡི་སྤྱོད་ཡུལ་དང་།།
མེད་དགག་མངོན་སུམ་ཚད་མས་སྣང་བ་ནི།།
འཇམ་མགོན་ས་པཎ་གཞུང་དང་རྒྱབ་འགལ་སྨྲས།།
མངོན་རྒྱན་དང་པོའི་དངོས་བསྟན་སྦྱོར་ལམ་བཞི།།
ཐེག་ཆེན་སྒོམ་སྤོང་རྟོག་པ་བཞི་པོ་དང་།།
ཕན་ཚུན་ངོ་བོ་གཅིག་ཏུ་གནས་པས་ན།།
ལྟ་བ་ཇི་བཞིན་རྟོགས་པ་ཡི་མུག་གནས།།
མདོར་ན་འཇམ་མགོན་བླ་མའི་ལྟ་གྲུབ་དངོས།།
བསོད་ནམས་སེངྒེས་བསོད་ནམས་ཅན་ལ་སྤེལ།།
བསོད་ཟད་འགའ་རེ་སྙིང་རླུང་ལངས་པ་ནི།།
ལྷས་བྱིན་རྒྱལ་བུ་དོན་འགྲུབ་རྣམ་ཐར་དངོས།།
༩ ས་ཕྲུག་འཇམ་མགོན་བླ་མ་ཙོང་ཁ་པ།།
ས་སྐྱའི་རྗེ་བཙུན་རེད་མདས་རྗེས་བཟུང་ཡང་།།
འཇམ་དབྱངས་ཞལ་གཟིགས་ལྟ་བ་མེད་དགག་བསྟན།།
གསང་རྣམ་བྲིས་འདིར་དོགས་གཞི་ཆེན་པོ་ཡོད།།
ས་ཕྲུག་འཇམ་མགོན་བླ་མ་ཙོང་ཁ་པས།།
རེད་མདའི་དྲིས་ལན་རྩ་འཇུག་འགྲེལ་པ་ལས།།
ཕྱི་རྩོམ་ལྟ་བའི་ལེགས་བཤད་དཔེར་བཤུས་བྱས།།
ཀུན་བཏུས་འགྲེལ་ལས་ཀུན་གཞི་རྒྱ་ཆེར་བཤུས།།
གསང་འདུས་འགྲེལ་ལས་འགྲེལ་བ་བཞི་སྦྲགས་བཤུས།།
ལམ་གཙོ་རྣམ་གསུམ་དཔལ་མོར་གདམས་པ་བཤུས།།
ལེགས་བཤད་གསེར་ཕྲེང་ཚིག་དོན་རབས་གསལ་བཤུས།།
མདོ་སྔགས་གཉིས་ཀ་ས་སྐྱ་པ་ལས་བརྐུས།།
ད་དུང་རྐུས་པའི་གྲངས་ཀ་ཤེས་དགོས་ན།།
རེད་མདའ་ཡབ་སྲས་དབུ་མའི་བཞེད་མཚམས་ཞེས།།
བདག་གིས་བྲིས་པའི་དཔྱད་རྩོམ་གཟིགས་མཛོད་དང་།།
གསལ་པོར་ཤེས་ནས་རེད་མདའི་བཀའ་དྲིན་དྲན།།
རེད་མདའི་སློབ་མས་མེད་དགག་སྨྲ་བ་ནི།།
རེད་མདའི་གསུང་ཕྱོགས་རྗེས་ཟློས་བྱས་པར་འདུག།
སྨྲས་པ་ཙམ་ལ་གསར་གཏོད་སུ་ཡིས་ཟེར།།
རིག་རིག་ཁ་ནས་བརྫུན་ཚིག་མ་སྨྲ་ཨང་།།
༡༠ ད་ནི་དགེ་ཆོས་ཅི་ཡིན་རྩོད་དོན་མེད།།
རྨ་བྱ་ཚིག་དོན་གཉིས་ཀ་མཁས་པ་ཞེས།།
བཀའ་གདགས་གོང་མའི་གཞུང་ལུགས་གང་ན་ཡོད།།
ངག་རྒྱུན་ཙམ་ལ་ཚད་མ་མི་འཛིན་ནོ།།
ཅི་ལས་མེད་པའི་དགེ་བཤེས་འཁྱམ་པོ་ལ།།
གང་གི་དོན་མཚན་དེ་དག་གནད་མཐོང་བས།།
མགུ་ཐོག་བསྟན་པས་ཨ་ལན་སྤྲད་པ་ཡིན།།
འོག་མ་འདི་དག་དགོས་པ་མེད་པས་བཞག།
ཅེས་མདོ་ཁམས་ཝ་ར་ལྔ་རིག་སློབ་གྲྭ་ཆེན་མོའི་དགེ་སློང་སྡེ་སྣོད་འཛིན་པའི་རིགས་སྨྲ་བ་མགུ་ཐོག་བསྟན་པས། གྲྭ་ས་ནས་འཆད་ཉན་མི་མོས་པར་གདན་སའི་ལྷ་རམས་པའི་མིང་ཙམ་ཁུར་ནས་གྲོང་ཁྱེར་བརྒྱ་སྟོང་མང་པོར་འཁྱམ་ཉུལ་འབའ་ཞིག་གི་ལས་ལ་བརྩོན་ཞིང་། ད་དུང་གནས་བརྟན་ཉེར་བར་འཁོར་དང་གཅིག་པ་ཡིན་བསམ་ནས་ང་རྒྱལ་གྱིས་ཧམ་སྒྲོག་བྱེད་པ་ལ་འགྲན་ཟླ་དང་བྲལ་བའི་ངག་གི་དབང་ཕྱུག་ལ། འཛམ་གླིང་མཐར་མཇུག་གི་དག་ཞིང་དུ་གྲགས་པ་ཕ་ཡུལ་བོད་གངས་ཅན་གྱི་ལྗོངས་ནས་མདོ་ཁམས་ས་ཡི་ཆ་གསེར་ལྗོངས་བླ་མ་རུང་ནས༢༠༢༤/༡༡/༢༣བྲིས་ཏེ་སྤེལ་ལོ། །
འཁྱམ་པོའི་གསལ་བཤད་དཔང་ཡིག་བརྫུན་རྐུབ་ཕུད་པའི་བདེན་དོན་གསལ་བའི་རང་སྒྲའི་ལན་ལ་ཕལ་ཆེར་ཀུན་མཁྱེན་གོ་རམས་པ་ལ་ངན་སྨད་དང་ཚིག་རྩུག་ཙམ་ལས། གོ་རྒྱུ་ཡོད་པའི་བཤད་པ་ཟེར་ཅི་མི་འདུག་པས་དགོས་མེད་དུ་བསམ་ནས་རེ་ཞིག་བཞག་ནས། གོང་གི་དགག་རྩོམ་དངོས་ཀྱི་ལན་སྒུག་རྒྱུ་བྱའོ།།