དགག་ལན་བསྐལ་པའི་གྲུ་ཆར།

文摘   2024-11-20 16:50   西藏  
ལན་གྱི་རྣམ་བཞག་ལས་འཕྲོས་ཏེ་ཁོ་བོས་དགེ་བཤེས་ངག་གི་དབང་ཕྱུག་ལེགས་པར་ཚར་བཅད་ཟིན་པའི་རྗེས་ཀྱི་མ་ཞུས་ཐབས་མེད་ཀྱི་འབེལ་གཏམ་ལོག་རྟོག་མེ་དཔུང་འཇོམས་བྱེད་དགག་ལན་བསྐལ་པའི་གྲུ་ཆར་ཞེས་བྱ་བ་བཞུགས་སོ། །

ལྷོ་ཕྱོགས་འོ་མཚོར་འཁྱུག་པའི་རླབས་རིས་རྩེར། །ཡིད་འོང་སྐུ་ཡི་སྒེགས་པའི་རྣམ་འགྱུར་རེས། །ཡིད་ཀྱི་བརྟན་པ་འཕྲོག་པའི་ཆོམ་རྐུན་མ། །ཚངས་པའི་སྲས་མོ་མགྲིན་པའི་ཁབ་ཏུ་བསུ། །ཨེ་མ་དྭངས་གཙང་ཡིད་ཀྱི་ནམ་མཁའ་ལ། །ཇི་སྙེད་རབ་འབྱམས་ཤེས་བྱའི་སྣང་བརྙན་ཀུན། །མ་འདྲེས་གསལ་བར་འཆར་བའི་བློ་གྲོས་ནོར། །སྦྱིན་མཛད་བླ་མའི་བཀའ་དྲིན་ཇི་ལྟར་གཞལ། །ཡངས་པའི་འཇིག་རྟེན་རྒྱ་མཚོའི་འཇིངས་བརྒལ་ནས། །རྣམ་གྲོལ་བདེ་བའི་མཁའ་ལ་མིག་འཕྲུལ་ལྟར། །སྙིགས་དུས་ཚེ་གཅིག་ཡུན་ལ་བགྲོད་པ་ཡི། །བཀའ་བརྒྱུད་གོང་མའི་བྱིན་རླབས་ཆར་ཆེན་ཕོབས། །རང་ལུགས་མི་ཤིགས་རྡོ་རྗེའི་གོང་བུ་ལ། །རྒོལ་ངན་སུན་འབྱིན་མཚོན་གྱིས་མ་ཕྱེད་པའི། །གཡུལ་རྒྱལ་ལྷ་ཡི་གྲུ་ཆར་འདི་ཕབས་པས། །སྐལ་བཟང་བློ་ཡི་བུང་བ་གཡོ་བར་བྱ། །སྐབས་ཀྱི་བགྲོ་བྱ་འཁྲུལ་མེད་རང་གི་ལུགས། །འགལ་འདོད་མ་ངེས་མ་གྲུབ་པ་ཡི་ལན། །གསུམ་པའི་ནང་ཚན་རྟགས་གསལ་མ་ངེས་ལན། །བཞི་པའི་ནང་ཚན་རྟགས་གསལ་མ་གྲུབ་ལན། ། བསྡུ་ན་རྣམ་པར་ཐར་པའི་སྒོ་བཞི་ཡི། །ལན་གྱི་ནང་དུ་འདུས་པའི་དམ་བཅའ་ལ། །ལྷ་དང་བཅས་པས་རྒོལ་བར་མ་ནུས་པས། །མི་ཤིགས་དམ་བཅའི་རི་བོ་སྔར་ལས་བརྟན། །རྒྱབ་ཆོས་རྒྱ་གཞུང་གསུམ་དང་བོད་གཞུང་གསུམ། །ཐང་མར་བརྡལ་ནས་བཤད་པས་རྒོལ་ངན་ཁྱུ། །ཅི་ཡང་མི་སྨྲའི་བརྟུལ་ཞུགས་གཙོར་བཟུང་ནས། །སྐབས་རེར་འབྲེལ་མེད་འཁྱོག་འགྲེལ་ཆུང་ངུའང་བྱས། །དེ་ལྟའི་རྒྱ་གཞུང་ཚན་པ་གསུམ། །འགལ་འདོད་མ་ངེས་མ་གྲུབ་པའི། །རྣམ་ཐར་སྒོ་བཞིའི་རྒྱབ་ཆོས་ཀྱི། །ཁ་གསལ་ལྡན་པའི་གསུང་མིན་ན། །རང་སྡེའི་གྲུབ་མཐའ་བཞི་ལ་ཁྱབ་པ་ཡི། །ཚད་མས་དམིགས་པ་ཡོད་པའི་མཚན་ཉིད་དུ།  །དམར་དམར་རྗེན་རྗེན་བརྗོད་པའི་རྒྱ་གར་གཞུང་།  །ཁྱོད་ཀྱིས་མི་ཚེ་གཅིག་ལ་མི་རྙེད་པའི།  །ཐལ་འགྱུར་འདི་ནི་ཁྱོད་ཀྱི་མགོ་ལ་འབབ།  །གལ་ཏེ་ཡོད་པའི་མཚན་ཉིད་དེ་ལྟར་དུ།  །མི་འདོད་ན་ནི་ཞྭ་སེར་ཡིག་ཆ་བཞི།  །མ་ལུས་ཤོར་བའི་དེང་དུས་ཞྭ་སེར་པའི།  །རབ་འབྱམས་མཚན་གྱིས་མྱོས་པ་ཨ་རེ་མཚར།  །དེ་འདྲའི་གསལ་ཁ་ལྡན་པ་ཡི།  །རྒྱ་གཞུང་ཚད་ལྡན་མཆིས་ན་སྟོན།  །དེ་མིན་ཧམ་བཤད་རི་ཙམ་གྱིས།  བདེན་པ་གཡག་ཙམ་འཐོབ་བམ་ཅི།  །དུས་སྦྱར་མ་དང་ལ་སྦྱར་མ།  །སྦྱོར་ལུགས་སྐྱོན་ཅན་ལ་སོགས་པའི།  །རྒྱབ་ཆོས་ཁ་གསལ་ལྡན་པ་ཡི།  །རྒྱ་གཞུང་ཡོད་ན་འདྲེན་མཛོད་ཀྱེ།  །ཡང་ཡང་བསྐུལ་ཡང་གཡས་གཡོན་དུ།  །བྲོས་པའི་ཁུང་བུ་འཚོལ་བ་ལས།  །དེ་ལྟའི་རྒྱབ་ཆོས་ཚད་ལྡན་གྱི།  །རྒྱ་གཞུང་མེད་པས་དམ་བཅའ་ཤོར།  །དྲི་ཚིག་ཙམ་ལས་འདས་པ་ཡི།  །ཅིའི་ཕྱིར་ཞེས་པའི་གསལ་འགོག་ཚིག  །སྒྲུབ་བྱེད་རྒྱ་གཞུང་ཚད་ལྡན་ཞིག  །མེད་པས་ཁྱོད་ཀྱི་རྩ་དམ་ཤོར།  །དེང་གི་ཕྱྭ་བསྡུས་ལད་པའི་ལན་འདེབས་ཚུལ།  །ཡང་དག་དྲང་ངེས་གཞུང་དང་འགལ་བའི་གནད།  །གཏན་ཚིགས་རྡོ་རྗེ་ལྟ་བུ་བཀོད་ནཡང་།  །དེ་དག་རྣམས་ལ་རྣལ་མའི་ལན་མེད་པར།  །རྣམ་ཐར་སྒོ་བཞིའི་ལན་གྱི་བགྲོ་གླེང་ཐད།  །སྐུ་ཉིད་ཕམ་པའི་གནས་སུ་ལྷུང་བའི་མཐར།  །སླར་ཡང་དྭགས་པོའི་ཕྱག་ཆེན་འབེལ་དགོས་ཟེར།  །འདིས་ཀྱང་བྲོས་པའི་རྣམ་འགྱུར་གསལ་བར་བྱས།  །གཟོ་རིག་རྩེ་མོར་སོན་པའི་བཟོ་བོ་ལ།  གླེན་པས་བཟོ་ཡི་རིག་བྱེད་བསླབ་པ་བཞིན།  །ཆོས་རྒྱལ་དྭགས་པོའི་འདྲ་འབག་དངོས་ལྟ་བུའི།  །དྭགས་བརྒྱུད་བསྟན་པའི་གད་མཛོད་འཛིན་པའི་མདུན།  །ཕྱག་ཆེན་འབེལ་བའི་སྐད་དེ་བདེན་ནམ་རྫུན།  །བདེན་ན་ངེས་དོན་གནད་ལས་གོལ་བ་ཡི།  །རྟོག་གེ་ཁ་སྐྱའི་མདུན་དུ་བཀའ་བརྒྱུད་པའི།  །ངེས་དོན་མཐར་ཐུག་རང་དགར་སྟོན་ཚུལ་མེད།  །ཚེ་གཅིག་སངས་རྒྱས་སྒྲུབ་པའི་གནད་ཀྱི་དོན།  །ཆོས་རྒྱལ་དྭགས་པོའི་གསང་ཆེན་བདུད་རྩིའི་རྒྱུན།  །དགོས་ན་སློབ་མའི་བརྟུལ་ཞུགས་འཆང་ནས་སུ།  །འོང་བར་མཛོད་དང་དལ་གྱིས་བསྟན་པར་བྱ།  །གལ་ཏེ་གད་མོའི་ཆེད་ཡིན་ན།  །སྤྱི་ཚོགས་དྲྭ་འབུ་སྣ་མང་དཀྱིལ།  །ཆོས་རྒྱལ་དྭགས་པོའི་དམར་ཆུང་སྙིང་། །ཕྱུང་དགོས་ཞེས་པ་ཁྱོད་རེ་འཁྲུལ།  །མདོ་ཡི་ཕྱག་ཆེན་ཡིན་ན་ཕྱག་རྒྱ་ཆེ།  །ཡིན་པས་ཁྱབ་པ་མ་ངེས་སྔགས་ཀྱི་ལུགས།  །མདོ་ཡི་ཕྱག་ཆེན་ཡིན་ན་ཕྱག་རྒྱ་ཆེ།  །ཡིན་པས་ཁྱབ་པ་ངེས་པ་མདོ་ཡི་ལུགས།  །ཁོ་བོས་གསང་སྔགས་ལུགས་མཆོག་གཞིར་བཞག་ནས།  །ངེས་དོན་ཕྱག་ཆེན་སེང་གེའི་སྒྲ་དབྱངས་ཀྱི།  །གོ་བའི་གདེང་ཚད་མ་ལོན་དགེ་བཤེས་འགའ།  །ཝ་སྐད་རྒྱུན་མར་སྒྲོག་པ་སྙིང་རྗེའི་གནས། །འདི་ཙམ་ཞིག་གི་རྣམ་དབྱེ་མ་ཆོད་པའི། །ནམ་མཁའ་ཟས་སུ་ཟ་བའི་ཧམ་བཤད་དང་། །རི་བོ་པང་དུ་ལེན་པའི་ང་རོ་ཡིས། མ་དག་རྩོམ་ཡིག་དྲྭ་ལམ་ཀུན་ཏུ་འཁྱམས།  །ཁོ་བོའི་དྭངས་གསལ་ཡིད་ཀྱི་ནམ་མཁའ་ན།  །ཆོས་ཀྱི་རྒྱལ་པོ་འཛམ་གླིང་གྲགས་པ་དེ། །འཆར་ནུབ་བྲལ་བའི་ཉི་ཟླའི་དཀྱིལ་འཁོར་བཞིན།  །ཡང་ཡང་འཆར་བའི་དགའ་བ་གང་གིས་མཚོན།  །དགེ་བཤེས་རྒན་པོ་འཁྲུལ་བའི་བར་གསེང་ནས། །བརྡ་དག་གནད་ལ་མགོ་བོ་འཁོར་འདུག་པས།  །རྩེ་གཅིག་རྣ་བ་བླགས་ཏེ་ཉན་མཛོད་དང་།  །ཁོ་བོ་ཐུ་མའི་སྲས་ཀྱིས་གདམ་པར་བྱ། །རྟགས་གསལ་ཞེས་པའི་གསལ་ལ་ནམ་ཡིན་ཡང་།  །ལག་པ་ཟ་ནས་བ་བསལ་འབྲི་འདོད་ཚེ།  །བདུད་ཀྱི་ཆོ་འཕྲུལ་ཉིད་དུ་དོགས་ཟོན་མཛོད། །འདི་ནི་ཁོ་བོས་སྔར་ནས་གདམས་པ་ཡི། །འགྱུར་མེད་བཀའ་སློབ་ཕ་ལམ་རི་བོ་ཡིན། །ཁྱོད་ཀྱིས་བྲིས་པ་མང་པོ་དེ་ལས་ལྡོག །དེ་ཡང་ངར་ནས་བཙན་གྱིས་བྲིས་པ་འགར། །བསམ་བཞིན་བསམ་ན་བརྡ་དག་མི་རྨོངས་པའི། །མཐོ་སྒང་བྱིས་པའི་ཧབ་ཆ་བྲག་ལ་འཁོར། །འོན་ཀྱང་རིགས་འགྲེ་ཐལ་དྲག་ནས། །བྱ་བྱེད་ཚིག་གིས་བརྒྱན་པ་ཡི། །རྟགས་བསལ་བཏང་ལ་བ་བསལ་ཉིད། །མི་རུང་མ་གསུངས་ཕ་ཡི་བུ།  །རྟགས་བསལ་ཁྱབ་གསུམ་ཞེས་པའི་བསལ་བ་ལ། །བ་བསལ་རུང་ཡང་ག་གསལ་མི་རུང་བའི།  །ང་རོ་མ་ཆེ་རིགས་ལམ་འཕྲུལ་ལྡེ་ཡི།  །ཐལ་འགྱུར་ཆུང་ངུའི་རྣམ་བཞག་ཡིད་ལ་ཞོག །རྟགས་བསལ་ཁྱབ་གསུམ་ཞེས་པའི་བསལ་བ་ལ། །ག་གསལ་མ་བྲི་ཞེས་པའི་གདམས་ངག་འདི། །ང་ལ་བདམས་སམ་ཡོངས་བསྡུས་པ་ལ་བདམས། །ང་ལ་གདམས་ན་ཉེས་མེད་སྐྱོན་འདོགས་དངོས།  །ཉིན་ཞིག་དགེ་བཤེས་རིན་དངོས་པ།  །ཧར་གྱིས་ལངས་ནས་འདི་སྐད་དུ། །ཅིའི་ཕྱིར་ཞེས་པའི་སྒྲ་འདི་ནི། །དགག་ཚིག་ཡིན་པའི་དན་རྟགས་སུ།  །ཅིའི་ཕྱིར་ཞེས་པའི་སྒྲ་ཕལ་ཆེར།  །བརྒལ་བའི་ཚིག་ཏུ་གཞུང་ལས་གསལ།  །ཟེར་ནས་ངར་མདོག་སྟོན་པའི་ཚེ།  །བརྒལ་ཚིག་དགག་ཚིག་ཁྱད་ཡོད་པས། །བྱིས་པ་དག་ཡིག་སློབས་ཤིག་ཅེས།་།ཁ་བརྡུང་བྱས་ནས་ཕར་ལ་བཏང་། །སླར་ཡང་དགེ་བཤེས་རིན་དངོས་པས། །ཅིའི་ཕྱིར་ཞེས་པའི་སྒྲ་འདི་ནི། །དགག་ཚིག་ཡིན་པའི་དན་རྟགས་སུ། །མ་ཚིམས་སྟོན་བྱེད་ཅིའི་ཕྱིར་ཚིག །གཞུང་དུ་འདུག་ཟེར་ངར་མདོག་སྟོན། །དེ་ལ་ཁོ་བོས་འདི་སྐད་དུ། །ཞོ་ཡིས་མ་ཚིམས་འདི་རུ་ཞོ་བླུགས་ཞེས། །སྐུལ་བའི་ཚིག་འདི་མ་ཚིམས་ཚིག་ཡིན་ཀྱང་། །དེ་འདྲའི་ཚིག་དེ་དགག་ཚིག་ཡིན་ནོ་ཞེས། །ཁྱོད་ལ་འབྱུང་པོས་ལྐོག་ནས་བསླབས་སམ་ཞེས།  །བཀའ་བཀྱོན་རོ་འདྲ་ཕབས་ནས་ཕར་ལ་བཏང་། །སླར་ཡང་དགེ་བཤེས་རིན་དངོས་པས།  །ཅིའི་ཕྱིར་ཞེས་པའི་སྒྲ་འདི་ནི། །དགག་ཚིག་ཡིན་པའི་དན་རྟགས་སུ།  །མ་རངས་སྟོན་བྱེད་ཚིག་གྲོགས་ལ། །ཅིའི་ཕྱིར་ཞེས་པའི་གཞུང་འདུག་ལོ། །རྒྱལ་པོ་དགྲ་ལ་མ་རངས་ནས། །དམག་རྒྱག་དགོས་པའི་ངར་གཏམ་དེ། །དགག་ཚིག་ཉིད་དུ་འདོད་རིགས་པའི། །ངེས་པ་མེད་ཅེས་ཞར་དུ་གདམས།  །གཞན་ཡང་མུ་སྟེགས་ཁ་ཅིག་གིས། །སྒྲ་དེ་མི་རྟག་ཐལ་ལོ་ཞེས།  །ཕང་ཚེ་ནང་པ་སངས་རྒྱས་པས། །ཡིད་མ་རངས་བའི་ཚིག་གིས་ནི། །འདོད་ལན་འདེབས་རྒྱུ་མེད་པའང་མིན། །ཞེས་སོགས་འཇམ་པོའི་ངག་གིས་མོལ།  །དེ་ནས་ཡིད་མུག་ཁོང་དུ་ཆུད་ནས་སུ། །དཔེ་ཀློག་ཉིན་མཚན་བཅོ་བརྒྱད་བརྒྱབས་པའི་མཐར། །ཅི་ཡང་མ་རྙེད་མཛུབ་མོ་ཁ་རུ་བཅུག །ད་ནི་ང་ལ་གསེར་ཞིག་བྱིན་ན་ལེགས།  །དེ་མིན་རྒན་བྱིས་དག་ལ་བྱིན་མཛོད་ཅེས།  །ཟེར་བས་དེ་ལ་ཁོ་བོས་འདི་སྐད་དུ། །མུ་སྟེགས་པ་ཡིས་ནང་པར་སྒྲ་རྟག་པར། །ཐལ་བར་འཕང་ཚེ་ནང་པ་སངས་རྒྱས་པས། །འགོག་པའི་ཚིག་གིས་འགོག་པར་མི་བྱེད་པར། །མ་ཤེས་དབང་གིས་བཀའ་འདྲི་ཞུས་པའི་ཚིག །ཚད་ལྡན་སྦྲང་སྐད་ཙམ་ཞིག་རྙེད་བྱུང་ན། །དེ་ཡི་དུས་ན་གསེར་སྲང་བརྒྱ་ཕྲག་བཅུ། །ང་ཡིས་ཐབས་ཀྱིས་འཚོལ་ནས་སྒུག་ལ་འདུག །དོན་མེད་གསེར་དགའ་བྱེད་མི་རུང་བའི་གཏམ། །འཇམ་པོའི་ངག་གིས་ཅི་ཡང་གདམས་པར་བྱས། །གོང་གི་འགལ་འདོད་མ་ངེས་མ་གྲུབ་པའི། །རྒྱབ་ཆོས་ལུང་ལ་བརྟེན་པ་ཙམ་མིན་པར། །དངོས་སྟོབས་རིགས་པའི་རྒྱབ་རྟེན་ཟབ་པའི་ཚུལ། །འཆད་པར་བྱ་བས་གཞན་ནས་མཁྱེན་པར་འགྱུར།  །སྐུ་ཉིད་རྗེ་ཡི་ལུགས་ལ་ཞུགས་བཞིན་དུ།  །ཙོང་ཁ་པ་ཉིད་རང་ནུས་ཅི་ཡོད་ཀྱིས།  །དགག་པའི་ལས་ལ་བྲེལ་ཚུལ་སྐབས་གཞན་དུ།  །མཛུབ་མོ་གདོང་ལ་ཀེར་ཏེ་བཤད་པར་བྱ།  །ང་ཡི་སྔོན་ནས་རྩོམ་ཕྲེང་སྤེལ་རིམ་བཞིན།  །ཉིད་ཀྱིས་རྗེས་ནས་རྐུ་བཞིན་ཚིག་དུམ་རྣམས།  །མ་འབྲེལ་བཞིན་དུ་ཁ་བསྒྱུར་བྱེད་ཅིང་ཤོག །ཡིད་མ་ཆེས་ན་གཡག་རྭ་སྨན་བཅོས་གཟིགས། །སྨན་བཅོས་མཁས་པའི་དགེ་བཤེས་ཁྱེད་དང་ནི། །འུ་གཉིས་སྤྱི་ཚོགས་དྲྭ་ཚོམ་ལ་སོགས་པའི། །ཚོགས་པ་གང་ལ་མཉམ་འཛོམ་བྱས་པ་ནི། །ད་ལྟའི་སྐྱེ་བ་འདི་ལ་མ་མྱོང་ཡང་། །ཚོགས་པ་ཞིག་ནས་ཕྱིར་བྲོས་བྱས་སོང་བའི། །འུད་པོ་ཆེ་ཡི་རྫུན་ཆེན་འདེབས་པ་འདི། །ཆེད་དུ་བསམ་བཞིན་སྨྲ་བར་ནུས་སམ་ཅི། །དམ་ཆོས་འདུལ་བའི་བཅས་མཚམས་ལས་འདའ་འམ། །ཟང་ཟིང་ཆེ་བའི་སྤྱི་ཚོགས་དྲྭ་ཚོམ་ནས། །དོན་མེད་སྨྱོ་བཤད་བྱེད་པའི་དགེ་བཤེས་འགས།  །ཁྱིམ་པ་སུན་འབྱིན་བྱ་བ་བརྩམས་མཐོང་དུས།  །དེ་མིན་གདོང་ཐུག་རྩོད་ལ་ངས་ཀྱང་མོས། །འོན་ཀྱང་ཡུལ་དུས་བསྐལ་བས་མ་མཇལ་ཡང་། །སྐབས་རེར་ཡི་གེའི་ལམ་གྱི་བགྲོ་གླེང་ལ། །འུ་གཉིས་མཛའ་བའི་བློ་ཡིས་ཞུགས་གྱུར་ན། །དོགས་པའི་མདུད་པ་གྲོལ་ལ་ཅིས་ཀྱང་ཕན། །གོང་གི་རྩེད་མོའི་ཚིག་ཟུར་འགའ་ཐལ་ཡང་། །དགོངས་དབྱིངས་རྒྱ་མཚོ་ཆེན་པོ་ག་ལ་འཁྲུགས། །ཉིད་འདོད་ཕྱོགས་རེས་རོང་སྟོན་རྒྱལ་ཚབ་གཉིས། །རྩོད་པའི་ལོ་རྒྱུས་ཚད་ལྡན་ཡལ་བོར་ནས། །རང་གི་འདོད་པ་རང་དགར་སྒྲོག་པ་ཡི། །རོང་སྟོན་བྲོས་པའི་ལོ་རྒྱུས་ཟོལ་མ་ཞིག །སྤྱི་ཚོགས་དྲྭ་ལམ་ཀུན་ཏུ་སྒྲོག་པ་ཁྱེད། །སྙིང་ཁམས་འདོད་ལྷའི་བུ་ཡིས་དཀྲུགས་སམ་ཅི། །ད་ལྟར་ཅུང་ཟད་ཉམ་ཕྲ་ས་སྐྱ་པར། །མགོ་བོ་རྡོག་པས་རྫི་བས་མི་ཆོག་པར།  །ཁྲ་ཆུང་མིག་འབྲས་མཛུབ་མོས་བྲུ་བ་འདི། །དགེ་བཤེས་རླུང་ཁམས་པ་ཡིས་འོས་སམ་ཅི། །ཉིད་ཀྱི་འུར་རྩོམ་སྨྱོན་པའི་གར་སྟབས་ལ། །ངོ་མཚར་མཛེས་སྡུག་དེ་ཙམ་མ་མཐོང་ཡང་། །འཆད་རྩོད་ལས་ལ་དགྱེས་པའི་རྣམ་འགྱུར་དེར། །ཁོ་བོས་ཡི་རང་མེ་ཏོག་ཅི་ཡང་འབུལ། །རི་བོ་ཧི་མ་ལ་ཡི་བྱང་ཤར་ནས། །ལུང་རིགས་སྨྲ་བའི་སྤོབས་པ་མི་དམན་པའི། །ཤཱཀྱའི་དགེ་སྦྱོང་ཞིག་གིས་སྤྲིངས་པ་འདི། །མ་མཐོང་གྲོགས་པོ་ཁྱོད་ལ་སྐྱེས་སུ་འབུལ།  
  ཞེས་པ་འདི་ནི་ལུང་དང་རིགས་པ་སྨྲ་བར་འཇིགས་པ་མེད་པའི་སྤོབས་པ་འཆང་ཞིང་ལོག་པར་སྨྲ་བའི་གཉའ་བར་ལུང་རིགས་རྡོ་རྗེའི་གཉའ་ཤིང་གིས་མནན་པར་བཟོད་པའི་གངས་རིའི་ཁྲོད་ཀྱི་འཁྲུལ་མེད་ཀྱི་རིགས་ལམ་སྨྲ་བར་འགྲན་པའི་ཟླ་མེད་པའི་ངག་དབང་དབྱངས་ཅན་གཙུག་ལག་རྒྱ་མཚོ་ལུང་རིགས་སྨྲ་བའི་ཉི་མ་ཞེས་གྲགས་པས་དགེ་བཤེས་ངག་གི་དབང་ཕྱུག་གམ་རིན་དངོས་ལ་སྤྲིངས་སོ།  །དགེའོ།།  །།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章