ཞབས་བརྟན་གསོལ་འདེབས་རྡོ་རྗེའི་གོ་ཁྲབ་ཞེས་བྱ་བ་བཞུགས་སོ།།
འཁོར་འདས་སྣང་བ་ངོ་བོ་རིག་པའི་གཤིས།།
དྭངས་གསལ་རྙོག་བྲལ་བཅོས་མིན་ནམ་མཁའི་མདངས།།
སྐུ་བཞིའི་འཕོ་འགྱུར་ཡེ་ནས་མ་མྱོང་བའི།།
རྡོ་རྗེ་འཆང་དངོས་བླ་མར་གསོལ་བ་འདེབས།།
དམུ་རྒོད་གདུལ་དཀའ་སྙིགས་མར་ཡང་སྙིགས་དུས།།
རྒྱལ་བ་གཞན་ལས་ཐུགས་རྗེའི་རྩལ་མྱུར་བས།།
འཇ༵མ་དབྱ༵ངས་བླ་མ་རྒྱལ་བའི་སྤྱི་གཟུགས་མཆོག།
གང་འདུལ་སྨྲ་བའི་སེ༵ང་གེ༵་ཞབས་བརྟན་ཤོག།
ལུང་རྟོགས་བཤད་སྒྲུབ་སྙིང་པོ་ལྷུར་ལེན་ཅིང་།།
སྒོ་གསུམ་ཆོས་བརྒྱད་བདུད་དབང་མི་འཆོར་བར།།
སྒྲུབ་བརྒྱུད་བརྒྱད་ཀྱི་སྙིང་པོའི་སྲོག་ཤིང་གང་།།
བསྐལ་ལྡན་ཡོངས་ཀྱི་སྤྱི་ནོར་ཞབས་བརྟན་ཤོག།
འཇམ་དབྱངས་ས་ཆེན་གསུང་ངག་ལམ་འབྲས་བཅུད།།
རྣལ་འབྱོར་དབང་ཕྱུག་དངོས་ནས་བྱིན་པ་བཞིན།།
དེ་ཕྱིར་དུས་གསུམ་རྒྱལ་ལ་གསོལ་འདེབས་ན།།
འཇིགས་མེད་སྨྲ་བའི་སེ༵ང་གེ༵་ཞབས་བསྟན་ཤོག།
ཇི་ལྟར་བཙལ་ཡང་བདག་གི་ཡིད་ངོ་རུ།།
ཁྱེད་ལས་གཞན་པའི་རིགས་བདག་མ་རྙེད་པས།།
བདག་སོགས་སྐལ་བཟང་ཡོངས་ཀྱི་མགོན་པོ་ཉིད།།
ཚེ་ལྷ་རབ་འབྱམས་ངོ་བོ་ཞབས་བརྟན་ཤོག།
དམར་པོ་ལྷ་གསུམ་རང་སྣང་དབང་དུ་བསྡུས།།
གུར་ཞལ་ལྕམ་གསུམ་མཚན་རྟོག་བདུད་ཚོགས་བཅོམ།།
སྐུ་ཚེའི་ཁམས་བརྟན་ཕྲིན་ལས་ཕྱོགས་བརྒྱར་འཕེལ།།
ཚེ་གཅིག་བླ་མའི་ལམ་གྱིས་གྲོལ་བར་ཤོག།
ཅེས་རྗེ་བླ་མ་ལམ་འབྲས་པའི་དགུང་སྐེག་ཞི་ཕྱིར་གྭ་གུ་ལས་འཛིན་རྣམས་ནས་བཀའ་སྩལ་བཞིན་ངེས་མེད་ཀུན་ཏུ་རྒྱུ་འཆི་མེད་ཚེ་རིང་པས་དད་པའི་ཞིང་ས་ནས་ཅི་འཆར་བོད་ཟླ་དང་པོའི་ཚེས་གསུམ་གྱི་སྔ་ཆར་མྱུར་བྲིས་བྱས་པས་དེ་དེ་བཞིན་འགྲུབ་པར་གྱུར་ཅིག་གུ།