༄༅།།བསམ་པ་ལྷུན་འགྲུབ་བཞུགས་སོ།།

文摘   文学   2024-10-28 15:56   青海  

མཁའ་འགྲོ་ཤེས་རབ་བློ་འཕེལ་གྱི་ཞལ་ལུང་བར་ཆད་ལམ་སེལ་བསམ་པ་ལྷུན་འགྲུབ་བཞུགས་སོ།།



   ༄༅། །ཨེ་མ་ཧོ། སྔོན་བྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་དང༌། ། ད་བྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་དང༌། ། སླད་འབྱོན་དྲང་ངེས་ཕྱོགས་བཅུའི་སངས་རྒྱས་སོགས། ། དུས་གསུམ་སངས་རྒྱས་ཀུན་འདུས་བླ་མའི་ཐུགས། ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། ། ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། ། བར་ཆད་ཀུན་ཞི་ཐར་པའི་ལམ་སྣ་དྲོངས། ། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ། རྒྱལ་བ་ཀུན་གྱི་དགོངས་པ་མངོན་ཤར་བཀའ། ། མ་ལུས་ཀུན་མཁྱེན་འཕགས་པཀུན་གྱི་ལུང༌། ། བཀའ་ལུང་ཀུན་ཤོང་དྲི་མེད་རང་རིག་སྣོད། ། ཚད་གསུམ་བོན་མཆོག་ཀུན་འདུས་བླ་མའི་གསུང༌། ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། ། ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། ། བར་ཆད་ཀུན་ཞི་ཐར་བའི་ལམ་སྣ་དྲོངས། ། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ། བསླབ་པ་ཚུལ་ཁྲིམས་ལྡན་པའི་དགེ་འདུན་དང༌། ། བསླབ་པ་ཏིང་འཛིན་ལྡན་པའི་དགེ་འདུན་དང༌། ། བསླབ་པ་ཤེས་རབ་ལྡན་པའི་དགེ་འདུན་སོགས། །བསླབ་གསུམ་དགེ་འདུན་ཀུན་འདུས་བླ་མའི་སྐུ། ། སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ལ། ། ཕྱག་འཚལ་སྡིག་བཤགས་མཆོད་འབུལ་གསོལ་བ་འདེབས། ། བར་ཆད་ཀུན་ཞི་ཐར་བའི་ལམ་སྣ་དྲོངས། ། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ། དུས་གསུམ་ཕྱོགས་བཅུའི་སངས་རྒྱས་བྱིན་རླབས་དང༌། ། ཚད་གསུམ་ལུང་རྟོགས་བོན་གྱི་བྱིན་རླབས་དང༌། ། བསླབ་གསུམ་སེམས་དཔའ་མང་ཚོགས་བྱིན་རླབས་ཀྱིས། ། སྒོ་གསུམ་སྨོན་ལམ་གང་བཏབ་་མྱུར་དུ་འགྲུབ། ། འདི་ཡིས་མཐུ་སྟོབས་བདག་སོགས་གར་གནས་པར། ། ནད་མུག་མཚོན་འཁྲུག་མི་མཐུན་མིང་མེད་ཅིང༌། ། སེམས་ཅན་དཔལ་འབྱོར་ཕུན་ཚོགས་ཐེག་གསུམ་བོན། ། མཁའ་ཁྱབ་ས་སྟེང་དར་རྒྱས་ཡུན་གནས་ཤོག ། ཅེས་པའི་བར་ཆད་ལམ་སེལ་བསམ་པ་ལྷུན་གྲུབ་འདི་ནི། ཚར་གཅིག་བཏོན་པས་ལོ་གཅིག་གི་བར་ཆད་ཞི། ཚར་བརྒྱ་བཏོན་པས་ཚེ་གཅིག་གི་བར་ཆད་ཞི། རྒྱུན་དུ་ཡི་དམ་བྱས་ན། སྡིག་སྒྲིབ་མ་ལུས་དག་ནས་ཚེ་གཅིག་ལ་སངས་རྒྱས། གཞན་ཡང་འདོན་པ་ཙམ་གྱིས་ལྷ་འདྲེ་མི་གསུམ་གཅན་གཟན་དུད་འགྲོ་འབྱུང་ལྔ་ལ་སོགས་པའི་འཇིགས་པ་དང་གནོད་པ་ཐམས་ཅད་སྐྱོབ་ནུས་སོ། ། ནད་གདོན་ཞི་ཞིང་མོ་ངན་རྨི་ངན་ཐན་ལྟས་ངན་པ་ཐམས་ཅད་བཟློག་པར་འགྱུར། སྨོན་ལམ་བཏབ་ཅིང་དངོས་གྲུབ་ཞུ་ན། ཟས་འདོད་པ་ལ་ཟས། གོས་འདོད་པ་ལ་གོས། བུ་འདོད་པ་ལ་བུ་ལ་སོགས་མཆོག་གི་དངོས་གྲུབ་གང་ནུས་ཡོང་བ་ཐེ་ཚོམ་མེད། ས་མ་ཡ་རྒྱ་རྒྱ་རྒྱཿ བོན་སྐུ་ཀུན་ཏུ་བཟང་པོས་རྫོགས་སྐུ་ཤེས་རབ་སྨྲ་བའི་སེང་ལ། མཁའ་འགྲོ་ཤེས་རབ་བློ་འཕེལ་གྱིས་བདག་ལའོ། ། དགེའོ།། བཀྲ་ཤིས་སོ།།

     དཀོན་མཆོག་རྩ་གསུམ་འདུས་པའི་ངོ་བོ། ། དྲིན་ཆེན་རྩ་བའོ་བླ་མ་མཁྱེན་ནོ། ། ཕྱི་ནང་གསང་བའི་བར་ཆོད་སེལ་ལ། ། བསམ་པའི་དོན་ཀུན་འགྲུབ་པར་མཛོད་ཅིག ། ཅེས་པ་འདི་ནི་བམ་ཆེན་བརྩེགས་པའི་བྲག་ཨཀྴ་ཁྱུད་ཀྱི་ངོས་ནས་ངོ་མཚར་བཞི་ལྡན་རང་བྱོན་དུ་ཡོད་པ་ལས་ལེགས་པར་བཤུས་པ་པོ་ནི། བདེ་ཆེན་གླིང་བ་རང་གིས་སོ། །


苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章