༄༅།།སྨན་ལྷའི་ཆོ་ག་ཉུང་བསྡུས་ནོར་བུའི་དཔལ་ཕྲེང་བཞུགས་སོ།།

文摘   文学   2024-09-01 13:07   青海  

༄༅།།སྨན་ལྷའི་ཆོ་ག་ཉུང་བསྡུས་ནོར་བུའི་དཔལ་ཕྲེང་བཞུགས་སོ།།

  སེམས་བསྐྱེད་ནི། སྐྱེ་ཆི་འཇིགས་སྐྱོབས་བར་དོའི་འཕྲང་སྒྲོལ་རྗེ།  །སྐུ་གསུམ་དབྱེར་མེད་སྨན་ལྷའི་ཚོགས་ལ་སྐྱབས།  །དུས་ངན་སྙིགས་མ་འཁོར་བའི་སེམས་ཅན་རྣམས།  །ནད་རྐྱེན་བར་ཆད་བསལ་ཕྱིར་སེམས་བསྐྱེད་དོ།  །སྔགས་ནི། ཨཱོྃ་ན་མ་སྨྲི་ཏ་གཡུ་འབྲང་ཨ་མྲྀ་ཏ་རཊྞ་བྲུཾ་འདུ། ཏིང་འཛིན་ནི།  བདག་ཉིད་མི་དམིགས་སྟོང་བའི་ངང་ལས་ཨཱོྃ་ལས་སངས་རྒྱས་སྨན་གྱི་ལྷ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་དཔྱད་བུ་ཁྲི་ཤེས་སྐུ་མདོག་མཐིང་སྔོན་ནམ་མཁའ་གཡའ་དག་པ་ལྟར།  ཕྱག་གཉིས་མཉམ་བཞག་ས་གནོན་གཡུང་དྲུང་དང་སྨན་རྒྱལ་འཛིན་པ།  ཞབས་གཉིས་སྐྱིལ་ཀྲུང་དང་གླང་པོ་པད་ཉིའི་ཁྲི་ལ་བཞུགས་པ།  འཁོར་དུ་དགྲ་བཅོམ་སྨན་ལྷའི་ཚོགས་ཀྱིས་བསྐོར་བ།  དེའི་ཕྱི་རིམ་དུ་ལས་བཞིའི་མགྲོན་ཚོགས་སྐར་ལྟར་བཀྲ་བར་གྱུར།  བསྐྱེད་པ་དེ་དག་ལས་འོད་ཟེར་ཡར་འཕྲོས་དབྱིངས་ཀྱི་ལྷ་ཚོགས་སྤྱན་དྲངས།  བསྐྱེད་པ་རྣམས་ལ་ཐིམ་པས་གཉིས་མེད་ལས་ཀྱི་སེམས་དཔར་གྱུར་ནས་འགྲོ་དོན་རྒྱ་ལགས་ཕྱད་པར་བསམ། རཾ་ཡཾ་མཾ་གསུམ་འཕྲོས་པས་མཆོད་རྫས་དང་སྲེག་གཏོར་བཀྲུས།  ཨ་ཨཱོྃ་ཧཱུཾ་འཕྲོས་བསྐྱེད་པ་རྣམས་ལ་ཐིམ།  མཆོད་རྫས་བདུད་རྩིའི་བྱིན་གྱིས་བརླབས་ཏེ་བདེར་གཤེགས་སྨན་ལྷའི་ཚོགས་ལ་ཕུལ་བས་མཉེས་པར་བསམ།  སྤྱན་འདྲེན་པ་ནི།  བོན་དབྱིངས་རྒྱལ་བའི་དཀྱིལ་འཁོར་དམ་པ་འདིར།  །འཚོ་བྱེད་སྨན་ལྷའི་ཚོགས་རྣམས་གཤེགས་སུ་གསོལ།  །རབ་བརྟན་ཐེག་ཆེན་པདྨའི་གདན་ལ་བཞུགས།  །དགེ་བ་འབད་ཕྱིར་སྲི་ཞུས་མཆོད་པ་འབུལ།  །ཁྲུས་གསོལ་བ་ནི༑  བདེར་གཤེགས་ལྷ་ལ་ཁྲུས་གསོལ་མི་འཚལ་ཏེ།  །མཐའ་ཡས་སེམས་ཅན་སྒྲིབ་པ་སྦྱང་བའི་ཕྱིར།  །རྣམ་དག་ཆུ་སྣ་ལྷ་ཡི་ཁྲུས་གསོལ་ལོ།  །འགྲོ་དྲུག་དུག་ལྔའི་ལས་ཉོན་དག་གྱུར་ཅིག  །ཕྱག་འཚལ་བ། དགྲ་བཅོམ་སངས་རྒྱས་དཔྱད་རྒྱུད་ལྷ་ཚོགས་ལ།  །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།  །བཤགས་པ་འབུལ་བ།  གསོ་དཔྱད་འཆང་བའི་ལས་སྤྱོད་གང་བགྱིས་པ༑  ༑སངས་རྒྱས་སྨན་གྱི་ལྷ་ལ་མཐོལ་ལོ་བཤགས།  །ལུས་ངག་ཡིད་གསུམ་སྒྲིབ་པ་བྱང་གྱུར་ཅིག  །མཆོད་པ་འབུལ་བ་ནི། རིན་ཆེན་བཀྲ་ཤིས་མཚན་ལྡན་ཞལ་བུ་རུ།  །ཕུན་སུམ་ཚོགས་པ་ཕྱི་ནང་གསང་བའི་རྫས།  །མཆོད་པའི་བྱེ་བྲག་དཔག་མེད་འབུལ་ལོ་བཞེས།  །ཉོན་མོངས་ནད་སེལ་བདུད་རྩིའི་དངོས་གྲུབ་སྩོལ།  །སྐུ་བསྟོད་པ་ནི།  བོན་དབྱིངས་རབ་འབྱམས་རྒྱལ་བའི་ཞིང་ཁམས་འདིར།  །དུག་གསུམ་ནད་སེལ་སངས་རྒྱས་དཔྱད་བུ་ནི༑  ༑བཻཌཱུརྱ་འོད་རྫོགས་སྐུའི་ཆས་ཀྱིས་བརྒྱན།  །གཡུང་དྲུང་ཆགས་ཤིང་སྨན་མཆོག་སྡོང་པོ་འཛིན།  །སྲ་བརྟན་སེང་གེའི་གདན་ལ་མཉམ་པར་གནས།  །འཁོར་དུ་དགྲ་བཅོལ་སྨན་ལྷའི་ཚོགས་ཀྱིས་བསྐོར།  །ཕྱག་འཚལ་བསྟོད་མཆོད་བདག་སོགས་ཐུགས་རྗེས་བཟུང་།  །དུག་ལྔའི་ལས་ཉོན་ནད་གདོན་ཞི་བར་མཛོད།  །འགྲོ་དྲུག་དགའ་བདེ་ཚོགས་གཉིས་རབ་རྫོགས་ཤོག  །དཔལ་མགོན་ནི།  སྲི་ཞུ་ཡོན་ཏན་མགྲོན་རྣམས་མཆོད་པས་མཉེས།  །ལན་ཆགས་སྙིང་རྗེའི་མགྲོན་རྣས་སྦྱིན་པས་ཚིམས།  །རང་རང་འདོད་ལྔའི་ཆར་དུ་འབབ་གྱུར་ཅིག  །ནད་གདོན་འགལ་རྐྱེན་བར་ཆད་ཞི་བར་མཛོད།  །སྨོན་ལམ་གདབ་པ་ནི། དགེ་ཚོགས་འདིར་མཐུན་བདག་སོགས་ཕ་མ་དང་།  །མཁའ་མཉམ་འགྲོ་དྲུག་མ་ལུས་ཡོངས་ལ་བསྔོ།  །ཚེ་འདིར་འདོད་དགུ་ཕུན་སུམ་ཚོགས་པ་དང་།  །ཕྱི་མ་སངས་རྒྱས་སྨན་ལྷའི་ཞལ་མཐོང་ནས།  །བཻཌཱུརྱ་འོད་སྐུ་རུ་སངས་རྒྱས་ཤོག  །ཅེས་རེ་དོགས་མེད་པའི་སྨོན་ལམ་འདབ་པའོ།  །སྨན་ལྷའི་ཆོ་ག་ཉུང་བསྡུས་ནོར་བུ་དཔལ་ཕྲེང་རྫོགས་སོ།  །གཤེན་ཉི་མའི་བཀའ་འབུམ་ལས་ཞལ་བཤུས་སོ། །བཀྲ་ཤིས་སོ།།

  

༧ན་མོ་འཚོ་བྱེད་སྨན་པའི་རྒྱལ་པོ་གཤེན་རབ་མཆོག  །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་ལྷ།  །གཡས་གཡོན་ཨ་རུ་བདུད་རྩིའི་བར་བུ་བསྣམས།  །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ།  །རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད།  །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་གདོན།  །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ།   དུས་མིན་བར་ཆད་མྱུར་དུ་ཞི་བར་མཛོད།  །ན་མོ་གཤེན་རབ་མཆོག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་ལྷ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ།  །ཨཱོྃ་ན་མ་རྨྲི་ཏ་གཡུ་འབྲང་རཊྣ་ཨ་རྨྲི་ཏེ་བྲུཾ་འདུ།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章