༄༅༎མཎྜལ་ཡན་ལག་བདུན་པ་ཞེས་བྱ་བ།

文摘   文学   2024-09-30 18:26   青海  

༄༅༎མཎྜལ་ཡན་ལག་བདུན་ཞེས་བྱ་བ།

     དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །དང་པོ་སེམས་བསྐྱེད་པ་ནི། ན་མོ་ཕྱོགས་བཅུ་ན་བཞུགས་པའི་བདེ་བར་གཤེགས་པ་རྣམསབདག་ལ་དགོངས་སུ་གསོལ། ས་ལ་གནས་པའི་གཡུང་དྲུང་སེམས་དཔའ་རྣམས་བདག་ལ་དགོངས་སུ་གསོལ། བླ་མ་རིན་པོ་ཆེ་བརྒྱུད་པ་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱིས་པས། དུས་འདི་ནས་བཟུང་ནས། ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ། སྔོན་གྱི་སངས་རྒྱས་དང་གཡུང་དྲུང་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་བཞིན་དུ། བདག་གིས་ཀྱང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག གཉིས་པ་སྐྱབས་སུ་འགྲོ་བ་ནི། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ནོར་བུ་ལྟ་བུ་གཙུག་གི་རྒྱན་དུ་དཀོན། །མ་རིག་མུན་སེལ་སྣང་གསལ་སྒྲོན་མེའི་མཆོག  །སྐུ་གསུམ་འབྱུང་གནས་དཔོན་གསས་བླ་མ་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །ཉིན་སྐར་ལྟ་བུ་ཐུགས་རྗེའི་འབྱུང་གནས་དཀོན། །ཐར་ལམ་བདེ་འབྱེད་ས་མཁན་ལམ་པའི་མཆོག །འགྲོ་བའི་མགོན་སྐྱབས་དུས་གསུམ་བདེར་གཤེགས་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །གཞའ་ཚོན་ལྟ་བུ་སྣང་སྲིད་རྒྱན་དུ་དཀོན། །ལྐུགས་པ་ཁ་འབྱེད་གྲོལ་བ་ལྗགས་ཀྱི་མཆོག །བསྟན་པའི་རྒྱལ་མཚན་སྐུ་གདུང་གསུང་རབ་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །ཨུད་འབར་ལྟ་བུ་དགེ་ལ་འདུན་སྤྱོད་དཀོན། །བློ་སྒྲོན་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་མཆོག །འགྲོ་བའི་འདྲེན་སྟོན་ཕྱོགས་བཅའི་གཤེན་རབ་ལ། །གུས་པས་ཕྱག་འཚལ་དང་བས་སྐྱབས་སུ་མཆི། །གསུམ་པ་སྡིག་པ་བཤགས་པ་ནི། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཚེ་རབས་ཐོག་མ་དཔག་ཏུ་མེད་པ་ནས། །ཐ་མ་ད་ལྟའི་ལུས་འདི་བླངས་པ་ཡན་ཆད་དུ། །སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ། །བདེར་གཤེགས་ཁྱེད་ལ་མི་འཆབ་མཐོལ་ལོ་བཤགས། །མི་དགེའི་ལས་རྣམས་ཅི་བགྱིས་པ་སྒྲིབ་པ་རྣམས། །ཁྱེད་ཀྱི་ཐུགས་རྗེས་ཀུན་བྱང་བར་མཛད་དུ་གསོལ། །དགེ་བ་ཀུན་གྱི་རྗེས་སུ་བདག་ཡི་རངས་པར་བགྱིའོ། །བཞི་པ་མཎྜལ་འབུལ་བ་ནི། བོན་ཉིད་ཡེ་ནས་རྣམ་པར་དག་པ་བཞིན། །སེམས་ཉིད་དེ་བཞིན་རྣམ་པར་དག་པ་སྟེ། །བག་ཆགས་སྒྲིབ་པ་མ་ལུས་གསལ་བའི་ཕྱིར། །གསལ་བའི་ཎྜལ་ཡོངས་སུ་ཕྱི་བར་བྱའོ། །ན་མ་ཨ་དཀར་གཤའ་ཡ་ནི། ཤག་ས་ལེ་སང་ངེ་ཡེ་སྭཱཧཱ། བྷཱུཾ་རི་ཏི་གར་མ་ལ་ཧོ། ཨ་ཡཾ་རཾ་མཾ་ཁཾ་བྲུཾ་ཤག་སལེ་སང་ངེ་ཡེ་སྭཱཧཱ། ཕྱོད་ཕུར་སལེ་ཧ་ལོ་སེང་། ཞིང་ཁམས་གསེར་གྱི་ས་གཞི་ལ། བོན་ཉིད་ཕྱོགས་མེད་ཟླུམ་པོར་བཀོད། །མཉམ་ཉིད་རྫི་བཅག་མཉམ་དུ་སྙོམས། །བཏང་སྙོམས་དྲི་ཡིས་བྱུག་པར་བྱ། །སྤྲོས་བྲལ་ཆུ་ཡིས་ཆག་ཆག་གདབ། །བདེ་སྟོང་མེ་ཏོག་ཚོམ་བུ་བཀོད། །རིག་སྟོང་རིན་ཆེན་གཅལ་དུ་བཀྲམ། །བླ་མ་བདེར་གཤེགས་ཡི་དམ་ལྷ་ཚོགས་དང་། །བསྟན་པ་སྲུང་བའི་དམ་ཅན་རྣམས་ལ་འབུལ། །གཉིས་མེད་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཨཱོྃ་ཨ་ཧ་ཧ་ཧེ་ཧེ་ཕྱོད་ཕུར་ས་ལེ་ཧ་ལོ་སེང་། ཕྱོགས་བཅུའི་དུས་གསུམ་གྱི་བདེ་བར་གཤེགས་པ་དང་། དཔོན་གསས་བླ་མ་རྣམས་ཀྱི་ཐུགས་དམ་མཎྜལ་བཀྲ་གསལ་འདིས་བསྐང་བར་གྱུར་ཅིག སྒྲུབ་པ་པོ་རྣམས་ཀྱི་བར་ཆད་ཉེ་བར་ཞི་བར་གྱུར་ཅིག འདོད་པ་དགུ་འགྱུར་ལ་སོགས་ཏེ། གནོད་སྦྱིན་ནོར་བདག་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས། སྒྲུབ་པ་པོ་ལ་རིན་པོ་ཆེའི་ཆར་བབས་ཏེ། སེམས་ཅན་དབུལ་ཕོངས་ཀྱི་སྡུག་བསྔལ་ཞི་བར་གྱུར་ཅིག བསྭོ་ཨཱོྃ་ཛམྦྷ་ལྷ་ཛ་ལནྟྲ་ཡེ་སྭཱཧཱ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལོག་རྟོག་ངན་པ་ཐམས་ཅད་སེལ་བར་གྱུར་ཅིག བདག་དང་འགྲོ་བ་ཀུན་གྱི་ལུས་ངག་ཡིད་གསུམ་གྱིས་བསྡུས་པའི་རྒྱན་དང་ལོངས་སྤྱོད་དགེ་བའི་རྩ་བ་དང་། བསོད་ནམས་ཀྱི་ཚོགས་སུ་གྱུར་པ་དེ་དག་ཐམས་ཅད། དུས་གསུམ་གྱི་བླ་མ་དང་བདེ་བར་གཤེགས་པ་རྣམས་ལ་མཆོད་པ་འབུལ། སྟོང་གསུམ་འཇིག་རྟེན་མཐའ་དག་གི །གཟུགས་སུ་སྣང་བ་ཐམས་ཅད་ཀུན། །སྐུ་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྟོང་གསུམ་འཇིག་རྟེན་མཐའ་དག་གི ༑སྒྲ་རུ་གྲགས་པ་ཐམས་ཅད་ཀུན། །གསུང་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྟོང་གསུམ་འཇིག་རྟེན་མཐའ་དག་གི །ཡིད་ཀྱི་དྲན་རྟོག་ཐམས་ཅད་ཀུན། །ཐུགས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །སྟོང་གསུམ་འཇིག་རྟེན་མཐའ་དག་གི །སྐྱོན་དང་ཡོན་ཏན་ཐམས་ད་ཀུན། །ཡོན་ཏན་ཕྱག་རྒྱའི་མཆོད་པ་འབུལ། །སྟོང་གསུམ་འཇིག་རྟེན་མཐའ་དག་གི །བདེ་དང་སྡུག་བསྔལ་ཐམས་ཅད་ཀུན། །ལས་མཆོག་ཕྱག་རྒྱའི་མཆོད་པ་འབུལ། །ལྔ་བ་གསོལ་བ་འདེབས་པའི་ཡན་ལག་ནི། བླ་མ་བདེར་གཤེགས་ཡི་དམ་ལྷ་ཚོགས་ལ། །འགྲོ་བ་ཀུན་དང་བཅས་ཏེ་སྐྱབས་སུ་མཆི། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཐུགས་རྗེས་བཏང་བྲལ་མེད་པར་གཟུང་དུ་གསོལ། །དྲུག་པ་སྨོན་ལམ་གདབ་པ་ནི། ན་མོ་བདག་གི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་དག་བདེན་པའི་བྱིན་རླབས་དང་། བསོད་ནམས་ཀྱི་འབྲས་བུ་ཡིས། བདག་དང་བདག་ལས་བྱུང་བའི་འཁོར་འདས་ཀུན་གྱི་རྟེན་ཅིང་འབྲེལ་བ་ཐམས་ཅད་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག བདག་གི་ལས་སྐུ་རུ་གྱུར་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ངག་གསུང་དུ་གྱུར་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ཡིད་ཐུགས་སུ་གྱུར་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ཡོན་ཏན་ལེགས་པར་འབྱུང་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག འཕྲིན་ལས་རྩོལ་བ་མེད་པར་ལྷུན་གྱིས་གྲུབ་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག རང་རིག་རང་ལ་ཤར་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག འཁྲུལ་སྣང་ཡེ་ཤེས་སུ་ཤར་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ཉོན་མོངས་པ་རང་སར་གྲོལ་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག སྣང་བ་དབང་དུ་འདུས་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག བར་ཆད་བདུད་ལས་རྒྱལ་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ས་བཅུ་ཟིལ་གྱིས་ནོན་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག སྐུ་གསུམ་མངོན་དུ་གྱུར་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ཡེ་ཤེས་ལྔ་དང་ལྡན་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག སྤང་རྟོགས་ཕུན་སུམ་འཚོགས་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག མཚན་དང་དཔེ་བྱད་ལྡན་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག ཐུགས་རྗེ་ཆེན་པོ་བཞི་དང་ལྡན་ནས་སེམས་ཅན་གྱི་དོན་བྱེད་པར་གྱུར་ཅིག བདག་ཉིད་གཤེན་ལྷ་འོད་དཀར་གྱི་སྐུ་རུ་གྱུར་ནས། འགྲོ་བ་སེམས་ཅན་ཐུགས་རྗེས་འདྲེན་པར་ཤོག །རང་བཞིན་མེད་པའི་བདལ་ཁྱབ་གསུང་ཐོས་ནས། །སྟོང་གསུམ་བོན་གྱི་འཁོར་ལོ་བསྐོར་བར་ཤོག །མི་གཡོ་བདེ་བ་ཆེན་པོའི་དོན་རྟོགས་ཏེ། །ཡེ་ཤེས་རིག་གསལ་འཁོར་བ་དོང་སྤྲུགས་ནས། །ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་པར་ཤོག །བདུན་པ་བསྔོ་བའི་ཡན་ལག་ནི། དག་དང་མཆོད་ཡོན་ཀྱི་བདག་པོ་ཡི། དགེ་བའི་རྩ་བ་འདི་དག་ལ་སོགས་འཁོར་འདས་ཀུན་གྱི་དུས་གསུམ་གྱི་དགེ་རྩ་ཐམས་ཅད། འགྲོ་བ་ཀུན་གྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་ཏུ་བསྔོས་པས། དགེ་བའི་རྩ་བ་དང་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པར་གྱུར་ནས། བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་མྱུར་དུ་བླ་ན་མེད་པའི་འབྲས་བུ་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག དེ་ནས་མཎྜལ་བསྡུ་བ་ནི། བོན་ཉིད་སེམས་ཉིད་ཡེ་ནས་མི་འགྱུར་ཏེ། །ཚིག་དང་སེམས་ཅན་འདུས་བྱས་མི་རྟག་པ། །ལེགས་བྱས་དེ་ལ་ཉེས་བྱས་གང་ལགས་པ། །བླ་མ་བདེར་གཤེགས་རྣམས་ལ་བཟོད་པར་གསོལ། །གཏན་དུ་བསྐྱོད་པ་མ་ལགས་ཏེ། །སླར་ཡང་འགྲོ་བའི་དོན་ལ་ཐུགས་རྗེས་དགོངས། ཨཱོྃ་ཨ་ད་ད་དེ་དེ་ཕྱོད་ཕྱོད་སལེ་ཧ་ལོ་སེང་། ཞེས་བརྗོད་ལ་མཐའ་ནས་གཡོན་སྐོར་དུ་བསྡུ་བའོ། །དེ་ལྟར་མཎྜལ་ཡན་ལག་བདུན་པ་འདི། །ལམ་ལ་འཇུག་པ་རྣམས་ཀྱི་སྤྱོད་ཡུལ་དུ། །དྲི་མེད་ལུང་གི་དགོངས་པ་མདོར་བསྡུས་ནས། །ཁོ་བོ་གཡོར་མེ་བདག་གི་བཀོད་པ་འདིས། །འགྲོ་བ་ཀུན་གྱི་ཐར་ལམ་ཕྱེད་གྱུར་ཅིག

  ༧རྗེས་དྲན་གྱི་གསོལ་འདེབས་བཞུགས། ཨེ་མ་ཧོ། སྤྱི་གཙུག་བདེ་བ་ཆེན་པོའི་ཕོ་བྲང་དུ། །སེང་གླང་རྟ་འབྲུག་ཁྱུང་གི་ཁྲི་སྟེང་དུ། །ཉི་ཟླ་པདྨ་བརྩེགས་པའི་གདན་སྟེང་ན། །རྩ་བའི་བླ་མ་སྤྱན་འདྲེན་བཞུགས་སུ་གསོལ། །བཞུགས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཨེ་མ་ཧོ། བཀའ་རྒྱུད་བླ་མ་སྤྱན་འདྲེན་བཞུགས་སུ་གསོལ། །སྒྲུབ་རྒྱུད་བླ་མ་སྤྱན་འདྲེན་བཞུགས་སུ་གསོལ། །དགོངས་རྒྱུད་བླ་མ་སྤྱན་འདྲེན་བཞུགས་སུ་གསོལ། །བཞུགས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཨེ་མ་ཧོ། ཕྱི་རྒྱུད་བླ་མ་སྤྱན་འདྲེན་བཞུགས་སུ་གསོལ། །ནང་རྒྱུད་བླ་མ་སྤྱན་འདྲེན་བཞུགས་སུ་གསོལ། གསང་རྒྱུད་བླ་མ་སྤྱན་འདྲེན་བཞུགས་སུ་གསོལ། །བཞུགས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཨེ་མ་ཧོ། ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་སྐྱབས། །མི་དགེ་སྡིག་སྒྲིབ་ལ་སོགས་མཐོལ་ལོ་བཤགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་ཆེན་འབུལ། །འབུལ་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཨེ་མ་ཧོ། འགྱུར་མེད་བླ་མའི་སྐུ་ལ་གུས་པས་བསྟོད། །འགག་མེད་བླ་མའི་གསུང་ལ་གདུང་བས་བསྟོད། །འཁྲུལ་མེད་བླ་མའི་ཐུགས་ལ་མོས་པས་བསྟོད། །བསྟོད་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཨེ་མ་ཧོ། ལུས་ལ་སྐུ་རུ་བྱིན་ཕོབས་དབང་སྐུར་ཅིག །ངག་ལ་གསུང་དུ་བྱིན་ཕོབས་དབང་སྐུར་ཅིག །ཡིད་ལ་ཐུགས་སུ་བྱིན་ཕོབས་དབང་སྐུར་ཅིག །བསྐུར་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། ། ཨེ་མ་ཧོ། འདིར་སྣང་མཐུན་རྐྱེན་ཐུན་མོང་དངོས་གྲུབ་སྩོལ། །རྣམ་བྱང་སྲི་ཞུ་མཆོག་གི་དངོས་གྲུབ་སྩོལ། །རང་འབྱུང་ཡེ་ཤེས་བླ་མེད་དངོས་གྲུབ་སྩོལ། །གནང་ནས་བདག་ལ་བྱིན་གྱིས་བརླབཏུ་གསོལ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པ་འདི་བྲུ་མཚུངས་མེད་བསོད་ནམས་བློ་གྲོས་ཀྱིས་སྦྱར་བའོ།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章