༄༅སྔོན་འགྲོའི་ངག་འདོན།།

文摘   历史   2024-09-04 11:57   青海  

སྔོན་འགྲོའི་ངག་འདོན་བསླབ་གསུམ་རིན་ཆེན་

འདྲེན་པའི་ཤིང་རྟ་ཞེས་བྱ་བ་

བཞུགས་སོ།།   

  བླ་མ་དང་ལྷག་པའི་ལྷ་འོད་དཀར་གནས་འཛིན་ལ་ཕྱག་འཚལ་ལོ།།  དེ་ལ་འདིར་དོན་རྣམ་པ་བཅུ་གཉིས་ཀྱིས་བསྟན་ཏེ།  ཐོག་མར་ཐོ་རངས་མལ་ནས་ལྡང་བའི་ཚེ།  དུས་གསུམ་གྱི་བག་སྒྲིབ་ཐམས་ཅད་རླུང་རོ་གསུམ་མ་དགུས་མ་ལུས་པ་ཕྱིར་དབྱུང་ཞིང་།  ཤེས་པ་རྣལ་དུ་ཕབ་ནས་བསམ་གཏན་གྱི་སྣོད་དུ་རུང་པར་བྱས་ལ།  དེ་ནས།  བླ་མ་མཁྱེན།  བླ་མ་མཁྱེན།  བླ་མ་མཁྱེན་ནོ།།  ཞེས་གདུང་ཤུགས་དྲག་པོས་བོས་ལ།  སྙིང་དབུས་ཀྱི་བླ་མ་རྩ་དབུ་མའི་ལམ་བརྒྱུད་དེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་ཡེ་རེ་བཞུགས་པར་བསམ་ཞིང་།  སྙན་པའི་དབྱངས་ཀྱིས་འདི་སྐད་བརྗོད་དོ།  སྙིང་དབུས་དག་པ་བདེ་ཆེན་ཞིང་ཁམས་ནས།  ལྷན་སྐྱེས་ཡེ་ཤེས་ངོ་བོ་བླ་མ་རྗེ་།  ཉོན་མོངས་གདོན་གྱིས་གཟེར་བའི་སྐལ་ངན་བདག།  ཐར་མེད་འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར།  དབུ་མ་རྩ་མཆོག་ལམ་ནས་ཡར་བྱོན་ལ།  སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་བཞུགས་ནས།  སྣང་བ་སྒྱུ་མར་འབྱོང་པར་བྱིན་གྱིས་རློབས།  གཉིས་པ་དལ་འབྱོར་རྙེད་དཀའ་བ་ནི།  ད་རེས་དམྱལ་བ་ཡི་དྭགས་དུད་འགྲོ་དང་།  ཚེ་རིང་ལྷ་དང་ཞིང་ཁམས་སྟོང་པ་དང་།  མཐའ་འཁོབ་ཀླ་ཀློ་དབང་པོ་མ་ཚང་པ།  ལྟ་བ་ལོག་དང་མི་ཁོམ་བརྒྱད་སྤངས་ནས།   མི་ཡི་དབུས་སྐྱེས་དབང་པོ་སྒོ་ལྔ་ཚང་།  ལས་མཐའ་མ་ལོག་སངས་རྒྱས་བསྟན་ལ་དད་།  སྟོན་པ་བྱོན་དང་བོན་གསུང་དེ་ཉིད་གནས།  འཇུག་པའི་སྟོབས་ཡོད་དགེ་བའི་བཤེས་ཀྱིས་ཟིན།  འདི་འདྲའི་ལུས་རྟེན་རྙེད་པ་ད་རེས་ཙམ།  བློ་སྣ་དགེ་ལ་བསྒྱུར་ཅིག་སྙིང་རྗེའི་ལྷ།  ལོག་པའི་ལམ་ལ་མ་གཏོང་གྱེར་སྤུངས་ཆེ།  མྱུར་དུ་ཐར་པར་དྲོངས་ཤིག་མཉམ་མེད་པ།  དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན།  དུག་ལྔས་སེམས་ད ཀྲུག་ལུས་ལ་ནད་ཀྱིས་གདུངས།  བགེགས་ཀྱིས་རྒྱུད་རློམས་དགྲ་གཉེན་གྱིས་འཚེ་བ།  འཁོར་བས་བསླུས་དང་ཤེས་རབ་དམན་པ་དང་།  འདུ་འཛིས་གཡེང་ཞིང་དགེ་བསམ་མི་འགྲུབ་དུས།  བློ་སྣ་དགེ་ལ་བསྒྱུར་ཅིག་སྙིང་རྗེའི་ལྷ།  ལོག་པའི་ལམ་ལ་མ་གཏོང་གྱེར་སྤུངས་ཆེ།  མྱུར་དུ་ཐར་པར་དྲོངས་ཤིག་མཉམ་མེད་པ།  དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན།  གསུམ་པ་ཚེ་མི་རྟག་པ་ནི།  ཕྱི་སྣོད་འཇིག་ཅིང་ནང་བཅུད་སེམས་ཅན་སྟོང་།  སངས་རྒྱས་སྐུ་འདས་སྐྱེ་དགུའི་བདག་པོའང་འཆི།  དེ་བཞིན་བདག་ཀྱང་ངེས་པར་འཆི་དགོས་ཤིང་།  ནམ་འཆི་ཆ་མེད་འཆི་ཁར་ཅིས་མི་སྟོང་།  འཆི་བའི་དུས་བབ་འབྱུང་བ་འཇིག་སྡུད་ཚེ།  ལུས་ལ་ན་ཚ་སེམས་ལ་འཇིགས་སྐྲག་ཆེ།  འདི་འདྲའི་སྡུག་བསྔལ་ཆེན་པོས་བདག་གནོན་ཚེ།  ཐུགས་རྗེས་སྐྱོབས་པ་མ་ཆུང་སྙིང་རྗེའི་ལྷ།  ངན་སོང་གཡང་ལ་མ་གཏོང་གྱེར་སྤུངས་ཆེ།  ཕྱི་མའི་ལམ་སྣ་འདྲེན་ཅིག་མཉམ་མེད་པ།  དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན། བཞི་པ་འཁོར་བའི་ཉེས་དམིགས་ནི།  བདག་ནི་ཉོན་མོངས་དུག་གསུམ་དབང་གྱུར་པས།  ཕྱི་མར་ངན་སོང་སྡུག་བསྔལ་མྱོང་འགྱུར་ན།  ཡང་སོས་ཐིག་ནག་བསྡུས་འཇོམས་ངུ་འབོད་དང་།  ངུ་འབོད་ཆེན་པོ་ཚ་བ་ཚ་བ་ཆེ།  མནར་མེད་པ་དང་ཉེ་འཁོར་བཅུ་དྲུག་སོགས།  ལྕགས་བསྲེགས་གཞི་ལ་འབར་བ་མེས་སྲེག་ཅིང་།  རྣོ་གཅོད་མཚོན་ཆས་ཡང་ཡང་གཤའ་བཏུབ་དང་།  སོག་ལེས་གཤོགས་ཅིང་རི་རབ་བར་དུ་གཅུར།  ལྕགས་བསྲེགས་ཁང་པ་མེ་འབར་ནང་དུ་སྲེག།  ཁྲོ་ཆུའི་ཀློང་འཚོད་གསལ་ཤིང་འབར་བས་ཕུག།  མེ་མ་མུར་གྱིས་རྐང་ལུས་གང་རེག་འཚིག།  རོ་མྱག་འདམ་དུ་མཆུ་རྣོན་འབུ་ཡིས་ཟ།  སྤུ་གྲིའི་ལམ་ཕྱིན་རྐང་པའི་ཤ་རུས་གཅོད་།  རལ་གྲིའི་ཚལ་གྱིས་རང་ལུས་ཚལ་པར་གཤག།  ཐལ་ཚན་ཆུ་བོས་ཤ་རུས་སོ་སོར་བྱེ།  ཤ་མ་རིར་འཛེག་མི་ཐར་ཆུ་གྲིས་གཅོད་།  འདི་འདྲའི་འཇིགས་པའི་ཡུལ་དུ་བདག་ལྷག་ཚེ།  ཐུགས་རྗེས་གཟིགས་པ་མ་རལ་སྙིང་རྗེའི་ལྷ།  སྡུག་བསྔལ་འདི་ལས་སྐྱོབས་ཤིག་གྱེར་སྤུངས་ཆེ།  གནས་ངན་འདི་ལས་དྲོངས་ཤིག་མཉམ་མེད་པ།  དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན།  དེ་བཞིན་གངས་སྦུབས་རླུང་ནག་འཚུབ་མའི་ནང་།  རང་ལུས་གྲང་ལྷགས་ཆེན་པོས་གཟིར་བའི་ཚེ།  ལུས་ལ་ཆུ་བུར་རྡོལ་དང་རྣག་ཁྲག་ཟག།  ཨ་ཆུ་ཀྱི་ཧུད་མྱ་ངན་སྨྲེ་ངག་འདོན།  སྐད་འདོན་མི་ནུས་སོ་གཉིས་ཐུམ་ཐུམ་འགྲིག།  རང་ལུས་ཨུ་དཔལ་དང་ནི་པདྨ་དང་།  པདྨ་ཆེ་ལྟར་ཚལ་པར་འགས་གྱུར་ཏེ།  གྲང་བའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་།  ཉི་ཚེ་པའང་དེ་བཞིན་ཡ་ངའི་གནས།  འདི་འདྲའི་སྡུག་བསྔལ་དྲག་པོས་བདག་མནར་ཚེ།  ཐུགས་རྗེས་གཟིགས་པ་མ་རལ་སྙིང་རྗེའི་ལྷ།  སྡུག་བསྔལ་འདི་ལས་སྐྱོབས་ཤིག་གྱེར་སྤུངས་ཆེ།  གནས་ངན་འདི་ལས་དྲོངས་ཤིག་མཉམ་མེད་པ།  དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན།  ཡི་དྭགས་གནས་ན་འདུག་དང་མཁའ་ལ་རྒྱུ་།  རྒྱུ་དྲུག་འཁོར་བ་ལ་སོགས་བཀྲེས་སྐོམ་དང་།  ལུས་ལ་སྐྱོན་ཆགས་ཟས་སྐོམ་ཁར་མི་ཐར།  སེམས་ལ་སྐྱོན་ཆགས་བཟའ་བཏུང་མི་གཙང་མཐོང་།  མེ་ལྕེའི་ཕྲེང་བ་ཁ་ནས་འབར་བ་སོགས།  འཇིགས་སྐྲག་ཡ་ངའི་སྣང་བ་དཔག་ཏུ་མེད་།  བྱོལ་སོང་གནས་ན་ལས་ཀྱིས་སྦྱོང་བ་དང་།  བར་ན་འཐུམ་དང་མཁའ་ལ་རྐྱེན་ཐར་སོགས།  གཅིག་གིས་གཅིག་ཟ་གནོད་ཅིང་འཚེ་བ་དང་།  མུན་པ་ནག་པོ་རབ་ཏུ་གཏིབས་པ་དང་།  གསོད་གཅོད་བཤའ་གཏུབ་བརྡུང་བརྡེག་ལ་སོགས་པའི།  བཀོལ་སྤྱོད་ངལ་དུབ་ལས་ལ་ཟད་པ་མེད་།  འདི་འདྲའི་མ་དག་ཡུལ་དུ་བདག་ལྷག་ཚེ།  ཐུགས་རྗེའི་གཟིགས་པ་མ་རལ་སྙིང་རྗེའི་ལྷ།  སྡུག་བསྔལ་འདི་ལས་སྐྱོབས་ཤིག་གྱེར་སྤུངས་ཆེ།  གནས་ངན་འདི་ལས་དྲོངས་ཤིག་མཉམ་མེད་པ།  དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན།  ལྔ་པ་མཚམས་སྦྱར་ཏེ་ལས་ཀྱིས་རྣམ་བཞག་ནི།   མི་ལ་སྡུག་བསྔལ་ཡ་བཞི་ཟུང་བརྒྱད་རྒྱས།  ལྷ་མིན་འཐབ་རྩོད་ལྷ་ལ་ཕམ་ལྟུང་དང་།  མདོར་ན་འཁོར་བའི་གནས་རིགས་དྲུག་པོ་འདིར།  གར་སྐྱེས་ཅི་བྱས་སྡུག་བསྔལ་རང་བཞིན་ལས།  གཅིག་མེད་གྱུར་པ་འདི་ནི་རབ་ངེས་ནས།  ད་རེས་ཐར་པའི་ལམ་མཆོག་སྒྲུབ་པ་ལ།  སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད།  རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ།  མངན་སེམས་གནོད་སེམས་ལོག་ལྟ་ལ་སོགས་པའི།  ལས་དང་ཉོན་མོངས་དྲག་པོས་བདག་གདུང་ཚེ།  བློ་སྣ་དགེ་ལ་བསྒྱུར་ཅིག་གཤེན་ལྷ་འོད།  ལོག་པའི་ལམ་ལ་མ་གཏོང་གྱེར་སྤུངས་ཆེ།  ཐར་པའི་ལམ་ལ་དྲོངས་ཤིག་མཉམ་མེད་པ།  དབྱེ་བ་མེད་དོ་དྲིན་ཆེན་བླ་མ་མཁྱེན།  དྲུག་པ་སྐྱབས་འགྲོ་ནི།  མདུན་མཁར་སེང་ཁྲི་པད་ཉི་ཟླ་བའི་སྟེང་།  རྩ་བའི་བླ་མ་ལོངས་སྐུའི་ཆས་ཀྱིས་བརྒྱན།  སངས་རྒྱས་བོན་དང་སེམས་དཔའི་ཚོགས་རྣམས་དང་།  ཡི་དམ་མཁའ་འགྲོ་སྲུང་མས་བསྐོར་ནས་བཞུགས།  གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ།  དུས་གསུམ་བདེར་གཤེགས་འགྲོ་བ་ཡོངས་ཀྱི་མགོན།  སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན།  ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོན་པའི་སྒྲོན།  གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆིའོ།།  བདུན་པ་སེམས་བསྐྱེད་ནི།   ཀྱེ་མ་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས།  ཀུན་ཀྱང་ཕ་མར་མ་གྱུར་མེད་ངེས་པས།  ཐམས་ཅད་སྡུག་བསྔལ་ལས་གྲོལ་བདེ་ལྡན་ཏེ།  རྟག་ཏུ་བདེ་སྐྱིད་དཔལ་ལ་སྤྱོད་གྱུར་ཅིག།  ཇི་ལྟར་རྒྱལ་བ་འཕགས་པ་ཅི་བཞིན་དུ་།  འདི་སོགས་དུས་གསུམ་དགེ་བའི་མཐུ་དཔལ་གྱིས།  སེམས་ཅན་སངས་རྒྱས་ཐོབ་པར་བྱ་བའི་ཕྱིར།  བདག་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ།།  བརྒྱད་པ་ཡིག་བརྒྱའི་སྒོམ་ཟླས་ནི།  རང་གི་སྤྱི་གཙུག་པད་དཀར་ཉི་ཟླའི་སྟེང་།  དྲིན་ཆེན་བླ་མ་གཤེན་ལྷའི་རྣམ་པ་རུ་།  དཀར་གསལ་རྒྱན་ལྡན་གཡོ་མེད་བཞུགས་པ་ཡི།  ཐུགས་ཁར་ཟླ་སྟེང་བསྭོའི་མཐར་ཡིག་བརྒྱའི་སྔགས།  གཡས་སུ་ཀྱི་ལེར་འཁོར་ལས་ཡེ་ཤེས་ཀྱི།  བདུད་རྩིའི་རྒྱུན་འབབ་སྐུ་དཀྱིལ་ཡོངས་ཁེངས་ནས།  སྤྱི་བོ་ནས་ཐོན་ཕྱག་གི་བུམ་པར་ཞུགས།  བུམ་པའི་ཁ་ལུད་བདག་གི་སྤྱི་བོ་ཡི།  དབུ་མར་ཞུགས་པས་སྡིག་ལྟུང་བག་ཆགས་ཀུན།  འོག་སྒོར་དུད་ཁུའི་རྣམ་པར་བྱུང་བ་ཡིས།  ལན་ཆགས་བདག་པོ་ཐམས་ཅད་ཚིམས་གྱུར་ནས།  རང་ལུས་འོད་ཀྱི་ཕུང་པོར་སོང་བར་བསམ།  བསྭོ་དམུ་ར༴།  ཅི་ནུས་བགྲང་ལ།  སླར་ཡང་རང་ལུས་འོད་གསལ་བདུད་རྩིའི་ཆར།  བ་སྤུ་བུག་སྒོ་ནས་བབ་འགྲོ་ལ་ཕོག།  ཀུན་ཀྱི་སྡིག་ལྟུང་བག་ཆགས་དག་ནས་སུ་།  ཐམས་ཅད་ཀུན་བཟང་སྐུ་རུ་གྱུར་པར་བསམ།  བསྭོ་དམུ་ར་ཏ་ཧན༴།  བགྲང་ལ།  བདག་སོགས་ནམ་མཁའི་མཐའ་མཉམ་འགྲོ་ཀུན་གྱི།  ཐོག་མའི་དུས་ནས་ད་ལྟ་ཡན་ཆད་དུ་།  མི་དགེ་སྡིག་པའི་ལས་ངན་གང་བགྱིས་པ།  ཐམས་ཅད་རྒྱལ་བའི་དྲུང་དུ་མཐོལ་ཞིང་བཤགས།  བྱང་ཞིང་དག་ནས་ཚངས་པར་བསྩལ་དུ་གསོལ།  ཁྱད་པར་དཀོན་མཆོག་ཡོན་ཏན་མ་མཐོང་དང་།  སྤྱོད་ལམ་རྣམ་བཞིར་སྐྱབས་འགྲོ་མ་སློབ་པ།  སྐྱབས་ཡུལ་སྨོད་དང་འཇིག་རྟེན་ལྷ་ལ་དད།  གཞན་ལ་གནོད་བྱས་ལོག་ལྟ་ཅན་དང་འགྲོགས།  སྐུ་གཟུགས་གླེགས་བམ་མཆེད་གྲོགས་མི་བཀུར་དང་།  གཞན་ཡང་སྡོམ་གསུམ་ཉམས་འགལ་ཐམས་ཅད་བཤགས།  དགུ་པ་མནྜལ་འབུལ་བ་ནི།  ཨེ་མ་འབྱུང་ལྔའི་སྟེང་དུ་རི་རབ་རི་བདུན་དང་།  གླིང་བཞི་གླིང་ཕྲན་ཕྱི་ནང་འདོད་ཡོན་བཅས།  ཉི་ཟླས་བརྒྱན་པ་བྱེ་བ་ཕྲག་བརྒྱ་འདི་།  བདག་གི་བློས་བླངས་འབུལ་ལོ་བཞེས་སུ་གསོལ།  གཞན་ཡང་བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས།  གང་ཡང་རྒྱལ་བའི་ཞིང་དུ་འབུལ་ལགས་ཀྱིས།  ཐུགས་རྗེའི་བྱིན་གྱིས་རློབས་ལ་བཞེས་ནས་ཀྱང་།  བདག་སོགས་འགྲོ་རྣམས་ཚོགས་གཉིས་རྫོགས་པར་ཤོག།  བཅུ་པ་བླ་མའི་རྣལ་འབྱོར་ནི།   ཨེ་མ་ཧོ།  སྐུ་གསུམ་རྫོགས་པའི་སངས་རྒྱས་ལ་གསོལ་བ་འདེབས།  བདེར་གཤེགས་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས།  སེམས་དཔའ་བརྡ་ཡི་བརྒྱུད་པ་ལ་གསོལ་བ་འདེབས།  གྲུབ་ཐོབ་སྙན་ཁུངས་བརྒྱུད་པ་ལ་གསོལ་བ་འདེབས།  སྒྲ་བསྒྱུར་ལོ་ཙའི་བརྒྱུད་པ་ལ་གསོལ་བ་འདེབས།  ལས་འཕྲོ་གཏེར་གྱི་བརྒྱུད་པ་ལ་གསོལ་བ་འདེབས།  རྟོགས་ལྡན་ཉམས་ཀྱི་བརྒྱུད་པ་ལ་གསོལ་བ་འདེབས།  དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས།  དེ་ལྟར་རྩེ་གཅིག་གསོལ་བ་བཏབས་པའི་ཚེ།  བླ་མའི་ཐུགས་ལས་བདུད་རྩིའི་རྒྱུན་བབ་པས།  བདག་སོགས་སེམས་ཅན་ཡོངས་ཀྱི་སྤྱི་བོར་ཐིམ།  ཀུན་ཀྱང་འོད་ཀྱི་ཕུང་པོར་ལམ་ལམ་གྱུར།  སྐྱབས་གནས་མ་ལུས་འོད་ཞུ་བླ་མར་ཐིམ།  བླ་མ་སླར་ཡང་བདག་གི་སྤྱི་བོ་རུ།  འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པར་གྱུར།  སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ།  དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས།  སངས་རྒྱས་སེམས་སུ་སྟོན་པ་རིན་པོ་ཆེ།  རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས།  ཀྱེ་མ་དྲིན་ཆེན་བླ་མ་རིན་པོ་ཆེ།  བདག་ལ་རེ་ས་ཁྱེད་ལས་གཞན་མེད་པས།  གཡེལ་མེད་ཐུགས་རྗེས་གཟིགས་ཤིག་བཀའ་དྲིན་ཅན།  བར་ཆད་གཅིག་ཆར་སོལ་ཞིག་རྫུ་འཕྲུལ་ཅན།  བདག་འཛིན་རྩད་ནས་ཆོད་ཅིག་ཐུགས་རྗེ་ཅན།  ཉོན་མོངས་གཏིང་ནས་ཆོམས་ཤིག་མཁྱེན་པ་ཅན།  དངོས་གྲུབ་ད་ལྟ་སྩོལ་ཅིག་ཡོན་ཏན་ཅན།  ཉམས་རྟོགས་མངོན་དུ་སྤོར་ཞིག་བྱིན་རླབས་ཅན།  འཁོར་བ་འདི་ལས་དྲོངས་ཤིག་ནུས་རྩལ་ཅན།  བཙོན་དོང་འདི་ལས་བཏོན་ཅིག་མཐུ་སྟོབས་ཅན།  སྡུག་བསྔལ་འདི་ལས་སྒྲོལ་ཞིག་སྙིང་རྗེ་ཅན།  འཇིགས་པ་འདི་ལས་སྐྱོབས་ཤིག་བརྩེ་ཆེན་བདག།  ད་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར།  བསླུ་མེད་དྲིན་ཆེན་བླ་མའི་ཐུགས་རྗེས་ཟུངས།  བཅུ་གཅིག་པ་དབང་བཞི་ལེན་པ་ནི།   རིགས་ཀུན་འདུས་གཙོ་དཔལ་ལྡན་བླ་མ་ཡི།  གསང་གསུམ་ཡིག་འབྲུ་ཨ་ཨཱོྃ་ཧཱུྃ་གསུམ་ལས།  འོད་ཟེར་དཀར་དམར་མཐིང་དང་ཧཱུྃ་ཡིག་འཕྲོས།  བདག་གི་སྤྱི་མགྲིན་སྙིང་ག་ནས་ཐིམ་པས།  ལུས་ངག་ཡིད་དང་ཀུན་གཞིའི་ལས་ངན་བྱང་།  རྩ་རླུང་ཐིག་ལེ་ཤེས་བྱའི་སྒྲིབ་པ་དག།  སྐུ་གསུང་ཐུགས་དང་ཡེ་ཤེས་བྱིན་རླབས་ཞུགས།  བུམ་གསང་ཤེས་རབ་དོན་གྱི་དབང་མཆོག་ཐོབ།  བསྐྱེད་བཟླས་ཏིང་འཛིན་རྫོགས་ཆེན་སྣོད་དུ་གྱུར།  རིག་འཛིན་རྣམ་བཞིའི་ས་བོན་རྒྱུད་ལ་ཐེབས།  སྐུ་བཞིའི་འབྲས་ཐོབ་སྐལ་པ་ཅན་དུ་གྱུར།  བཅུ་གཉིས་པ་ཉལ་ཁ་ཞུ་ཐིམ་ནི།  དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།  བདག་གི་སྙིང་ཁ་པད་མའི་ཟེའུ་འབྲུ་ལ།  བྱང་ཆུབ་བར་དུ་འབྲལ་མེད་བཞུགས་ནས་ཀྱང་།  འཁྲུལ་པ་འོད་གསལ་འབྱོངས་བར་བྱིན་གྱིས་རློབས།  ཞེས་པས་བླ་མ་སྙིང་ཤེལ་གུར་དཀར་པོའི་དབུས་སུ་མར་སྤྱན་དྲངས་ནས།  ཤེས་བྱ་བུམ་གཞུག་གི་དམིགས་པའི་ངང་དུ་གཉིད་ལོག་གོ།  ཞེས་སྔོན་འགྲོའི་ངག་འདོན་བསླབ་གསུམ་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས་བྱ་བ།  བསྟན་གཉིས་གསང་སྔགས་གླིང་པའི་ཞལ་སྔ་ནས་འདི་བཞིན་བྲིས་ཤིག་གི་བཀས་གནང་བ་མཛད་བཞིན།  མཁའ་ལ་འཇའ་ཚོན་གྱི་དྲྭ་བ་དཀྲིགས་ཤིང་ལྷའི་བུ་མོས་དབྱངས་སྙན་འབྱིན་པའི་ཉིན་པར།  ཌཀྐི་དབང་མོས་ཤོག་དཀར་དར་གྱིས་ཀླུབས་པ་བསྩལ་ནས་བསྐུལ་བ་དང་།  གཞན་ཡང་མཆེད་གྲོགས་དམ་པ་འགའི་གསུང་གིས་རྟེན་དུ་གཤེན་གྱི་དགེ་སྦྱོར་བ་མང་གའི་མིང་གིས་བྲིས་པ་དགེ་གྱུར་ཅིག།  སརྦ་དྭ་ཀལྱ་ཎི་བྷ་ཝནུ།།


苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章