མགུ་ཐོག་བསྟན་པས་འཁྱམ་པོ་ངག་གི་དབང་ཕྱུག་ལ་ལེགས་བཤད་བསྐྱར་ཁྲིད།

文摘   2024-11-23 06:30   西藏  

མགུ་ཐོག་བསྟན་པས་འཁྱམ་པོ་ངག་གི་དབང་ཕྱུག་ལ་ཀུན་མཁྱེན་ཡབ་སྲས་ཀྱི་ལེགས་བཤད་བསྐྱར་ཁྲིད་བྱས་པ།


༡ འགུ་ཟི་པད་ལོར་དགག་རྩོམ་མ་བྲིས་ཀྱང་།།
ལུང་རིགས་ཕྲ་མོས་གནོད་པ་ཡོད་གྱུར་ན།།
དམ་བཅའ་ངན་དགུ་རྩད་ནས་བཅད་པ་ནི།།
ཁམས་པ་གོ་བོའི་གཤིས་སུ་མ་ཤེས་སམ།།

ཁྱོད་ཀྱིས་བྲིས་པའི་དགག་རྩོམ་སྔ་མ་ལས།།
ཐ་སྙད་ཚད་གྲུབ་ཟེར་བའི་ཆོས་སྐད་འདི།།
མི་སྐྱོད་རྡོ་རྗེའི་ཞབས་ནས་དར་བར་བཤད།།
སྐབས་ནས་དར་བ་གསར་བཅོས་བྱས་པའོ།།

གང་འདོད་སྨྲ་བའི་དབང་ཕྱུག་ལྷ་རམས་པ།།
གྲུབ་མཐའ་རྒྱ་མཚོར་ཐོས་བསམ་གོ་སྐབས་སྟེར།།
རང་གཞུང་ཅི་རྫས་མི་ཤེས་ངོ་ཚ་ཉོས།།
ཐོས་ཆེན་རློམ་པའི་ང་རྒྱལ་ཅུང་ཙམ་ཆགས།།

ཐ་སྙད་ཚད་གྲུབ་ཟེར་བའི་ཆོས་སྐད་འདི།།
ཀརྨ་མི་བསྐྱོད་རྡོ་རྗེའི་ཡན་ཆད་ན།།
སུ་དང་གང་གིས་བཤད་པར་མ་ཤེས་ཀྱང་།།
ད་ཐེངས་དེ་ཙམ་ཤེས་པའི་བློ་སྐྱེད་རག།

རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡན་ཆད་ཀྱི།།
བཀའ་བསྟན་ཕལ་ཆེར་བཙལ་ཡང་མ་རྙེད་པ།།
དེས་ན་བདག་གིས་མེད་ཐག་བཅད་པ་ཡིན།།
ཡོད་སྣང་ཤར་ན་སྟོན་པའི་དུས་ལ་བབས།།

༢ ཡེ་ཤེས་སྙིང་པོ་ཀུན་བཏུས་རྩ་བ་ལ།།
རྒྱབ་བསྟན་བྱས་པའི་ཐལ་འགྱུར་འཕངས་པས་ན།།
འབྲུ་གནོན་མི་ཤེས་སེ་འབྲས་ཆོས་རྗེ་ཚོ།།
སྔར་ནས་ལུས་པ་ཁྱོད་ཀྱིས་ཤེས་པར་མཛོད།།

འཕགས་པ་ཡབ་སྲས་གཞུང་ལུགས་མ་ལུས་པ།།
ཐོས་བསམ་རིགས་པས་མཐའ་རྒྱ་བཅད་ཡོད་ན།།
མཐའ་བཞིའི་ངོས་འཛིན་ཡོད་མེད་ལ་སོགས་བཞི།།
བདེ་བླག་རྟོགས་པར་ལྟ་བ་ཤན་འབྱེད་གསུངས།།

ཕྱོགས་རེས་ཚིམས་པའི་ལྷ་རམས་མིང་ཅན་ལགས།།
བྱང་ཆུབ་བཟང་པོའི་འགྲེལ་པ་ཁོ་ན་ལ།།
ཕྱིར་མིག་མ་གྱེར་ཤེས་བྱའི་ཐང་ཆེན་ལྟོས།།
གོ་རིགས་ཐོས་རྒྱ་ཆེ་ཙམ་འོང་བ་ངེས།།

མཁས་དབང་དགེ་ཆོས་ཀླུ་སྒྲུབ་དགོངས་རྒྱན་ལས།།
གདགས་གཞི་བཏགས་ཆོས་ཕྱེས་ནས་འཇོག་ཚུལ་འདི།།
དགེ་ལྡན་པ་ལྟར་བཞེད་ཕྱོགས་འདི་ཉིད་ཀྱིས།།
ཀུན་མཁྱེན་མཁས་པའི་འདོད་པ་ཅི་ཡིས་འགོག།

དེ་བཞིན་ད་དུང་ཀླུ་སྒྲུབ་དགོངས་རྒྱན་ལས།།
འཕགས་པ་ཡབ་སྲས་ལྟ་བ་མཐར་ཐུག་ནི།།
དབུ་མ་སྔ་རབས་བཞེད་པ་ཇི་བཞིན་སྒྲུབ།།
ཕྱི་རབས་ལུང་རིགས་དུ་མས་འགོག་ལ་བརྩོན།།

༣༽ ཀུན་མཁྱེན་མཁས་པས་དེ་ལྟར་གསུངས་ནའང་།།
གདགས་གཞི་བཏགས་ཆོས་གཏན་མེད་མ་གསུངས་ཁར།།
བུམ་པ་བུམ་པའི་གདགས་གཞིར་གསུངས་པས་ན།།
གང་བཞིན་ཁྱབ་མཐའ་མ་འཛིན་འགྲིག་པ་ཡིན།།

མཁས་པའི་ཁྱུ་མཆོག་ཀུན་མཁྱེན་གོ་རམས་པས།།
གང་ཟག་རྟེན་གཞིའི་ཕུང་པོ་ལྔ་པོ་འདི།།
གདགས་རྒྱུ་གདགས་གཞིའི་ཁྱད་པར་ཕྱེས་ན་ཡང་།།
གདགས་གཞི་བཏགས་ཆོས་ཡོད་པ་ཤེས་པར་གྱིས།།

༤༽ གདགས་རྒྱུ་གང་ལ་བརྟེན་པའི་དངོས་པོ་དེ།།
གདགས་རྒྱུའི་གདགས་གཞི་མིན་པ་ཟླ་བའི་ལུགས།།
བཏགས་ཆོས་ཡིན་ཚད་གདགས་གཞིར་མི་འདོད་པ།།
སློབ་དཔོན་ཟླ་བའི་གཞུང་དུ་མི་གསལ་ལོ།།

ཐལ་རང་སྲོལ་འབྱེད་གྲུབ་ཐོབ་རྣམ་གཉིས་ལ།།
དོན་དམ་གནས་ལུགས་མཐའ་བྲལ་བཞེད་ན་ཡང་།།
མཐར་ཐུག་ལྟ་བར་ཁྱད་པར་སྨྲ་བ་ནི།།
དགེ་ལུགས་གྲུབ་ཐོབ་ཆོས་སྐལ་དེ་ཀོས་ཆད།།

༥༽གང་ཟག་བདག་འཛིན་ལྷན་སྐྱེས་མ་རིག་པས།།
ང་ཙམ་མིན་པའི་གདགས་གཞི་ཕུང་པོ་ལ།།
དམིགས་ཏེ་བདག་ཏུ་འཛིན་པ་མ་ཡིན་པས།།
གཞི་མེད་བདག་ལྟ་སོང་བ་གོ་བར་གྱིས།།

རང་རྒྱུད་པ་ལྟར་བཏགས་ཆོས་དེ་ལས་གཞན།
གདགས་གཞི་ཟུར་དུ་མེད་པའི་དོན་ཤེས་ན།།
ཀུན་མཁྱེན་འདོད་པའི་གཞི་མེད་གོ་བ་ཆགས།།
འདི་ཡང་མ་ཤེས་རྒན་པོ་འཁྲུལ་ཚབ་ཆེ།།

ཀུན་མཁྱེན་འདོད་པ་ཅི་ཡིན་མ་ཤེས་པར།།
ཀུན་མཁྱེན་དགག་པ་ད་རེས་ཙམ་མ་ཡིན།།
སྔ་མོ་ཉན་རང་སྒྲ་བཤད་ཐད་ནས་ཀྱང་།།
རྒན་པོས་འདི་བཞིན་སྨྱོ་གཏམ་ལབ་འདུག་གོ།།

༦༽གོ་ཤཱཀ་མཁས་པའི་གོ་ས་མ་ཟིན་ཅིང་།།
གོ་བོའི་ལེགས་བཤད་གོ་བ་མ་ལོན་ན།།
གོ་ས་ཆེན་པོ་སངས་རྒྱས་མི་ཐོབ་པས།།
གོ་རིགས་གཉིས་ཀའི་དོན་ལ་བརྩོན་པར་མཛོད།།

ལྷག་བསམ་ཁ་ལ་ཁྱེར་བའི་བན་རྒན་དང་།།
ལྷག་བསམ་ཁོག་དུ་སྨིན་པའི་ཀུན་མཁྱེན་གཉིས།།
སྣང་ཚུལ་ཚིག་གི་བརྗོད་པ་འདྲ་ནའང་།།
བསྟན་ལ་ཕན་མིན་ཁྱད་པར་ཆེ་བ་ཡིན།།

༧༽བདག་འཛིན་ཁེགས་ཚུལ་འདྲ་བ་ཙམ་ཉིད་ལས།།
ལྟ་བ་མཐར་ཐུག་སྔ་རབས་བདེན་པའི་ཚུལ།།
གང་ནས་ཞུས་ལྟར་ཀླུ་སྒྲུབ་དགོངས་རྒྱན་གསལ།།
མེད་དགག་སྤྲོས་བྲལ་གཅིག་ཚུལ་མ་སྨྲ་ཨང་།།

༨༽ རིགས་སྨྲ་མགུ་ཐོག་བསྟན་པ་བདག་གིས་ནི།།
ཡིག་ཆ་དེ་དག་ཁྲིད་ཀ་བྱས་ཟིན་པས།།
ཁྱོད་དང་མི་འདྲ་ཆ་ཡོད་རྒྱུས་ཡོད་ཡིན།།
ཆ་བེ་ཆོ་བེ་གཏན་ནས་བཤད་དགོས་མེད།།

སྡོམ་གསུམ་རབ་དབྱེ་ཚོགས་ཆོས་ཆེན་མོ་སོགས།།
ས་པཎ་རང་གཞུང་ཕལ་ཆེའི་ནང་ལ་ལྟོས།།
སྤྲོས་བྲལ་སྣང་སྟོང་ཟུང་འཇུག་གསུངས་པས་ན།།
སྒྲ་ཟིན་མིན་པའི་བདེན་དཔང་དེ་ཡིས་བྱས།།

མ་གཞིར་ས་པཎ་གཞུང་ལུགས་ཟབ་པས་ན།།
ལྟ་བ་སྣ་མང་གླེང་བའི་མཁས་པའི་ཁྲོད།།
ས་སྐྱའི་མཁས་པ་རེད་འདས་མེད་དགག་ཏུ།།
བཞེད་ཕྱོགས་བྱུང་བ་རྒན་པོས་ཨེ་ཤེས་སམ།།

ས་ཕྲུག་མཇམ་མགོན་བླ་མ་ཙོང་ཁ་པས།།
དེ་ཉིད་བདེན་སྣང་ཤར་ནས་ཕྱི་རྩོམ་ལས།།
མཐའ་གཅིག་མེད་དགག་བཞེད་ཕྱོགས་བྱུང་བས་ན།།
ཕྱོགས་ཞེན་རྒན་པོར་ཐུགས་ཁག་ལ་ནས་མེད།།

༩༽དེ་དག་བཤད་ཚུལ་ཕལ་ཆེ་རེད་མདའི་གཞུང་།།
བརྐུས་པ་ཙམ་ལས་ཙོང་ཁར་རྐུ་རྒྱུ་མེད།།
དེས་ན་རྐུན་མས་རྐུ་མ་མ་གླེང་ནས་།།
བན་རྒན་ཁ་རོགས་བསྡད་ན་མི་དགའ་འམ།།

དེ་དང་དེར་འཛིན་ལྷན་སྐྱེས་བློ་ངོ་ལ།།
དེ་ཉིད་སྣང་ཞིག་དེ་རུ་སྒྲོ་བཏགས་པས།།
གདགས་གཞི་བཏགས་ཆོས་གཅིག་པ་རིགས་པའི་ཚུལ།།
གནད་འདི་ཤེས་ན་རྒན་པོ་འཁྲུལ་དོན་མེད།།

༡༠༽དགེ་ཆོས་མཁས་པས་དགེ་ལྡན་སྲིད་གཞུང་ལ།།
ངོ་ལོག་བྱས་ནས་བཙོན་དུ་ཚུད་པ་ཡི།།
བདེན་དཔང་ཆེན་པོ་ཁྱོད་ཀྱིས་རྙེད་པ་འདིས།།
དགེ་བཤེས་རྣམས་ལ་དགེ་སྡིག་མེད་རྟགས་སྟོན།།

རྨ་བྱ་ཚིག་དོན་གཉིས་ཀ་མཁས་པ་རུ།།
ཐོག་མར་གསུང་མཁན་ས་སྐྱ་ཡིན་ལས་ཆེ།།
མཁས་ཀྱང་གཞུང་ལུགས་རྒྱ་ཆེར་འཆད་པ་ལ།།
འཁྲུལ་བ་ཡོད་པ་མདོ་དང་རྒྱན་ལས་གསུངས།།

ཅི་འདོད་སྨྲ་བའི་དབང་ཕྱུག་གྲྭ་རྒན་འདིས།།
ལུང་རིགས་ལོ་རྒྱུས་ཕོ་ཚོད་བྱེད་ནས་བཤད།།
ཀུན་མཁྱེན་ཁམས་པ་གོ་བོ་རང་གཤིས་ཅན།།
མགུ་ཐོག་བསྟན་པས་གཟུར་གནས་གཏམ་ལེན་སྤྲིངས།།

དགེ་འདུན་རྒྱ་མཚོ་ནམ་ཕེབས་མ་ཤེས་ན།།
ཐུབ་ཕུན་ཡར་ལེན་སློག་པ་ངོ་རེ་ཚ།།
ངག་གི་དབང་ཕྱུག་ཚར་བཅད་བྱས་པ་ནས།།
འགུ་ཟི་པད་བློའི་མཚན་སྙན་ཇེ་རྒྱས་རེད།།

དུང་དཀར་འཁྲུལ་སེལ་གཞོན་ནུ་འཁྲི་ཤིང་ལ།།
དགག་པ་ཙམ་ཞིག་འབྲི་བ་མ་ནུས་ན།།
མཁས་པ་ཚ་མདའ་ཚར་བཅད་བྱས་པའི་གཏམ།།
མི་སྔུན་གླེང་བ་རླབས་ཆེན་གཏམ་ཡིན་ནམ།།

ཀུན་མཁྱེན་བླ་མའི་ཐལ་འགྱུར་རེ་རེ་ཡིས།།
ངག་གི་དབང་ཕྱུག་ཀླད་པ་སྐོམ་ལ་ཉེ།།
ཀུན་མཁྱེན་བླ་མའི་ལྟ་གྲུབ་རེ་རེ་ཡིས།།
ངག་གི་དབང་ཕྱུག་སྙིང་རྩ་གས་ལ་ཐུག།

ཅེས་པ་འདི་ནི་གོ་ལོག་མང་བའི་དགག་རྩོམ་ཞིག་བྲིས་འདུག་པ་དེ་མཐོང་མ་ཐག་ཏུ། ཝ་ར་ལྔ་རིག་ནང་བསྟན་སློབ་གླིང་གི་རིགས་སྨྲ་བ་མགུ་ཐོག་བསྟན་པས༢༠༢༤/༡༡/༢༢/ཉིན་གྱི་ཕྱི་དྲོར། འཛམ་གླིང་མཐའ་འཇུག་གི་དག་ཞིང་དུ་གྲགས་པ་ཕ་ཡུལ་བོད་གངས་ཅན་གྱི་ལྗོངས་ནས་མདོ་ཁམས་ཀྱི་ས་ཡི་ཆ་གསེར་ལྗོངས་བླ་མ་རུང་གི་གཙུག་ལག་ཁང་ཆེན་མོ་ཁྲི་ཤོང་ཀུན་དགའ་ར་བ་ནས། དེ་རིང་སྟོན་པ་བཀའ་དྲིན་ཅན་གྱི་དུས་བཟང་ཁྱད་པར་ཅན་འདིར་ཆོས་སྤྱོད་ཀྱི་བྱ་བ་ལ་བརྩོན་བཞིན་པའི་ངང་ནས་སྙན་ཆ་བདེ་སྦྱོར་མ་ལྟོས་པ་འཕྲལ་དུ་བྲིས་ཏེ་ཧོང་ཀོང་གྲོང་ཁྱེར་གྱི་འཁྱམ་ཉུལ་བ་ངག་གི་དབང་ཕྱུག་ལ་སྤྲིངས་སོ།།

འཁྱམ་པོའི་གསལ་བཤད་དཔང་ཡིག་བརྫུན་རྐུབ་ཕུད་པའི་བདེན་དོན་གསལ་བའི་རང་སྒྲ།

གསལ་བཤད་དཔང་ཡིག་དང་པོའི་ལན།  པོད། ཅ། དབུ་མ་སྤྱི་དོན་ལས། “དཔལ་ལྡན་ས་སྐྱ་པཎྜི་ཏའི་བཞེད་པས་མཚན་ཉིད་རིམ་བཞིན་མ་དཔྱད་པའི་བློ་ངོར་གྲུབ་པ་དང་། དཔྱད་པའི་བློ་ངོར་མ་གྲུབ་པ་ཞེས་གསུངས་པ་ནི་འཕགས་པའི་མཉམ་གཞག་གི་གཟིགས་ངོའི་སྤྲོས་བྲལ་དེ་ཉིད་སྤྲོས་པ་ཐམས་ཅད་ལས་འདས་པས་རང་གི་ངོ་བོ་མཚན་ཉིད་གང་གིས་ཀྱང་མཚོན་པར་མི་ནུས་ཀྱང་སོ་སོ་སྐྱེ་བོའི་རྟོག་བཅས་ཀྱི་བློ་ངོར་དཔྱད་པའི་ཚེ་མཐའ་གང་དུའང་མ་གྲུབ་པ་དེས་སྤྲོས་བྲལ་མཚན་ཉིད་པ་དེ་མཚོན་པར་རློམ་ཞེས་པའི་དོན་ཏེ། ཇོ་བོ་རྗེས། བསྟན་པའི་ཚིག་གི་སྦྱོར་བ་ཡིས། །སྐྱེ་མེད་འགག་མེད་སོགས་པས་མཚོན། །ཞེས་གསུངས་པ་དང་མཐུན་ནོ། །འདིའི་དོན་དེ་ལྟར་ཡིན་གྱི་སྒྲ་ཇི་བཞིན་པ་ཡིན་ན་ཀུན་རྫོབ་བདེན་པ་ཐམས་ཅད་དང་། རི་བོང་གི་རྭ་ཡང་དོན་དམ་བདེན་པར་ཐལ་བ་དང་། དཔྱད་པའི་བློ་ངོར་མ་གྲུབ་པ་ཙམ་གྱི་མེད་དགག་ལ་དགོངས་ན་ནི། ཐལ་རང་གི་སྐྱེས་ཆེན་ཐམས་ཅད་དང་། བདག་ཉིད་ཆེན་པོ་འདིས་ཀྱང་ཀུན་རྫོབ་བདེན་པར་བཞེད་པས་ཀྱང་དེ་དོན་དམ་བདེན་པའི་མཚན་ཉིད་དུ་འཇོག་པར་མི་སྲིད་དོ། །དེས་ན་འདིའི་དགོངས་པ་ནི་མ་དཔྱད་པའི་བློ་ངོར་གྲུབ་པས་དེའི་ངོར་བདེན་པ་ཞེས་དང་། དཔྱད་པའི་བློ་ངོར་མ་གྲུབ་པའི་ཆ་ནས་མི་བསླུ་བའི་བདེན་པར་འཇོག་པ་ཞེས་པའོ། །”ཞེས་གསུངས་སོ། །ཡང་པོད། ཅ། དབུ་མ་སྤྱི་དོན་ལས།  “དཔལ་ལྡན་ཟླ་བ་དང་ཇོ་བོ་རྗེ་གཉིས་ནི། དོན་དམ་བདེན་པའི་ཡུལ་ཅན་མ་འཁྲུལ་པ་ནི་འཕགས་པའི་མཉམ་གཞག་ཁོ་ན་ལ་བྱས་ནས། དེའི་ངོར་མི་བསླུ་བ་དོན་དམ་བདེན་པ་ཡིན་ནོ་ཞེས་སོ་སོ་སྐྱེ་བོའི་རིགས་ཤེས་ཀྱིས་རྣམ་པར་དཔྱད་ནས་གཏན་ལ་འབེབས་པ་ཡིན་པས་ན་མཚན་ཉིད་འཇོག་པའི་ཚེ་ཡུལ་ཅན་མ་འཁྲུལ་བ་ནི་འཕགས་པའི་མཉམ་གཞག་ཁོ་ནར་རློམ་ཡང་། རིགས་ཤེས་ཚད་མ་ནི་དེའི་ཁོངས་སུ་གཏོགས་པའོ། །ས་སྐྱ་པཎྜི་ཏའི་དགོངས་པའང་འདི་དང་མཐུན་ཏེ། དཔྱད་པའི་བློ་ངོར་མ་གྲུབ་པ་ཞེས་པས་དཔྱད་པའི་བློ་དེ་རྟོགས་པ་དོན་དམ་གྱི་ཡུལ་ཅན་དུ་མི་བཞེད་པའི་ཕྱིར་ཏེ། གཞན་དུ་ན་དཔྱད་པའི་བློ་ངོར་གྲུབ་པ་ཞེས་པའམ། དེའི་ངོར་བདེན་པ་ཞེས་འཇོག་དགོས་པའི་ཕྱིར་རོ། །”
ཞེས་བདེན་གཉིས་ཀྱི་མཚན་ཉིད་འཇོག་པའི་ས་པཎ་གྱི་གཞུང་འདི་ཀུན་མཁྱེན་བླ་མས་འགྲེལ་བརྗོད་བྱེད་ཕྱོགས་ལ་དགག་པ་གཏོང་བ་ནི། ཤེས་བཞིན་དུ་ཧམ་བཤད་བྱས་པའམ་ཡང་ན་ས་པཎ་གྱི་གཞུང་གཞན་མ་མཐོང་ནས་སྨྲས་པ་གང་རུང་ལས་མི་འདའ་བས། ས་སྐྱ་པཎྜི་ཏས། ལྟ་བ་མེད་དགག་དགེ་ལྡན་པའི་བཞེད་པ་དང་མི་མཚུངས་པའི་རྡོ་རྗེའི་བཀའ་ལུང་འགའ་ཞིག་འགོད་པ་ཡིན་པས། དགེ་བཤེས་འཁྱམ་པོས་ཡིད་གུས་པ་དང་ལྡན་པས་གསོན་ཅིག


 ༡ བཀའ་གདམས་དོར་དཀོར་བའི་ཞུས་ལན་ལས། ཁྱོད་ཀྱི་དྲི་བ་བརྒྱད་པའི་ལན།། དོན་དམ་ཤེས་བྱ་མ་ཡིན་ཏེ།། གཞན་སེལ་ཤེས་བྱ་འགྲོ་བ་སྲིད།། ཀུན་རྫོབ་ལེགས་པར་རྟོགས་པ་ན།། དོན་དམ་ལོགས་སུ་ལུས་པ་མེད།། ས་གནས་བྱང་ཆུབ་སེམས་དཔའ་ལ།། མཉམ་རྗེས་ཁྱད་པར་ཤིན་ཏུ་ཆེ།། སྣང་བཅས་སྣང་བ་མེད་པ་ཡི།། བདག་གིས་རྟོགས་ཀྱིས་གཞན་དུ་མིན།། རྫོགས་པའི་སངས་རྒྱས་ཡེ་ཤེས་ནི།། ཡོད་མེད་མཐའ་ལས་འདས་པའོ།། ཞེས་དང་།


༢ ཤེར་མདོ་འདོན་ཐབས་ལས། གང་ཟག་དབང་པོ་རབ་ཀྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ། སྤྲོས་པ་ཐམས་དང་བྲལ་བ་བརྗོད་དུ་མེད་པའི་རང་བཞིན་ཅན་གྱི་ངོ་བོར་བསམ་ལ། དེའི་ངང་ལས་མ་གཡོས་བཞིན་དུ་མདོ་འདོན་པར་བྱའོ།།ཞེས་དང་།


 ༣ ས་སྐྱ་པཎྜི་ཏའི་གསུང་བཞིན་བློ་གྲོས་རྒྱ་མཚན་གྱིས་བྲིས་པ་ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན་གྱི་རྩ་བ་ལས། ཆོས་ཀུན་ཉེ་བར་ཞི་བ་ཅན།། དེ་ལ་ཡོད་མེད་སྤྲོས་པ་མེད།། སྤྲོས་པ་ཉེ་བར་གཅོད་མཛད་པ།། སྤྲོས་བྲལ་ཁྱོད་ལ་ཕྱག་འཚལ་ལོ།། ཞེས་དང་།


༤ ཡང་ཇི་སྐད་དུ། ཡོད་དང་མེད་པ་ལ་སོགས་པ།། དངོས་པོའི་གནས་ལུགས་དེ་ལ་མེད།། བསྒོམ་བྱ་སྒོམ་བྱེད་ལ་སོགས་པ།། བསྒོམ་པར་བྱ་བ་ཡོད་མ་ཡིན།། སེམས་ཀྱི་ངོ་བོ་མ་གྲུབ་པས།། སེམས་ངོ་སྤྲོད་པ་ག་ལ་ཡོད།། ཚིག་གི་ཡུལ་ལས་འདས་པའི་ཕྱིར།། བརྗོད་པར་བྱ་བ་ཅི་ཡང་མེད།། ཅེས་དང་།


 ༥ རྣེལ་ཕུ་བའི་ཞུས་ལན་ལས། དམ་པའི་དོན་དུ་ཆོས་རྣམས་ཀུན།། རང་བཞིན་གདོད་ནས་ཉེ་བར་ཞི།། དེ་ལ་ཡོད་མེད་དབྱེ་བ་མེད།། དེ་ཕྱིར་སྤྲོས་པ་ཐམས་ཅད་བྲལ།། ཞེས་པ་ནས། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི།། ཡོད་མེད་མཐའ་ལས་གྲོལ་བར་གསུངས།། ཞེས་པའི་བར་རྒྱ་ཆེར་གསུངས་སོ།།


༦ ཐུབ་པའི་དགོངས་གསལ་ལས། འདི་དག་ཀྱང་ཡོད་པ་དང་། མེད་པར་འདོད་ན། རྟག་ཆད་ལས་མ་འདས་པས། དེ་སུན་དབྱུང་བ་ལུང་རིགས་ཤེས་དགོས། ཞེས་སོགས་འདི་དང་འདི་ལྟ་བུའི་ལུང་མང་དུ་ཡོད་ཀྱང་འབྲི་མ་མོས། གང་ལྟར་ཡང་ཡོད་མེད་མཐའ་བཞི་དང་བྲལ་བའི་སྤྲོས་བྲལ་བརྗོད་དུ་མེད་པར་བཤད་པ་འདི་དག་གི་དོན་ལ་བསམ་ནས་ཀུན་མཁྱེན་གོ་བོས་བདེན་གཉིས་ཀྱི་མཚན་འགྲེལ་བརྗོད་བྱས་པར་ཤེས་དགོས་སོ། །


གསལ་བཤད་དཔང་ཡིག་གཉིས་པའི་ལན།


 ཀུན་མཁྱེན་གོ་བོས། པོད། ཅ། ལྟ་བ་ངན་སེལ་ལས། “གནད་ཀྱི་དོན་ནི་འདི་ཡིན་ཏེ། དངོས་སྨྲ་བས་ཆོས་དང་གང་ཟག་ཐམས་ཅད་ལ་གདགས་གཞི་དང་བཏགས་ཆོས་སོ་སོར་ཕྱེ་བ་ནི་གདགས་གཞི་རྫས་ཡོད་དང་། བཏགས་ཆོས་བཏགས་ཡོད་དུ་འཇོག་པའི་ལུགས་ཡིན་ཏེ། རྡུལ་རྫས་བརྒྱད་རྫས་ཡོད་ལ་བུམ་པ་བཏགས་ཡོད་བཏགས་པ་བཞིན་ནོ། ། རང་རྒྱུད་པ་རྣམས་ལ་ནི་འདིའི་འགྲེས་ཤོར་བ་ཡིན་ལ་ཐལ་འགྱུར་བ་རྣམས་ནི་གདགས་གཞི་དང་བཏགས་ཆོས་ཀྱི་ཐ་སྙད་དགོས་ན་དེ་ཉིད་དེའི་གདགས་གཞིར་ཁས་ལེན་ཏེ། གང་ཟག་གང་ཟག་གི་གདགས་གཞི་དང་། བུམ་པ་བུམ་པའི་གདགས་གཞི་ཡིན་པ་བཞིན་ནོ། ། གཞན་དུ་དེ་གཉིས་སོ་སོར་དགོས་ན་མཐར་བཏགས་ཆོས་མ་ཡིན་པའི་གདགས་གཞི་ཅིག་ཁས་བླང་དགོས་པས་གྲུབ་པའི་མཐའ་ལས་ཉམས་པར་འགྱུར་རོ། །”
འདི་དག་མཐོང་ནས་འགྲེལ་བཤད་ལན་མང་བྱས་ཟིན་པ་དག་ད་ཐེངས་ཁྱོད་ལ་ཆོས་སྦྱིན་བྱ་བ་ཡིན་པས་ལེགས་པ་ཉོན་ཅིག  དཔྱད་པའི་བློ་ངོར་མེད་པ་དེ་མེད་དགག་འཇོག་པ་གང་དུ་དྲངས་པའི་དབུ་མ་སྤྱི་དོན་གྱི་གཞུང་ལས་ཁ་གསལ་གཏིང་གསལ་བྱུང་ཡོད་བཞིན་དུ་ད་དུང་ཁྱོད་ཀྱིས་ཅི་སྡུག་གྲངས་གསོག་འདུག་ཡིན་ནམ།  གོང་གི་སྤྱི་དོན་གྱི་གཞུང་ལ་ལེགས་པར་ལྟོས་ཤིག །


ཀུན་མཁྱེན་གོ་བོས་ལྟ་བ་ངན་སེལ་ལས། “ཐལ་འགྱུར་བ་རྣམས་ནི་གདགས་གཞི་དང་བཏགས་ཆོས་ཀྱི་ཐ་སྙད་དགོས་ན་དེ་ཉིད་དེའི་གདགས་གཞིར་ཁས་ལེན་ཏེ། གང་ཟག་གང་ཟག་གི་གདགས་གཞི་དང་། བུམ་པ་བུམ་པའི་གདགས་གཞི་ཡིན་པ་བཞིན་ནོ། ། གཞན་དུ་དེ་གཉིས་སོ་སོར་དགོས་ན་མཐར་བཏགས་ཆོས་མ་ཡིན་པའི་གདགས་གཞི་གཅིག་ཁས་བླང་དགོས་པས་གྲུབ་པའི་མཐའ་ལས་ཉམས་པར་འགྱུར་རོ། །”ཞེས་པའི་གཞུང་འདི་འགྲེལ་བརྗོད་བྱེད་ལུགས་ཕྱོགས་གཉིས་ཡོད་དེ་དང་པོ་ནི། ཐལ་འགྱུར་བ་རྣམས་ནི་གདགས་གཞི་དང་བཏགས་ཆོས་ཀྱི་ཐ་སྙད་བཏགས་དགོས་ན་ཞེས་པའི་དོན། བཏགས་པ་མཐའ་གཟུང་གི་ཚིག་སྟེ། དཔེར་ན་རི་རྭ་ཁས་བླངས་ན། ར་ཅོ་ལས་གཞན་ཁས་ལེན་དུ་མེད་པར་བཤད་པ་ལྟ་བུའོ། །ཡང་བཤད་ཚུལ་གཞན་ཞིག་ཡོད་པ་ནི་གདགས་གཞི་དེ་བཏགས་ཆོས་དེ་ཡིན་གསུངས་པའི་འཇུག་པ་རྩ་འགྲེལ་གྱི་ཚིག་ཟིན་མེད་ཀྱང་། རང་རྒྱུད་པ་དང་མི་འདྲ་བ་ཐལ་འགྱུར་པའི་ལུགས་ལ་དེ་ཉིད་དེའི་གདགས་གཞིར་ཁས་ལེན་ཏེ་གང་ཟག་གང་ཟག་གི་གདགས་གཞི་དང་། བུམ་པ་བུམ་པའི་གདགས་གཞི་ཡིན་ཞེས་པའི་དོན་ཡིན།  དམ་བཅའ་འདི་ལ་ལུང་རིགས་གཉིས་ལས་གཙོ་བོ་རིགས་པས་གྲུབ་པ་ལྟ་བ་ངེས་སེལ་ལས་གསལ་པོ་གསུངས་སོ། །གལ་སྲིད་ཐལ་འགྱུར་ལུགས་ཀྱི་ཁས་ལེན་རེ་ལ་གཞུང་ཚིག་རེ་དགོས་ན། འཁྱམ་པོ་ངག་གི་དབང་ཕྱུག་ཧོང་ཀོང་གྲོང་ཁྱེར་ནས་འཁྱམ་ཉུལ་བྱེད་བཞིན་ཡོད་པ་གཞུང་ཚིག་གང་གིས་སྒྲུབ། དེ་ལ་སོགས་པ་ཙོང་ཁ་པའི་ལུགས་ཀྱི་དམ་བཅའ་རེ་དང་ཐལ་འགྱུར་པའི་གཞུང་ཚིག་རེ་ཐོད་མི་ཐུག་པར་ཁྱོད་ཀྱིས་ལོས་ཤེས། ད་ལྟོས་དང་། ས་སྐྱ་པཎ་ཆེན་དང་། ཀུན་མཁྱེན་བླ་མའི་གཞུང་ལ་བལྟས་པ་ཙམ་གྱིས་གོ་བ་ལོན་ས་ཨེ་འགི།  འཁྱམ་པོ་ངག་གི་དབང་ཕྱུག་གིས་མགུ་ཐོག་བསྟན་པའི་གོ་བའི་རྗེས་ཆོད་ས་ཨེ་འགི།  གོ་བ་མ་ལོན་པའི་བདེན་དཔང་མངོན་གསལ་ཡིན་ནོ།།  ཧ་ཧ་ཧ།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章