བསྭོ་རྒྱལ་བ་གཤེན་གྱི་བསྟན་པ་བསྲུང་མཛད་པ། །མི་བདུད་འབྱམས་པ་ཁྲག་མགོ་མཐུ་རྩལ་ཅན། །སྒྲུབ་གཤེན་བདག་ལ་མགོན་སྐྱབས་གྲོགས་མཛད་ཚེ། །བདག་གི་མདུན་གྱི་ནམ་མཁའི་དབྱིངས་ཀློང་ན། །ཐོག་སེར་འབྲུག་སྒྲ་སྒྲོགས་པའི་སྤྲིན་ནག་དབུས། །སྐུ་ནི་མུན་མདོག་དར་ནག་ན་བཟའ་གསོལ། །ཆིབས་སུ་ཉ་བདུད་སྲམ་ནག་རྔམ་པ་བཅིབས། །ཕྱག་མཚན་གཡས་ན་གནམ་ལྕགས་སྟ་མོ་བསྣམས། །དགྲ་བགེགས་མ་ལུས་མྱུར་དུ་སྒྲོལ་བར་མཛོད། །ཕྱག་གཡོན་དར་མདུང་རུ་མཚོན་རྒྱལ་མཚན་འཕྱར། །སྒྲུབ་གཤེན་ཚེ་ནོར་ལོངས་སྤྱོད་རྒྱས་པར་མཛོད། །འཁོར་དུ་བདུད་དམག་བཙན་དམག་གྲངས་འདས་ཀྱིས། །བསྟན་དགྲ་སྒྲོལ་ཞིང་བོན་གྱི་བསྟན་པ་བསྲུང། །མི་བདུད་གཙོ་འཁོར་སྤྲུལ་པ་ཡང་སྤྲུལ་ལ། །གུས་པས་ཕྱག་འཚལ་མི་དགེའི་ལས་སྒྲིབ་བཤགས། དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་ཆེན་འབུལ། །བདག་ལ་མགོན་སྐྱབས་བརྩེ་གདུང་མ་ཆུང་ཞིག །གང་བཅོལ་ལས་རྣམས་མྱུར་དུ་གྲུབ་པར་མཛོད། །ཅེས་པ་འདི་སྐུ་མདུན་བསོད་ནམས་བློ་གྲོས་ཀྱིས་མི་བདུད་ཞལ་གཟིགས་སྐབས་སུ་སྦྱར་བའོ། །
༧བདུད་ཡུལ་ཁ་རག་མུན་འཐིབས་ཀྱི། །བདུད་མཁར་ཁ་རག་སྒོ་དགུ་ནས། །རྟ་ནག་སྲམ་གྱི་གདན་སྟེང་ན། །དམུ་བདུད་འབྱམས་པ་ཁྲག་མགོ་ལ། །བདུད་དམག་འབུམ་གྱི་འཁོར་གྱིས་བསྐོར། །སྔོན་གྱི་ཐ་ཚིག་མ་བསྙེལ་བར། །འདིར་སྤྱོན་རྒྱན་གྱི་གཏོར་མ་བཞེས། །གཡུང་དྲུང་བོན་གྱི་བསྟན་པ་སྲུངས། །སྒྲུབ་གཤེན་བདག་གི་སྡོང་གྲོགས་མཛོད། །མི་མཐུན་རྐྱེན་དང་བར་ཆད་ཟློགས། །དགྲ་བགེགས་ལོག་འདྲེན་དབང་དུ་བསྡུས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །