སྙིགས་དུས་འགྲོ་བ་སེམས་ཅན་ལས་ངན་རྣམས།། དེང་དུས་བསོད་ནམས་དབང་གིས་མར་འགྲིབ་སྐབས།། ནད་མུག་མཚོན་དང་འཁྲུག་རྩོད་དབུལ་ཕོངས་ཤར།། ས་བཅུད་ཉམས་པའི་འབྲུ་བཅུད་མི་འཕེལ་ལ།། མི་འདོད་སྡུག་བསྔལ་རང་འབྱུང་འགྲུབ་པའི་སྐབས།། འཆི་མེད་བླ་ཆེན་དྲན་པ་ཡབ་སྲས་གསུམ།། བྱིན་བརླབས་དཔག་མེད་དགུ་འགྱུར་ཆེ་བའི་དུས།། སེམས་ཅན་རྣམས་ཀྱིས་ཐེ་ཚོམ་མེད་པ་དང་།། ཞེ་སྙིང་གཏིང་ནས་གསོལ་འདེབས་བྱེད་པ་དང་།། ཕྱག་འཚལ་མོས་གུས་ནང་ནུབ་དུས་དྲུག་སོགས།། རྒྱུན་དུ་གསོལ་འདེབས་འདི་ཉིད་ཉམས་སུ་ལོངས།། ས་མ་ཡ་རྒྱ་རྒྱ་རྒྱ།
ཨེ་མ་ཧོ། ཕྱོགས་བཅུའི་རྒྱལ་བ་ཡི་དམ་མཁའ་འགྲོ་ཡི།། ཐུགས་རྗེའི་བྱིན་བརླབས་གཅིག་ཏུ་བསྡུས་པ་ནི།། འཛམ་བུ་གླིང་དུ་འགྲོ་བའི་དོན་བྱོན་པ།། འགྲོ་དོན་རྒྱུན་ཆད་མེད་པའི་བྱིན་བརླབས་ཅན།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་ཚེ་ལོ་བརྒྱ་ཡི་དུས།། ཚེ་མཐར་མི་ཕྱིན་བར་ཆད་མང་བའི་དུས།། ཁྱེད་ནི་རིག་འཛིན་ཚེ་ལྷའི་འཁོར་གྱིས་བསྐོར།། ཚེ་ཡི་བར་ཆད་ཟློག་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་ས་བཅུད་ཉམས་པའི་དུས།། འབྲུ་བཅུ་མི་འཕེལ་བཙའ་སད་མང་བའི་དུས།། ཁྱེད་ནི་འབྲུ་ཡི་གཏེར་བདག་ཚོགས་ཀྱིས་བསྐོར།། འབྲུ་བཅུད་དངོས་གྲུབ་སྩོལ་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་བསོད་ནམས་མར་འགྲིབ་སྐབས།། དབུལ་འཕོང་ཕྱྭ་གཡང་ཟས་བཅུད་ཉམས་པའི་དུས།། ཁྱེད་ནི་འཛམ་བྷ་ལྷ་ཡི་འཁོར་གྱིས་བསྐོར།། རྒྱུ་ནོར་གཏེར་མཛོད་སྩོལ་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་དཀར་ཕྱོགས་འཁྱམས་པའི་དུས།། ནག་ཕྱོགས་གཞི་བདག་ས་བཟུང་བྱེད་པའི་དུས།། ཁྱེད་ནི་གཞི་བདག་ཟོ་དོར་འཁོར་གྱིས་བསྐོར།། དཀར་ཕྱོགས་རང་གནས་འཁོད་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་ཆར་ཆུ་མི་འབེབ་དང་།། ལྷ་ཀླུ་གཞི་བདག་ཚོགས་རྣམས་ཉམས་པའི་དུས།། ཁྱེད་ནི་ལྷ་ཀླུ་ཆར་བདག་འཁོར་གྱིས་བསྐོར།། ཆར་ཆུ་དུས་སུ་ཕོབས་ཤིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་འཁྲུག་རྩོད་བྱེད་པའི་དུས།། སེམས་ཅན་མང་པོ་གྲི་ལ་འཆི་བའི་དུས།། ཁྱེད་ནི་ཡི་དམ་ཁྲོ་བོ་ཁྲོ་མོས་བསྐོར།། དུས་འཁྲུག་དམག་དཔུང་ཟློག་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་སྒོ་ནོར་འཆི་བའི་དུས།། ཉ་གོར་གློ་ཧོན་ནད་རིགས་དར་བའི་དུས།། ཁྱེད་ནི་མཁའ་འགྲོ་ནོར་ལྷའི་ཚོགས་ཀྱིས་བསྐོར།། ནོར་ནད་མྱུར་དུ་ཟློག་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་ནད་རིམས་འོང་བའི་དུས།། ཚ་གྲང་གོ་ལྡོག་སྨན་སྦྱོར་མི་ཕན་དུས།། ཁྱེད་ནི་སངས་རྒྱས་སྨན་ལྷའི་འཁོར་གྱིས་བསྐོར།། ནད་རིམས་མཐའ་ལ་ཟློག་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་བསམ་པ་མི་འགྲུབ་དུས།། ལམ་ལོག་ཁ་ལོ་འདྲེ་ཡིས་བསྒྱུར་བའི་དུས།། ཁྱེད་ནི་ལྷ་སྲུང་བོན་སྐྱོང་ཚོགས་ཀྱིས་བསྐོར།། བསམ་དོན་ལམ་འགྲོ་མཛོད་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་དགེ་སྦྱོར་མི་འགྲུབ་དུས།། དགེ་བྱེད་ཚུལ་ཁྲིམས་བར་ཆད་མང་བའི་དུས།། ཁྱེད་ནི་རྩ་བའི་བླ་མའི་འཁོར་གྱིས་བསྐོར།། དགེ་བ་མཐའ་རུ་ཕྱིན་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་གཟའ་སྐར་འཁྲུག་པའི་དུས།། ནམ་མཁའ་མེ་འོད་སྤྲིན་ཚོགས་ཤར་བའི་དུས།། ཁྱེད་ནི་དུས་བཞི་ལྷ་ཡི་འཁོར་གྱིས་བསྐོར།། གནམ་ཐན་ལྟས་ངན་ཟློག་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་བར་སྣང་སྟོང་སྒྲ་གྲགས།། ས་གཞི་འགུལ་ནས་སྐྲགས་བསྔངས་འོང་བའི་དུས།། ཁྱེད་ནི་ས་གནོན་ཁྲོ་བོའི་འཁོར་གྱིས་བསྐོར།། ས་གཞི་གཡོ་འགུལ་ཟློག་ཅིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་འདྲེ་རྒོད་དར་བའི་དུས།། ཤི་འདྲེ་གསོན་ལ་གནོད་པ་བྱེད་པའི་དུས།། ཁྱེད་ནི་ཡི་དམ་དྲག་པོའི་འཁོར་གྱིས་བསྐོར།། འདྲེ་གདོན་དམ་ལ་ཐོགས་ཤིག་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ད་ལྟ་དུས་ངན་མ་རུང་ལྟས་ཚོགས་དང་།། མེ་དགྲ་ཆུ་དགྲ་རླུང་དགྲའི་དགྲ་ཚོགས་དང་།། ས་དགྲ་འབྱུང་བ་དུས་ཀྱི་དགྲ་རྣམས་ཀུན།། ཁྱེད་ཀྱི་ཐུགས་རྗེས་རང་སར་ཞི་བར་ཤོག། བདག་ནི་ནམ་ཞིག་འཆི་བའི་དུས་སྐབས་ལ།། ཁྱེད་ནི་སངས་རྒྱས་བདེར་གཤེགས་འཁོར་གྱིས་བསྐོར།། བར་དོའི་འཇིག་སྐྲག་ཁྱེད་ཀྱིས་བསྐྱབ་ཏུ་གསོལ།། བདེ་ཆེན་ལམ་སྣ་ཁྲིད་མཛད་ཡབ་སྲས་གསུམ།། དྲན་པ་བདུད་འདུལ་སྐུ་ལ་གསོལ་བ་འདེབས།། ཁྱེད་ཀྱི་ཐུགས་རྗེས་ཉེ་རིང་མེད་པ་ལ།། ནང་ནུབ་དུས་དྲུག་ཁྱེད་ཀྱིས་ཐུགས་རྗེས་གཟིགས།། གཟུགས་ཅན་གཟུགས་མེད་དགྲ་ཚོགས་ཁྱེད་ཀྱིས་ཟློག། འདི་དང་ཕྱི་མའི་སྐྱབས་མགོན་མ་ཆུང་ཞིག། བསམ་པའི་དོན་ཀུན་འགྲུབ་པར་བྱིན་གྱིས་རློབས།། ཨཱོྃ་ཨ་ཧཱུཾ། དྲན་པ་མུ་ལ་ཧ་ར་ཎི་ས་སདྷི་འདུས་འདུས།
ཞེས་བླ་ཆེན་དྲན་པ་ཡབ་སྲས་ཀྱི་གསོལ་འདེབས་འདི་ཡང་། ཁྱི་ལོ་ཟླ་ཚེས་ཉི་ཤུ་ལ། ཊཀྐི་ཞིག་གིས། དེང་དུས་དྲན་པའི་གསོལ་འདེབས་འདི་ཀུན་ལ་བསྒྲག་པ་གལ་ཆེ་ཟེར་ནས་འཁྲུལ་སྣང་ཡལ་ལོ།།ཀུན་གྱིས་ཁ་ཙམ་མིན་པར་སྙིང་ནས་ཐེ་ཚོམ་མེད་པར་བཏོན་ན། འདི་ཕྱི་གཉིས་ཀྱི་དོན་འགྲུབ་པ་གདོན་མི་ཟའོ།། དབྲ་སྤྲུལ་བསྟན་འཛིན་དབང་རྒྱལ་གྱིས་ཕབ་པ་དགེ་དེ་འགྲོ་བར་བསྔོའོ།།