རྡོ་རྗེ་འཆང་འཇམ་མགོན་བླ་མར་ཕུལ་བའི་དད་ཚིག་དབྱངས་ཀྱི་ངག་རྒྱན༎
ངག་དགའ།
གནས་གུ་ཡངས་དེ་སྨན་རིའི་ཡུལ་ལ༎
ལུང་རིགས་པ་ཡི་མེ་ཏོག་བཀྲ་སར༎
སྐུ་མཚན་དཔེ་དེ་བཞད་ཚུལ་མཐོང་ན༎
གསུང་ཚངས་དབྱངས་ཀྱི་མགུར་གླུ་སྙན་མོའི༎
བུ་སྐལ་ལྡན་དག་ཐར་ལམ་ལུས་འདྲེན༎
འདི་ཕལ་བ་ཡིས་བསྟོད་པའི་དབྱངས་མིན༎
ཚིག་དཔེ་རྐུ་ཡིས་ངལ་བས་བསྒྲིགས་མིན༎
ལུང་མདོ་རྒྱུད་ཀྱི་མན་ངག་བསམ་ན༎
དྲིན་ཁོལ་མེད་ཀྱི་བཤེས་གཉེན་མངོན་མཐོང་༎
སྔོན་དམ་པ་ཡིས་བཀའ་ཡིས་བྱིན་ཡོད༎
གནམ་སྔོན་པོ་འདི་མཐོན་པོའི་ཡན་ཡིན༎
བར་སྤྲིན་དཀར་དེ་ཡངས་མོའི་དཔེ་ཡིན༎
རིའི་རྒྱལ་པོ་དེ་བརྟན་པོའི་དཔང་ཡིན༎
ཁྱེད་མཁྱེན་རྒྱ་དང་བྱམས་བརྩེ་མུ་མཐའ༎
དཔེ་འགྲན་པ་ཞིག་སྲིད་ན་དཀོན་ནོ༎
སྐུ་བརྗིད་ཉམས་དེ་མཐོང་བའི་མོད་ལ༎
མར་ངན་སོང་ཀྱི་སྐྱེ་སྒོ་བཅོད་དོ༎
གསུང་ཚངས་དབྱངས་དེ་ཐོས་པ་ཙམ་གྱིས༎
གནས་བདེ་ཆེན་གྱི་ཞིང་དུ་འདྲེན་ནོ༎
ཐུགས་མཁྱེན་རྒྱ་དེ་ངེས་པར་ཙམ་གྱིས༎
མར་ཉན་རང་གི་ལམ་ནས་སྒྲོལ་ལོ༎
བཀའ་མདོ་རྒྱུད་ཀྱི་རྡོ་རྗེའི་ཚིག་འཕྲེང་༎
གནས་དབེན་པ་ཡི་རས་པའི་ཉམས་འགུར༎
སྔོན་གྲུབ་ཐོབ་ཀྱི་ཤུལ་བཞག་བསམ་ན༎
རྗེ་འདྲེན་མེད་ཀྱི་བཤེས་གཉེན་དམ་པ༎
ཁྱེད་སངས་རྒྱས་ཏེ་སྐལ་བཟང་སངས་རྒྱས༎
ཆོས་ཟབ་མོ་དེ་གསེར་ནག་རང་འདུད༎
ལམ་སྣང་གསུམ་གྱི་གཞི་འཆིང་བྱས་སྟེ༎
རྒྱུད་གཞི་འབྲས་ཀྱིས་ཁོག་ཞིག་ཕོབ་ནས༎
དེའི་ཐོབ་བྱ་ཡི་འབྲས་བུ་མཐར་ཐུགས༎
ཁྱེད་གསང་གསུམ་ལས་གཞན་དུ་རྙེད་མེད༎
ལམ་ཟབ་མོ་དེ་བླ་མའི་རྣལ་འབྱོར༎
སྔགས་དབང་བཞི་དེའི་ཉིང་དགོས་ངོ་མ༎
ལམ་ཟབ་མོའི་འདིའི་གནད་གསང་ཕྲ་བ༎
ཁྱེད་ཟབ་གསང་དེ་རང་ངོ་ཤེས་ཕྱིར༎
སྔོན་དམ་པ་དེའི་སྔོན་ནས་གསུངས་སོ༎
རྗེ་དམ་པ་དེ་རྒྱལ་སྲས་རྟག་ངུས༎
དཔེ་ཡང་དྲན་དེ་རྒྱལ་སྲས་ཐོགས་མེད༎
དགོས་ཡང་གནད་དེ་མི་ལ་རས་པ༎
མགོན་ཁྱེད་ཉིད་འདྲ་སྤྱི་བོར་སྙན་ནས༎
ཚེ་ལུས་གཅིག་ལ་གྲུབ་པ་བརྙེས་སོང་༎
མགོན་ཁྱེད་སྐུ་ཡི་ཡོན་ཏན་རྒྱ་མཚོ༎
ཐུགས་ཟག་མེད་ཀྱི་ཡིད་བཞིན་ནོར་མཛོད༎
གསུངས་སྒྲ་དབྱངས་དེ་གྲགས་སྟོང་སྐྱེ་མེད༎
རྨོངས་ང་འདྲ་འདིའི་རྟོགས་པར་དཀའ་རུང་༎
ཡིད་མོས་གུས་ཀྱི་མེ་ཏོག་རང་མཐོར༎
སེམས་ཀུན་གཞི་འདིའི་ཀློང་ནས་འཐོལ་ལོ༎
ལུས་ལྷུ་དྲུག་དང་ཚིགས་ཆེན་བཅོ་བརྒྱད༎
ནང་ཤ་རུས་དང་རྩ་ཆེན་ཉེར་བཞི༎
ཚེ་འདི་ཉིད་ལ་དེའི་གཡོགས་མིན་པར༎
མགོན་སྐྱབས་གསུམ་དེ་གཙུགས་གི་ནོར་བུའི༎
བཀའ་ཅི་གསུང་དེ་འགྲུབ་པར་སྨོན་ནོ༎
མགོན་ཁྱེད་ཉིད་ནི་སྤྱི་བོར་བཞུགས་ནས༎
ཆོས་ཡང་ཟབ་དེ་ཡིད་བཞིན་ནོར་བུ༎
དེ་ཉན་སྒོམ་གྱི་དམིགས་རིམ་ངང་ནས༎
ཚེ་འདི་སྣང་དག་དམིགས་མེད་ཡལ་ནས༎
གནས་མཁའ་སྤྱོད་རུ་སྐྱེ་བར་སྨོན་ནོ༎
ཅེས་གྲྭ་ངག་དགའ་ནས་བླ་མ་རིན་པོ་ཆེ་ལ་སེམས་སྟེང་ནས་སྨོན་ནོ། །