ཞབས་བརྟན་གསོལ་འདེབས་དངོས་གྲུབ་རབ་འཕེལ་ཞེས་བྱ་བ་བཞུགས་སོ།།
དཀྱིལ་འཁོར་གཙོ་བོ་རིགས་རྣམས་ཀུན་གྱི་བདག།
དགའ་ཆེན་ཁྱབ་བདག་ཧེ་རུ་ཀ་དཔལ་དངོས།།
ང༵ག་གི་དབ༵ང་ཕྱུག་གསང་བདག་རྡོ་རྗེ་འཛིན།།
འཇི༵གས་མེ༵ད་མཐུ༵་སྟོ༵བས་དབ༵ང་ཕྱུ༵ག་གསོལ་བ་འདེབས།།
རྒྱུད་སྡེ་རྒྱ་མཚོའི་བསྟན་པ་རིན་པོ་ཆེ།།
གངས་རིའི་ལྗོངས་འདིར་འཕེལ་ཞིང་རྒྱས་མཛད་པའི།།
ངག་དབང་ལྷ་དང་གསང་བདག་པད་དཀར་འཛིན།།
དངོས་སྣང་དངོས་གྲུབ་འབྱུང་གནས་གསོལ་བ་འདེབས།།
མདོ་རྒྱུད་མན་ངག་མཐར་སོན་ཐམས་ཅད་མཁྱེན།།
བྲང་ཏི་པ་དང་གསང་བདག་བློ་གཏེར་རྗེའི།།
ང༵ག་དབ༵ང་འཇི༵གས་མེ༵ད་མཐུ༵་སྟོ༵བས་རྩལ་རྫོགས་པའི།།
ལུང་རྟོགས་དབ༵ང་ཕྱུ༵ག་ཆེན་པོ་གསོལ་བ་འདེབས།།
གསུང་ང༵ག་ཚད་མ་སྙན་རྒྱུད་རྒྱ་མཚོས་ཕྱུག།
ཟབ་རྒྱས་དབ༵ང་རྒྱུད་རྒྱུད་ཀུན་གསལ་བྱེད་མཆོག།
སྔགས་འཆང་རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆེ།།
མཐུ༵་སྟོ༵བས་དབ༵ང་ཕྱུ༵ག་དངོས་བྱོན་གསོལ་བ་འདེབས།།
རྣམ་འདྲེན་གང་ཉིད་ཞབས་པད་བསྐལ་པ་བརྒྱར།།
བཞུགས་ནས་ཐེག་གསུམ་ཆོས་འཁོར་བསྐོར་བའི་ཚེ།།
བདག་དང་བདག་གི་གདུལ་བྱར་གྱུར་པ་ཀུན།།
སྐྱེ་ཞིང་སྐྱེ་བ་ཀུན་ཏུ་རྗེས་འཛིན་ཤོག།
དེ་ཚེ་དབང་གི་འགྲོས་བཞི་ཐིམ་རིམ་གྱིས།།
གནས་གྱུར་སྐུ་བཞི་བཅུ་གསུམ་རྡོ་རྗེའི་ས།།
ཆེ་བ་གསུམ་ལྡན་དེ་ཉིད་མངོན་གྱུར་ནས།།
འགྲོ་ཀུན་རྡོ་རྗེ་འཆང་དབང་ཐོབ་པར་ཤོག། །།
ཅེས་པའང་རྗེ་འདི་ཉིད་ལས་རྒྱུད་སྡེ་སོགས་ཐོས་པས་མི་ཕྱེད་པའི་དད་པ་ཆེན་པོ་དང་ལྡན་པ་ཁྱབ་བདག་བཀའ་འགྱུར་བ་ངག་དབང་ཀུན་དགའ་བསྟན་འཕེལ་ལམ་འཆི་མེད་ཚེ་རིང་པས་བྲིས་པ་དེ་དེ་བཞིན་འགྲུབ་པར་གྱུར་ཅིག །