༄༅།།སྲིད་རྒྱལ་དུས་དྲུག་གི་མངོན་ཤེས་མེ་ལོང་བཞུགས།
ཡེ་ཤེས་ལྷོ་མོ་ཀུན་བཟང་ཡུམ་ལ་ཕྱག་འཚལ་ལོ། བསྭོ་མ་གཅིག་སྲིད་རྒྱལ་འཁོར་བཅས་སྤྱན་དྲངས་ལ། གུས་པས་ཕྱག་འཚལ་ཆགས་ཉམས་འགལ་འཁྲུལ་བཤགས། དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་ཆེན་འབུལ། བདག་ལ་མངོན་ཤེས་གསལ་བར་བསྟན་དུ་གསོལ། གཉིས་པ་མངོན་ཤེས་བསྟན་ལུགས་ལ། ཤོ་མོ་ཡིན་ན་དུང་ཤོ་གཅིག་ལ་སྔགས། འཕྲེང་མོ་ཡིན་ན་འཕྲེང་བ་ལ་སྔགས། ས་མོ་ཡིན་ན་སྔགས་འདི་བགྲངས་པས་ཆོག བསྭོ་མ་མ་ལིག་ལྦེར་བྷ་ཤི་ཁེར་ཞི་ཉིལ། སྔགས་འདི་རབ་བརྒྱ་རྩ་བརྒྱད་འབྲིང་ཉི་ཤུ་རྩ་གཅིག་ཐ་མ་བདུན་བརྗོད། ཤོ་མོ་འཕྲེང་མོ་གྲངས་ཀྱིས་བཅད། ས་མོ་མིང་དང་དོན་གང་ཡིན་གྱི་དབྱངས་ཡིག་རྣམས་བཞག་ལ་ཉི་མས་བསྒྱུར།། ཉི་ཤར་སོགས་འདས་པའི་དུས་ཀུན་བྱིན་ལ་དུས་ཀྱི་འཁོར་ལོ་ཕུད་དོ། ༒དེ་ཡང་གཅིག་གསེར་མོ་སྲིད་རྒྱལ་ལ་བབ་ན། བསྟན་པའི་ཆོས་ཕྱྭ་ནི་གངས་དཀར་རྩེ་ལ་སེང་གེ་འགྱིང་། གཡུ་ཡི་རལ་པ་གླིང་བཞིར་སྤྲུགས། བླ་མ་རྒྱལ་པོ་བན་བོན་མི་ཆེན་གང་གི་མོ་ལ་བཟང་། ༧ ཁྱིམ་ཕྱྭ་ནི་མི་ནོར་ཕྱུགས་གསུམ་འཁྱིལ། ཟས་ནོར་ལོངས་སྤྱོད་དབང་ཐང་ཆེ། ༧ སྐྱེས་པའི་ཕོ་ཕྱྭ་ནི། མི་ཁྱོད་མི་ཆེན་གྱི་རྒྱུད་ཡིན། ལག་གང་གི་ནོར་སྤྱོད། རྒྱབ་གང་གི་གོས་གྱོན། ཁ་གང་གི་ཟས་ཟ། སྤང་གང་གི་རྟ་རྒྱུགས། མིག་གང་གི་ལྟད་མོ་བལྟ། བདེ་སྐྱིད་ལྡན་པའི་མོ་ལ་བཟང་། ༧ སྲོག་ཕྱྭ་ནི་ལུས་ཀྱི་བང་མཛོད་ནང་ན་སྲོག་གི་གཡུང་དྲུང་འཁྱིལ། སྲོག་བྲག་ལས་སྲ་བས་བཟང་། ༧ སྲིད་ཕྱྭ་ནི་བུ་ལ་མཚོ་བརྡོལ་བུ་མང་བཟང་། མི་རང་ལ་སྐྱེས་པས་བཟང་། ཚེ་རིང་ཕན་ཐོག་བཟང་། ༧ ནོར་ཕྱྭ་ནི་བཟང་། ལམ་ཕྱྭ་ནི་གསེར་སྡེར་གཡུ་གཞོང་ལ་ཟས་དང་སྐྱེམས་གྱིས་གང་། དགྲ་མེད་དོ། ༧ གྲོགས་ཕྱྭ་ནི་གྲོགས་ངོ་ཆེ། ༧ བློ་ཕྱྭ་ནི་བློ་ལྷ་ཡིས་བྱེད། བསམ་དོན་འགྲུབ་བཟང་། ༧ ཁང་པ་ནི་ལྷ་དང་མི་གཉིས་ཀ་དགའ་བ་ཡོད། ༧ དོན་ཕྱྭ་ནི་ངོ་སོ་གྲོགས་དང་བཅས་གང་བསམ་འགྲུབ་བཟང་། ༧ གདོན་ཕྱྭ་ནི་བདུད་དང་མ་མོ་གསོན་འདྲེ་གདོན། དུ་ཏྲི་སུ་ཡི་དར་ལྕོག་འཛུགས། མོ་འདྲེ་བཀར། ༧ བོར་གཏོར་ཨེ་རྙེད་ན་རྙེད། གཡང་སྒོ་མ་རལ་རྙེད།༧ དམག་ཇག་རྐུན་གསུམ་ཨེ་ཐོབ་ན་ཐོབ། དགྲ་ཕམ་ཟུན་རྒྱལ། འཛའ་གྲོགས་ཨེ་རྙེད་ན་རྙེད། ༧ ཆང་ཕྱྭ་ནི་ཆང་ཞིམ་པོ་འོང་། རྩེ་མོ་གལ་གལ་འགྲེད། ༧ དཀོར་ཕྱྭ་ནི་དཀོར་འཕེལ། ཕྱོགས་གང་དུ་སོང་ན་དགྲ་མེད་བཟང་ངོ་།། ༒གཉིས་དམར་མོ་སྲིད་རྒྱལ་ལ་བབ་ན། བསྟན་པའི་ཆིས་ཕྱྭ་ནི་འོ་མའི་རྒྱ་མཚོ་ལ་ཁྲག་གི་ཐིག་པ་བབ། རྣམ་རྒྱལ་གྲངས་མང་རབ་གནས་སཙྪ་གང་མང་བོན་སྐྱོང་གསོལ། ༧ ཁྱིམ་ཕྱྭ་ནི་གསེར་གྱི་ཀ་བ་འགྱིལ་གཡུ་ཡི་གདུང་མ་ཆག ༧ སྲོག་ཕྱྭ་ནི་ཕ་མའི་དར་སྲི་ལང་། སྲིད་ཕྱྭ་ནི་བུད་མེད་ཀྱི་སྲིད་ལ་འདྲེ་མོ་འདུག་པས་ངན་ནོ། ༧ ནོར་ཕྱྭ་ནི་ཤི་ཆད་གོད་ཁ་འོང་། ༧ བློ་འདྲེ་མོས་རྐུས། བསམ་དོན་མི་འགྲུབ། ༧ གྲོགས་ཕྱྭ་ནི་གྲོགས་ཚུར་མོ་འོང་། ཕར་ཤོར་ཉེན་འདུག ༧ ཁང་པ་ནི་མི་འཕྲོད། ས་འདི་ལ་བཀྲ་མི་ཤིས། ༧ མགྲོན་པོ་ནི་མི་འོང་། ༧ ཚོང་ཕྱྭ་ནི་ཚོང་ཉེས་འོང་། ༧ སློལ་དཔོན་དང་སྨན་པ་ཨེ་འཕྲོད་ན་མི་འཕྲོད། ༧ནད་པ་ཨེ་སོས་ན་འདྲེ་ངན་གྱི་སྲོག་གཅོད་ངན། ༧ གདོན་ཕྱྭ་ནི་གཟའ་དང་རྒྱལ་པོས་གདོན་ནོ། གཟའ་བཅོས་བྱ། ༧ དམག་ཇག་རྐུན་གསུམ་༼དགྲ་༽ལག་དུ་ཕར་ཤོར་ཕན་མི་ཐོག ༧ཆང་ཕྱྭ་ནི་ངན། ༧ དཀོར་ཕྱྭ་ནི་དཀོར་མི་འོང་། ༒ གསུམ་པ་སྨུག་མོ་སྲིད་རྒྱལ་ལ་བབ་ན་བསྟན་པའི་ཆོས་ཕྱྭ་ལ། གནམ་འཁོར་ལོ་རྩིབས་བརྒྱད་ལ་གསེར་གྱི་ཉི་མ་ཤར། གང་ལ་ཡང་བཟང་། ༧ ཁྱིམ་ཕྱྭ་ནི་མི་ཕྱུགས་ཀུན་འཕེལ། ༧ ཕོ་ཕྱྭ་ནི་ཕོ་ལྷ་དགྲ་ལྷས་མགོན། ཤིན་ཏུ་བཟང་། ༧ སྲོག་ཕྱྭ་ནི་ཚེ་རིང་ནད་མེད་བཟང་། ༧ སྲིད་ཕྱྭ་ནི་སྲིད་འཕེལ་དབང་ཐང་ཆེ་བས་བཟང་། ༧ ནོར་ཕྱྭ་ནི་ཟས་ནོར་ལོངས་སྤྱོད་འཕེལ། བློ་ཕྱྭ་ནི་བློ་འདི་ཤིན་ཏུ་ལེགས། ༧ གྲོགས་ཕྱྭ་ནི་གྲོགས་ཆེ། ཕུན་སུམ་ཚོགས་པས་བཟང་། ༧ ཁང་པ་བཟང་ཞིང་ལྷ་འཁོར་དེ་ལ་བཟང་། ༧ དོན་ཕྱྭ་ནི་གང་འདོད་འགྲུབ། ༧ མགྲོན་ཕྱྭ་ནི་ཟས་ཁུར་སྐྱེམས་བཅས་མྱུར་དུ་འོང་། ༧ ཚོང་ལས་རྒྱལ། ༧ ལམ་ཕྱྭ་ནི་ལམ་སྣ་ལྷ་ཡིས་འཁྲིད། ༧ ནད་པ་ཨེ་སོས་ན་སོས། ནད་གཞི་ཆེ། རིམ་གྲོ་ལ་འབད་ན་སོས། ༧ གདོན་ཕྱྭ་ནི་བདུད་དང་བཙན་གྱི་གདོན། བདུད་མདོས་བྱ། བརྒྱ་བཞི་མགོ་གསུམ་སྐྱེལ། ༧ ནོར་གཏོར་བ་རྙེད་དམ་ཞེས་ན་རྙེད། ༧ འཛའ་གྲོགས་རྙེེད། ༧ ཆང་ཕྱྭ་ནི་རྡོ་དཀོར་པོ་ལ་ཁྲོཾ་བྲིས་ལ་བཞགས་ན་བཟང་། ༧ སྲིད་ཕྱྭ་ནི་སྲིད་ཕོ་རུ་འོང་བས་བཟང་། དགྲ་ལྷ་དར། ༒བཞི་ནག་མོ་སྲིད་རྒྱལ་ལ་བབ་ན། ༧ བསྟན་པའི་ཆོས་ཕྱྭ་ནི་རི་མཐོ་པོའི་རྩེ་ནས་ན་བུན་འདྲ་ཡོང་། ཡོང་ཡོང་འདྲ་སྟེ་ཡོང་དུས་མེད། ཐ་མ་འཇའ་བཞིན་ཡལ་ཏེ་འགྲོ་ངན་ནོ། ༧ ཁྱིམ་ཕྱྭ་ནི་ནོར་གྱི་བང་མཛོད་འཐོར་ཉེན་ཆེ་ངན་ནོ། ༧ ཕོ་ཕྱྭ་ནི་དགྲ་དང་རྐུན་མ་འོང་། ༧ སྲིད་ཕྱྭ་ནི་ཚེ་ཟད་སྲོག་ཐག་ཆད་པས་ངན་ནོ། བླ་བསླུ་འཆི་བསླུ་ཚེ་དབང་ཚེ་སྒྲུབ་བྱ། དགྲ་ཆོག་བྱ། ༧ སྲིད་ཕྱྭ་ནི་ཚེ་སྟོད་སྐྱིད་ལ་ཚེ་སྨད་སྡུག་བྱིས་སྦ་གསོ་དཀའ་བླ་ཐེའུ་རང་དང་འདྲེ་མོས་རྐུས་པས་ངན་ནོ། ༧ བློ་ཕྱྭ་ནི་བྱ་བ་མང་ལ་ལས་འགོ་ཐོན་པ་གཅིག་ཀྱང་མེད་ངན་ནོ། ༧ དོན་ཕྱྭ་ནི་གང་བསམ་མི་འགྲུབ་ངན་ནོ། ༧ མགྲོན་ཕྱྭ་ནི་མགྲོན་ལམ་ཆུས་བཅད་པས་ངན་ནོ། ༧ སྨན་པ་ཨེ་འཕྲོད་ན་མི་འཕྲོད། ནད་པ་མི་སོས། ལ་ཁའི་བྱ་སྒྲོ་འདྲ་བས་ཧ་མོ་གོ་བས་ངན་ནོ། ༧ གདོན་ཕྱྭ་ནི་སྡེ་བརྒྱད་ཀླུ་ཡི་གནོད་པ་འདུག་པས་ཁྱུང་དམར་དབང་དང་ཟློག་པ་དང་ཀླུ་བཅོས་ཀླུ་མཆོད་བྱས་ན་ལེགས། སྨན་དཔྱད་གཏར་སྲེག་མི་བྱ། ༧ འཛའ་གྲོགས་མི་རྙེད་ངན། ༧ སྲིད་ཕྱྭ་ནི་བུ་མོ་འོང་། ཆང་ཕྱྭ་ནི་ཆང་སྣོད་ནང་ལ་ཐེའུ་རང་འདུག ༧དཀོར་ཕྱྭ་ནི་དགྲ་རྐུན་ཇག་ངོ་ཡོད་དགྲ་པོ་འོང་། མི་གསོད་ནོར་འཁྱེར་ངོ་ཡོད། ༒ལྔ་སྔོན་མོ་སྲིད་རྒྱལ་ལ་བབ་ན། བསྟན་པའི་ཆོས་ཕྱྭ་ནི་མི་ནུབ་རྒྱལ་མཚན་ཕྱར། སྙན་གྲགས་སྟོང་གསུམ་གང་ཞིང་ཤིན་ཏུ་བཟང་། ༧ ཁྱིམ་ཕྱྭ་ནི་ཁྱིམ་བདག་ལྷ་མོ་བསྟན་མས་བྱ། ༧ ནོར་ལེགས་པར་འཕེལ། ཚེ་སྐྱིད་ལ་རྒྱལ་བས་བཟང་། ༧ ཕོ་ཕྱྭ་ནི་ནོར་ལྷ་དང་དགྲ་ལྷས་མགོན་ཅི་བྱེད་ལམ་དུ་འགྲོ། སྐྱིད་ཀྱི་ཉི་མ་ཤར། ཚེ་རིང་ལ་བཟང་། ༧ སྲོག་ཕྱྭ་ནི་ཁྱོད་ཀྱི་སྲོག་ལྕགས་ཁང་དགུ་རིམ་ནང་དུ་ཚུད་པས་བཟང་། ༧ སྲིད་ཕྱྭ་ནི་བུ་དང་བུ་མོ་འཕེལ་སྐྱིད་པོ་འོང་པས་བཟང་། ༧ ནོར་ཕྱྭ་ནི་རང་ལ་སྡུག་བསྔལ་མི་དགོས་ནོར་གཉེེར་འཛམ་བྷ་ལྷ་ཡིས་བྱེད། ༧ བློ་ཕྱྭ་ནི་བློ་ལེགས། ༧ གྲོགས་ཕྱྭ་ནི་རང་གི་གང་འདོད་ཀྱི་གྲོགས་འོང་བས་བཟང་། ༧ ས་མཁར་ཡུལ་འཛིན་གྱི་མོ་ལ་བཟང་། ༧ ཁང་པ་འཕྲོད། མི་རྒྱུ་ཟས་ནོར་ལོངས་སྤྱོད་འཕེལ་བས་ཤིན་ཏུ་བཟང་། ༧ མགྲོན་ཕྱྭ་ནི་མྱུར་དུ་འོང་ཕྱི་དལ་ཆེ། ༧ དོན་ཕྱྭ་ཚོང་ཕྱྭ་གང་ལ་བཟང་། ༧ ཚང་གྲོགས་ལྷ་ཡིས་བྱེད། ༧ སློབ་དཔོན་ཨེ་འཕྲོད་ན་འཕྲོད། ༧ སྨན་པ་ཨེ་འཕྲོད་ན་འཕྲོད། ༧ ནད་པ་སོས། ནད་གཞི་ཆེ། སྲོག་སྐྱོན་མེད། ༧ གདོན་ཕྱྭ་ནི་རྒྱལ་བཙན་གྲི་བོས་གདོན། གེ་ཁོད་གང་མང་འདོན་གེ་ཁོད་གསང་དྲག་གི་དབང་བསྐུར། ༧ ནོར་གཏོར་བ་ཨེ་རྙེད་ན་རྙེད་། ཆང་༤ཕྱྭ་ལ་འདྲེ་མོ་བཀར་ན་ཆང་ཞིམ། ༧ ལམ་ཕྱྭ་ནི་ལྷ་མོས་ལམ་སྣ་འདྲེན། བདེ་འགྲོ་རྙེད་པས་བཟང་། དགྲ་ཕྱྭ་ནི་དགྲ་མེད་བྱམས་པའི་གཉེན་དང་འཕྲད་ངོ་ཡིན། ༒དྲུག་དཀར་མོ་སྲིད་རྒྱལ་ལ་བབ་ན། མི་ཁྱེད་ཀྱི་བསྟན་པའི་ཆོས་ཕྱྭ་ནི། ས་པདྨ་འདབ་བརྒྱད་ཀྱི་སྟེང་ན། གཡུ་ཡི་དཔག་བསམ་ལྗོན་ཤིང་སྐྱེས་པའི་རྩེར། བྱ་རྒྱལ་ཁུ་བྱུག་གི་སྐད་སྙན་ཕྱོགས་བཅུར་གྲགས་པས་བཟང་། ༧ ཁྱིམ་ཕྱྭ་ཟས་ནོར་ལོངས་སྤྱོད་འཕེལ། ལས་ཅི་བྱས་འགྲུབ། ༧ ཕོ་ཕྱྭ་ནི་སྟག་གདོང་ནག་ཕྲན་མདའ་ཡིས་གང་། གཟིག་ཤུབ་མཆོག་དཀར་གཞུ་ཡིས་གང་། སེང་གེ་གངས་ལ་འགྱིང་། རྒྱ་སྟག་ནགས་ལ་འཕྱོ། ༧ སྲོག་ཕྱྭ་ནི་སྲོག་རྡོ་རྗེ་བྲག་བས་སྲ། ༧ སྲིད་ཕྱྭ་ནི་བུད་མེད་འདི་ཀླུ་སྨན་དཀར་མོ་འཁོར་བས་ཕུགས་ཀྱི་བཟང་། ༧ ནོར་ཕྱྭ་ནི་ནོར་ལ་གཡང་ཆགས། ནོར་ལྷ་མཆོད་ནོར་ཕྱུགས་འཕེལ་བས་བཟང་། ཉེས་གྱོད་ཡོད་ཟེར། ༧ གཡང་འགུག་དང་ལྷ་སྲུང་མཆོད་ན་བཟང་། ༧ བློ་ཕྱྭ་ནི་ཐང་དཀར་རྒོད་ལ་གཤོག་དྲུག་རྒྱས་པས་བཟང་། ༧ གྲོགས་ཕྱྭ་ནི་གྲོགས་གང་བསམ་འགྲུབ། ༧ ས་མཁར་ཡུལ་འཛིན་དམུ་ཐག་ལྷ་ཡིས་འཛིན། ནོར་ཕྱུགས་ལོངས་སྤྱོད་གཡང་མཚོ་འཁྱིལ་མི་དར་ལྷ་དར་འོང་། མི་རབས་བཅུ་གསུམ་བརྟན་ཞིང་བཀྲ་ཤིས་པར་འགྱུར་རོ། ༧ ཁང་ས་བཟང་དཔག་བསམ་ལྗོན་ཤིང་ལ་ལོ་འདབ་རྒྱས་པ་དང་འདྲ། མི་ཁྱོད་ལ་ཅི་འདོད་མྱུར་དུ་འོང་། ཚོང་ཕྱྭ་ནི་ཚོང་རྒྱལ་ནོར་དང་འཕྲད། ༧ སློབ་དཔོན་ཐུགས་རྗེ་བྱིན་རླབས་ཆེ་བས་ཤིན་ཏུ་བཟང་། སྨན་པ་ཨེ་འཕྲོད་ན་འཕྲོད། སྨན་པའི་སྨན་བདུད་རྩི་དང་འདྲ་སྟེ་བཟང་། ༧ ནད་པ་སོས་སྲོག་ལ་སྐྱོན་མེད་པས་བཟང་། གདོན་ཕྱྭ་ནི་ཀླུ་དང་ས་བདག་གིས་གདོན། ཀླུ་མཆོད་དང་ཀླུ་གཏོར་བཏང་ན་བཟང་། ༧ སྲིད་ཕྱྭ་ནི་སྲིད་ཨེ་ཆགས་ན་ཆགས། སྲིད་མོ་རུ་འཕེལ་གཡང་སྒྲུབ་བྱེད་ན་ཕོ་རུ་འོང་། ༧ འཛའ་གྲོགས་ཨེ་རྙེད་ན་རྙེད། སྔོན་ནས་འཛུམ་ཞིང་ཟས་དང་སྐྱེམས་ཀྱི་ངོ་། གཞན་གཏམ་ལབ་ན་འཕྲོད། རང་རྒྱལ་མྱུར་དུ་འཕྲོད་པས་བཟང་། བཟོ་རིགས་གང་ལ་ཤིས། ༧ ཆང་ཕྱྭ་ནི་གཏོར་མ་གང་མང་བཏང་ན་ཆང་ཞིམ་པོ་འོང་། ༧ དཀོར་ཕྱྭ་ནི་བཟང་། ༧ ལམ་ཕྱྭ་ནི་ལམ་སྣ་ལྷ་ཡིས་འཁྲིད་དོན་གྲུབ། ༧ དགྲ་ཕྱྭ་ནི་དགྲ་དཔུང་ཞིག ༧ བོར་གཏོར་རྙེད་གཡང་གི་སྒོ་མོ་ཕྱེ་བས་བཟང་། ༧ ཐང་གཅིག་ཐག་གཅོད་ན་ལེགས། ཐག་ཐང་གསུམ་བཏབ་ན། དང་པོ་རང་ས། བར་མ་ཕྱི་ས། ཐ་མ་ལྷ་ས་ཟེར། གསུམ་ཀ་བཟང་ན་ཤིན་ཏུ་ཡག་ཉེས་ཆེ། སྔ་ཕྱི་གཉིས་བཟང་། བར་མ་གཉིས་བཟང་། བར་མ་ངན་ན་གང་ལ་བཏབ་ཀྱང་བཟང་། དང་པོ་ངན་ཕྱི་མ་གཉིས་བཟང་ན་ནད་ངོ་ཆེ། ཚེ་སྒྲུབ་དང་ཚེ་དབང་དགོས། སྔ་མ་གཉིས་བཟང་ཕྱི་མ་ངན་ལྷ་མ་དགའ་ལྷ་སྲུང་གསོལ་མཆོད་བྱ། བསྐང་བཤགས་གང་མང་ཀླུང་རྟ་ཅི་ཐུབ་དགོས། སྔ་ཕྱི་གཉིས་ངན་བར་མ་བཟང་ན་དགྲ་དང་རྐུན་མའི་ངོ་ཡིན། དགྲ་བྲུབ་དང་དགྲ་ཟློག་དགྲ་སྲི་མནན། གསུམ་ཀ་ངན་ན་ཤིན་ཏུ་ངན། སྔ་མ་བཟང་ཕྱི་མ་གཉིས་ངན་ན་འབྲིང་ཙམ་ཡིན། གཡང་སྒྲུབ་དང་དགྲ་ལྷ་དཔའ་སྟོད་ནོར་ལྷ་གསོལ་མཆོད་གྲངས་མང་དགོས། དང་པོ་གཉིས་ངན་ཕྱི་མ་བཟང་ན་བཟང་བ་ཡིན།། ཅེས་སྲིད་རྒྱལ་དུས་དྲུག་མངོན་ཤེས་སྟོང་གསུམ་གསལ་བའི་མེ་ལོང་འདི་ནི་ལྕགས་རྟའི་ལོ་ས་ག་ཟླ་བ་ཚེས་བཅོ་ལྔའི་ཉིན་མ་གཅིག་སྲིད་རྒྱལ་འཁོར་བཅས་ལ་མཁའ་འགྲོ་གྲངས་མེད་ཀྱིས་བསྐོར་ནས་རྒྱལ་བོན་བསོད་ནམ་བློ་གྲོས་ལ་སྙན་རྒྱུད་འདི་གནང་བྱུང་ཀྱང་ཡི་གེར་མ་བཀོད་གསང་ནས་འདུག་པ་ལ། ས་སྐྱོངས་ཞེས་པ་ཤིང་བྱིའི་ལོར་སྒོ་བཙུན་མུ་ལ་ཁི་ཁར་གྱིས་ཡང་ཡང་བསྐུལ་ནས་ཡི་གེར་བཀོད་པའོ།། །།