རྫུ་འཕྲུལ་གྱི་ནུས་པ་དང་ལས་སྟོབས་ལྡན་གྱི་ནུས་པ་མི་དཀྱུས་མ་ལ་སྦྱར་བའི་དྲི་བ་ལ་ལན་དུ་བཀའ་བསྟན་དགོངས་པ་ལུང་རིགས་དངོས་མྱོང་གསུམ་དང་སྦྱར་བ་བཞུགས་སོ།།
གླེ་མདའ་ཡེ་ཤེས་འཕྲིན་ལས་ནས། དྲི་བ་འདི་དག་ལ་ལན་ཞིག་ཡོད་པར་མཁྱེན།
༡༽དཔལ་ལྡན་ཟླ་བས་རི་མོ་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་སམ་མ་བཞོས། མ་བཞོས་ན་རང་རེའི་ཡིག་ཆ་སོགས་གཞུང་རྣམས་དང་འགལ་སྤོང་ཇི་ལྟར་བྱེད། བཞོས་ན་རི་མོ་བྲིས་པའི་བ་དྲུས་མ་ལ་འོ་མ་ཡོད་དམ་མེད། ཡོད་ན་རི་མོ་བྲིས་པའི་གཡག་སོགས་ལའང་འོ་མ་ཡོད་པའི་སྐྱོན་འཇུག་ལ། མེད་ན་ཟླ་བས་བཞོས་པ་དང་འགལ། གལ་ཏེ་འོ་མ་མེད་ཀྱང་ཟླ་བས་བཞོས་པ་ཁས་ལེན་ན་དངོས་འགལ་དང་ཚད་མ་དོན་མེད་དུ་མི་འགྱུར་རམ།
ལན། (1) (རྟེན་འབྲེལ་ལ་མངའ་བརྙེས་ན་རྫུ་འཕྲུལ་གྱིས་གང་སྤྲུལ་སྤྲུལ་ཡིན་པས་མི་ཐ་མལ་པ་དང་དམ་པའི་སྐྱེས་བུ་འདྲ་མཚུངས་ནི་བཀའ་བསྟན་ནང་རྫུ་འཕྲུལ་སྐོར་ལ་རྒྱུས་མེད་པའམ་དྲན་ལམ་ན་མེད་པའི་དྲི་བ་ཞིག་རེད། དཔེར་ན། ནམ་མཁའ་ཐོགས་མེད་དང་བྲག་རྡོ་ཐོགས་ཅན་ཡིན་ཡང་རྗེ་བཙུན་མི་ལས་ལོ་སྟོན་སོགས་ཀྱི་མདུན་དུ་བྲག་ལ་མི་ཐོགས་པར་རྫུ་འཕྲུལ་སྟོན་པ་དང་། ལོ་སྟོན་སོགས་ནམ་མཁའ་ལ་ཐོགས་བཅུག་པ་བཞིན་ནམ།)
༢༽རྡུལ་ཕྲ་རབ་གཅིག་གི་ཁྱོན་ཙམ་ལ་འཇིག་རྟེན་གྱི་ཁམས་འདི་ཤོང་ངམ་མི་ཤོང་། ཤོང་ན་མིའི་ཁ་ནང་ལ་རི་རྒྱལ་ཤོང་བའི་སྐྱོན་འཇུག་ལ། མི་ཤོང་ན་གཞུང་རྣམས་དང་འགལ་བ་ཇི་ལྟར་སྤོང་། མི་ཤོང་ཡང་སངས་རྒྱས་ཀྱིས་ཤོང་བར་བྱེད་དོ་དགོངས་ན་དོན་དངོས་པོ་ལ་བསྒྱུར་བཅོས་གཏོང་དགོས་པ་དང་ཚད་མ་གཅིག་གིས་གཅིག་ལ་གནོད་པར་འདོད་དགོས་པར་མི་འགྱུར་རམ།
ལན། (2) (རྡུལ་ཕྲ་རབས་གཅིག་གི་ནང་ལ་སྤྱི་བཏང་རྡུལ་གཉིས་མི་ཤོང་ཡང་། སངས་རྒྱས་ཀྱི་ནུས་པས་རྡུལ་གཅིག་གི་ནང་དུ་རྡུལ་ཕྲ་རབས་ཡོད་ཚད་བཅུག་ནུས་པ་མདོ་ཕལ་མོ་ཆེ་ལས་གསུངས། དཔེར་ན། དེང་གི་ཆེས་མཐོ་ཚན་རིག་རྡུལ་ཕྲན་དངོས་ཁམས་རིག་པ་བས་སྟོང་གསུམ་འཇིག་རྟེན་གཅིག་གི་དངོས་པོ་ཡོད་ཚད་བུ་ག་ནག་པོ་ཞེས་རྡུལ་ཕྲ་རབ་བམ་ཨེ་ཊོམ་གཅིག་གི་བོང་ཚད་ཙམ་གྱི་ནང་དུ་བསྡུས་འགྲོ་བ་རྩིས་རིག་གིས་བཏོན་པ་བཞིན་ནོ། །)
༣༽གཡག་རྭའི་ཕུགས་ན་རྗེ་མི་ལ་བཞུགས་ནས་མགུར་བླངས་བ་ཁས་ལེན་ནམ་མི་ལེན། དེ་ལྟར་ཁས་ལེན་ན་གཡག་རྭའི་ཕུགས་ན་རྗེ་མི་ལ་ཤོང་ངམ་མི་ཤོང་། ཤོང་ན་དོན་དངོས་པོ་ལའང་ཤོང་བས་གཡག་རྭའི་ནང་ན་གཡག་ཀྱང་ཤོང་བའི་སྐྱོན་འཇུག་ལ། མི་ཤོང་ན་རྗེ་བཙུན་ཡིག་ཆ་སོགས་གཞུང་དུ་མ་དང་འགལ་སྤོང་ཇི་ལྟར་བྱེད། གལ་ཏེ་མཐུ་དང་ནུས་པ་རྫུན་འཕྲུལ་སོགས་བསམ་གྱི་མི་ཁྱབ་པ་ལ་ཁ་གཡར་ནས་ལན་ཐད་ཀར་ལན་མེད་ན་ཐ་སྙད་ཚད་གྲུབ་ཟེར་བ་ཚིག་ཙམ་དུ་མི་འགྱུར་རམ།
ལན། (3) (དྲི་བ་འདི་ནི་འཇིག་རྟེན་པའི་རྫུ་འཕྲུལ་ཙམ་ལའང་གོ་བ་མེད་པའི་རྟགས་ཐོན་འདུག་ལ། མ་ཟད་རྗེ་བཙུན་མི་ལ་ལྟ་བུས་ཟུང་འཇུག་གི་སྐུ་བརྙེས་ཟིན་པ་མིན་ནམ། ཞེས་ཕར་འདྲི་རྒྱུ་ཡིན། གལ་ཏེ་བརྙས་པ་ཡིན་ན་སྐུ་ཐུགས་ཟུང་འཇུག་འཇུག་གི་གོ་དོན་མ་བླངས་སམ། ཐུགས་ཀྱི་མཁྱེན་པ་ལ་གཟུགས་ཀྱི་བོང་ཚད་ལྟར་ཡོད་དམ་མེད། ཐུགས་ཀྱིས་ཇི་སྙེད་ཁྱབ་པར་སྐུ་ཡིས་ཀྱང་དེ་སྙེད་ཁྱབ་པ་བཀའ་བསྟན་འཁྲུལ་མེད་ཀྱི་གཞུང་དོན་རེད། དེས་ན་མཐུ་དང་རྫུ་འཕྲུལ་སྟོན་པ་དེ་མཐུ་དང་རྫུ་འཕྲུལ་རེད་ཟེར་ན་ཁ་གཡར་དོན་གང་ཡིན་ནམ། དངོས་ཡོད་གནས་ཚུལ་ཚང་མ་སོ་སྐྱེ་ཐ་མལ་པ་དང་སྦྱར་དགོས་དོན་གང་ཡིན་ནམ། ཞེས་འདི་རྣམས་ཚང་མ་ལ་ལན་ཐོབས་ཤིག །)
༤༽མདོར་ན་དྲི་བ་དེ་དག་ལ་ཁ་ཚོན་ཆོད་པའི་ལན་ཡོད་དམ་མེད། དེ་བཞིན་དུ་རྡུལ་ཕྲ་མོ་གཅིག་གི་སྟེང་དུ་ལྷ་མ་ཡིན་གྱི་གྲོང་ཁྱེར་ཤོང་བ་དང་། ཕུགས་པ་འདམ་གང་གི་ནང་ལ་ཡན་ལག་བཞི་པའི་དམག་ཚོགས་ཡོད་ཆོག་པ་དང་། རྒྱལ་པོ་ཨི་ཊ་ཡ་ནའི་ཡུལ་དུ་ས་དང་རྡོའི་ཆར་པ་འབབ་པ་དང་། ཡི་དྭགས་འགའི་ཡུལ་དུ་ནམ་མཁའ་ནས་མཚོན་གྱི་ཆར་པ་འབབ་པ་དང་། ནམ་མཁའ་ནས་རིན་པོ་ཆེའི་ཆར་པ་འབབ་པ་ཡོད་པ་སོགས་ནི་མདོ་དང་རྒྱ་གཞུང་དག་ལའང་གསལ་བས་དཀའ་བའི་གནས་འདི་དག་ལ་གསལ་བཤད་ཡོད་པར་མཁྱེན། མཁྱེན།
ལན། (4) (མདོར་ན་དྲི་བ་འདི་རྣམས་ཚང་མ་མདོ་ལས་སོ་སྐྱེའི་བསམ་གྱིས་མི་ཁྱབ་པ་བཞི་གསུངས་པ་ཚང་མ་སོ་སྐྱེའི་བསམ་པས་ཁྱབ་པ་ལ་བཙུད་ནས་དྲིས་འདུག་པས་ལན་གདབ་རིན་མི་འདུག །འོན་ཀྱང་གཞུང་ལུགས་ལ་ལུང་རིགས་བརྡར་་ཤ་བཅད་མེད་པའི་དྲི་བ་འདི་རྣམས་ལ་གཞུང་དོན་དང་སྦྱར་ནས་དཔེ་འཁྲིད་ཚུལ་དུ་ལན་གནད་བསྡུས་ཀྱིས་མཇུག་བསྡུ་བར་བྱའོ། །སྤྱི་བཏང་གི་ཆུ་ཕོར་བ་གང་གི་གོ་ས་ལ་ཆུ་སོགས་ཕོར་བ་གསུམ་བླུག་ན་ཕྱི་ལ་ཐོན་པར་གྲུབ་ཟིན་སྒྲུབ་པ་ཡིན། འོན་ཀྱང་ལས་དཀྱུས་མ་ཙམ་མིན་པར་ལས་སྟོབས་ལྡན་བསགས་པའི་ལྷ་མི་ཡི་དྭགས་གསུམ་དུས་གཅིག་ཏུ་རྩ་བའི་ཆུ་ཕོར་གང་ཡོད་ས་དེར་ཉེ་བར་བཅར་བ་ན། ཆུ་ཕོར་བ་གང་གི་ཆ་ཤས་ཆུང་ངུ་གཅིག་གིས་ཉེར་ལེན་དང་ལྷ་ཡི་ལས་སྟོབས་ཀྱིས་ལྷན་ཅིག་བྱེད་རྐྱེན་གྱིས་ཕོར་གང་གི་གོ་ས་དེ་ག་ལ་བདུད་རྩིས་ཕོར་གང་དེ་མ་ཐག་ཏུ་གྲུབ་ནས་ལྷ་དེས་ལོངས་སྤྱོད་པ་ནི་དོན་དངོས་ཡིན་པས་ཚད་མས་གྲུབ་ལ། ཚུལ་འདི་ལྟ་བུ་ལ་བསམ་གྱིས་མི་ཁྱབ་པ་ཟེར་བ་རེད། དེ་བཞིན་དུ་ཡི་དྭགས་དང་མི་གཉིས་ལའང་རིགས་འགྲེའོ། །དཔེ་འདི་དྲངས་ནས་དཔལ་ལྡན་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ལས་གནད་འགག་གང་གསུངས་པ་ནི། མངོན་པ་ནས་བཤད་པའི་རི་རབ་དང་དུས་འཁོར་ནས་བཤད་པ་རི་རབ་གཉིས་ཀ་གོ་ས་གཅིག་ཏུ་ཡོད་ཀྱང་གཅིག་གིས་གཅིག་བཀག་མི་དགོས་པར་གསུངས་ཤིང་། དབུ་མ་ལས་དངོས་སྨྲ་བའི་ཚད་མ་འགོག་ཏེ་རང་ལུགས་ཀྱི་ཐ་སྙད་པའི་ཚད་མ་དོན་ལྡན་འཇོག་པའི་དཔེར་ཆུ་ཀླུང་གནག་ཁྲག་གི་སྐོར་འདི་གསུངས་པ་བཞིན་ནོ།། དེས་ན་དྲི་བ་འདི་དག་ནི་དགེ་ཆོས་ཀྱི་ཚིག་འཁྲི་དོན་ལ་གནས་བསམ་པ་ཞེན་ཕུགས་ལ་བཅངས་རྟགས་ཐོན་འདུག་པས། ལན་གནད་བསྡུས་ཙམ་མཛུལ་མོ་འགུལ་ཐེངས་ཀྱི་སྦྱོར་བ་རྒྱུན་གཅིག་ལ་འཕྲལ་མར་བྲིས་སོ། །
ངག་གི་དབང་ཕྱུག་ནས་ (2024/11/19/13/27) དྲི་བ་མཐོང་མ་ཐག་དུ་བྲིས་ཏེ་སྤྲིངས་སོ།།