༄༅།།སྟག་ལ་སྤུ་གྲི་དམར་པོའི་སྒྲུབ་གཞུང་རྩོད་ཟློག་གསང་བའི་ཏན་ཏྲ་བཞུགས།
༄༅།།གཡུང་དྲུང་ལྷ་ཡི་སྐད་དུ་ན།། ཙ་ཀྲ་རཾ་བྲུ་ཧེ་སྤུངས་ན་མོ།། སྤུ་རྒྱལ་བོད་ཀྱི་སྐད་དུ་ན།། སྟག་ལ་མེ་འབར་སྐྱོབ་པའི་ཏན་ཏྲ་རྩོད་ཟློག་གསང་བའི་སྔགས་ཞེས་བྱ་བ། སྟག་ལ་མེ་འབར་དྲག་པོའི་སྐུ་ལ་ཕྱག་འཚལ་ལོ།། འདི་ནི་གནས་དབེན་ལ་ཉམས་དགའ་བ་བཙལ་། ཡང་ན་དྲག་པོའི་ས་རུ་ཤེས། དེ་ལྟ་བུ་རུ་བདེན་པ་བདར་ཞིང་གསེར་སྐྱེམས་སྡེ་བརྒྱད་མཆོད། བྱམས་སེམས་འགྲོ་བ་ཀུན་ལ་བསྐྱེད། སྲུང་བའི་དོན་ལ་མཆོད་རྟེན་ཁྲུ་གང་བཞེངས། དྲི་ཞིམ་སྤོསདང་རྩི་ཡིས་བྱུག བུམ་པའི་ནང་དུ་སྲུང་འཁོར་བཅས། དེ་ཉིད་གཤེན་རབ་སྐུ་རུ་བསྒོམ། དེ་ལ་བསྐོར་ཞིང་ནས་འབྲུ་གཏོར། རུ་ཏྲ་བསད་ཕྱིར་དྲག་པོའི་བྲུབ་དོང་བརྩིགས། ནང་དུ་མཆོད་རྟེན་ནག་པོའི་བསད་འཁོར་རུ། གང་ཡིན་གདགས་པའི་མིང་རུས་བཅུག ལྐུགས་ཐོད་ནང་དུ་ལིངྒ་བཞུགས། བྱད་མ་བསད་པའི་ལས་ཡིན་ནོ།། ཨུ་ཏྲ་ཨག་ཐམ། དེ་ལྟར་མཆོད་རྟེན་རབ་གནས་བྱ། སྔོན་དུ་འབྲུ་སྣ་དག་ལ་དབལ་བཤོས་ཟུར་གསུམ་བྱ། ཐེབས་ཀྱུའམ་བཤོས་བུ་བཅོ་བརྒྱད་གང་རུང་བསྐོར། ཕུད་དང་ཤ་ཁྲག་མཆོད་རྫས་བཤམས། དེ་ནས་བདག་ཉིད་བྱམས་སེམས་བསྐྱེད། འཕྲིན་ལས་ལ་འཇུག་པ་སྟེ། འདི་ལ་སྤྱི་དོན་ལྔ་སྟེ། དང་པོ་མཚམས་བཅད་ཅིང་བགེགས་བསྐྲད་པ་དང་། ཏིང་འཛིན་བསྒོམ་ཞིང་ཕོ་བྲང་བསྐྱེད་པ་དང་། དམ་ཚིག་བསྐྱེད་ཅིང་ཡེ་ཤེས་སྤྱན་དྲངས་པ་དང་། ཕྱག་འཚལ་བཞུགས་གསོལ་སྡིག་བཤགས་མཆོད་པ་འབུལ་བ་དང་། འཛབ་བསྙེན་བྱ་ཞིང་འཕྲིན་ལས་བསྟོད་བཅོལ་བྱའོ།། དེ་ཡང་དང་པོ་སྟོང་བའི་ངང་ལ་བཞག བདག་ཉིད་སྟག་ལ་མེ་འབར་གྱི་སྐུ་རུ་གྱུར་སྟེ། ང་རྒྱལ་དང་ལྡན་པའི་མཚམས་བཅད་དེ་འདི་སྐད་དོ།།
༧བསྭོ་ང་ནི་སྟག་ལ་མེ་འབར་སྐུ།། བགེགས་དང་ལོག་འདྲེན་འབྱུང་པོའི་ཚོགས།། གནས་འདིར་མ་འདུག་གཞན་དུ་དེངས།། གལ་ཏེ་མི་འགྲོ་འདུག་གྱུར་ན།། སྲུང་བའི་གུར་ཁང་དགུ་རིམ་འཁྲིགས།། ལོག་འདྲེན་འབྱུང་པོ་འཚིགས་ཤིང་བསྲེགས།། འདས་ན་ཐལ་བ་རྡུལ་དུ་རློགས།། ཉོན་ཅིག་ལོག་འདྲེན་འབྱུང་པོའི་ཚོགས།། ང་ནི་ཁྲོ་རྒྱལ་མེ་དཔུང་འབར།། སྟག་ལ་མེ་འབར་ཁྲོ་བོའི་མཆོག གཡུང་དྲུང་མཚོན་ཆ་མེ་རིའི་གུར་དུ་འཁྲིགས།། སྟེང་འོག་བར་སྣང་སྤྲུལ་བའི་ཁྲོ་བོས་བཀང་།། ཀུན་ཀྱང་ཞལ་བསྒྲད་མཆེ་གཙིགས་རྔམ་བརྗིད་སྐུ།། ཕྱག་མཚན་འཁོར་ལོ་མཚོན་ཆ་འབར།། མཚམས་ལས་འདས་ན་གཅོད་ཅིང་གཏུབ།། དེ་བས་རང་རང་གནས་སུ་དེངས།། གལ་ཏེ་མི་འགྲོ་འདུག་གྱུར་ན།། ཐུགས་རྗེའི་ཤུགས་ཀྱིས་བསྒྲལ་བར་བྱའོ།།
བསྭོ་ཨ་རཾ་བྲུཾ། ཞེས་སྟོང་བའི་གུར་ཁང་དུ་བསྒོམ། ཨཱོྃ་རཾ་བྲུཾ། ཞེས་ཡེ་ཤེས་ལྔ་ཡི་གུར་ཁང་དུ་བསྒོམ། ཧཱུཾ་རཾ་བྲུཾ། ཞེས་ཁྲོ་བོའི་གུར་ཁང་དུ་བསྒོམ། སད་རཾ་བྲུཾ། ཞེས་སྐྱོབ་པའི་ལྷ་སྲུང་གི་གུར་ཁང་དུ་བསྒོམ། གཡུང་དྲུང་རཾ་བྲུཾ། ཞེས་གཡུང་དྲུང་གི་གུར་ཁང་དུ་བསྒོམ། ཙ་ཀྲ་རཾ་བྲུཾ། ཞེས་འཁོར་ལོ་དང་མཚོན་ཆའི་གུར་ཁང་དུ་བསྒོམ། རདྣ་རཾ་བྲུཾ། ཞེས་རིན་པོ་ཆེ་གུར་ཁང་ཅིས་ཀྱང་མི་ཕྱེད་པར་བསྒོམ། དེ་ལྟ་བུ་ནང་དུ་སུས་ཀྱང་མི་མཐོང་བར་བསྒོམ། དེ་ནས་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནི། དང་པོ་སྟོང་བ་མི་རྟོག་པའི་ངང་ལས་ཅི་ནུས་སྡོད། དེ་ནས་ཀུན་ལ་བྱམས་སེམས་སྙིང་རྗེ་བསྒོམ། བོན་རྣམས་སྟོང་བའི་དངོས་འཛིན་བྲལ། ཁྱབ་གདལ་ཀུན་ལ་ཁྱབ་ཆེན་མཉམ། དེ་ཕྱིར་སྙིང་རྗེ་ཀུན་ཁྱབ་བསྐྱེད། ངང་ལས་རིག་པ་ཨ་རུ་གསལ། དེ་ཡང་རིག་པ་ཨ་ལས་འོད་འཕྲོས་པས། སེམས་ཅན་གྱི་སྒྲིབ་པ་སྦྱངས། ཚུར་འདས་འོད་དུ་ཞུ་བ་ལས། བདག་ཉིད་སྟོན་པའི་སྐུ་རུ་བསྒོམ། ཡང་བདག་གི་ཐུགས་ཀ་ནས་ཨ་ལས་འོད་འཕྲོས། དབྱིངས་ཀྱི་ལྷ་རྣམས་ཀྱི་ཐུགས་དམ་བསྐུལ་ཏེ། སླར་ཨ་ལ་འདུས། ཨ་འོད་དུ་ཞུ་སྟེ་བསྭོ་རུ་གྱུར། བསྭོ་ལས་འོད་འཕྲོས་གཞལ་ཡས་གུར་ཁང་དགུ་རིམ་གྱི་བསྐོར་བར་བསམ། ཡང་བསྭོ་ཚུར་འདུས་པས་བཀྲམ་མདངས་སུ་གྱུར་ཏེ། བདག་གི་སྤྱི་བོར་ཐིམ་པས། ངག་ཏུ། བསྭོ་བསྭོ་བསྭོ། གཟི་བརྗིད་དང་ལྡན་པའི་བསྭོ་རུ་གསལ། བསྭོ་འོད་དུ་ཞུ་བ་ལས། སྟག་ལ་མེ་འབར་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས། སྐུ་ལ་བསྐལ་པའི་མེ་དཔུང་འབར་བ། སྟག་ལྤགས་འབུམ་གྱི་སླག་པ་ལ། མཚོན་ཆ་སྣ་ཚོགས་ཀྱི་འོད་ཟེར་འཕྲོ་བ། མེ་ཡི་རལ་བ་སྲིད་པའི་རྩེ་མོར་འཁྱིལ་བ། སྤྱན་གསུམ་སྡང་མིག་རབ་ཏུ་བསྒྲད་པ། མཆེ་བ་དཀར་པོ་ཟླ་ཚེས་གཙིགས་པ། ཕྱག་གཡས་གསེར་གྱི་འཁོར་ལོ་བསྐོར་བ། གཡོན་པས་རལ་གྲི་དགུ་འཛིང་བསྣམས་པ། རུ་ཏྲའི་སྲུང་མ་བཀུག་ནས་གདན་དུ་བཏིང་བ། ཤིན་ཏུ་འཇིགས་ལ་རྔམ་བརྗིད་དང་ལྡན་པར་བསྐྱེད། དེ་ནས་གསལ་གདབ་པ་ནི། བསྭོ་ལས་སྟག་ལ་རྔམ་བརྗིད་སྐུ། ཞལ་གཅིག་ཕྱག་གཉིས་དམར་འབར་བརྗིད།། སྐུ་ལ་བསྐལ་པའི་མེ་དཔུང་འབར།། མཚོན་ཆའི་སླག་པ་མཚོན་ཆར་འཁྲུགས།། ཞལ་གདངས་མཆེ་གཙིགས་སྐུ་ནི་འགྱིང་།། འཁོར་ལོ་རལ་གྲིའི་ཕྱག་མཚན་གྱིས།། དུན་ཙེ་ཉམས་པའི་སྲོག་རྩ་གཅོད།། རྔམ་བརྗིད་རབ་འབར་སྐུ་རུ་བསྐྱེད།། ཅེས་གསལ་གདབ་བོ།། དེ་ནས་ཡེ་ཤེས་སེམས་དཔའ་སྦྱན་དྲངས་པ་ལ་འདི་སྐད་དོ།། བསྭོ་བསྐལ་པ་མེ་དཔུང་འཁྲུགས་པའི་གསས་མཁར་ན།། མཚོན་ཆའི་གུར་ཁང་དགུ་རིམ་འབར་བ་ན།། མ་རུང་འདུལ་བའི་ཁྲོ་ཆེན་འབར།། སྟག་ལ་མེ་འབར་གཏུམ་པའི་སྐུ།། དམར་འབར་འོད་འཕྲོས་རྔམ་བརྗིད་ལྡན།། སྐུ་བརྗིད་གསུང་ཆེན་ཐུགས་མཆོག་ལྡན།། འཁོར་ནི་འབུམ་ཕྲག་བསམ་ལས་འདས།། དྲེགས་པ་བཅོ་བརྒྱད་ལས་ལ་འཁོལ།། དུན་ཙེ་སྒྲོལ་ཞིང་བགེགས་དཔུང་འཇོམས།། ཁྱོད་ནི་མཐུ་རྩལ་འགྲན་ཟླ་མེད།། གཡུང་དྲུང་བོན་གྱི་བསྟན་པ་སྲུང་བའི་ཕྱིར།། ཐུགས་རྗེ་དང་ནི་དམ་ཚིག་གིས།། གཞལ་ཡས་གནས་འདིར་སྤྱན་འདྲེན་ན།། བོན་ཉིད་སྟོང་གསལ་ངང་ལ་སྐུ་བཞེངས་ལ།། ཐུགས་རྗེས་མྱུར་མགྱོགས་རོལ་བའི་སྟོབས་དང་གཤེགས་སུ་གསོལ།། བསྭོ་ས་མ་ཡ་ཛ་ཨཱོྃ་ཧེ། དམ་ཚིག་སེམས་དཔའ་དང་གཉིས་སུ་མེད་པར་བསམ། དེ་ནས་ཕྱག་འཚལ་ཏེ། བསྭོ་དབལ་བོན་སྟག་ལ་མེ་འབར་འཁོར་བཅས་ལ།། བདག་དང་མཐའ་ཡས་སེམས་ཅན་གྱི།། ལུས་ངག་ཡིད་གསུམ་ཐང་བཅད་ནས།། རྩེ་གཅིག་མོས་པའི་ཏིང་འཛིན་གྱིས།། དབལ་གསས་ཁྲོ་ཆེན་རྔམ་པ་ལ།། ཕྱག་འཚལ་དང་བས་སྐྱབས་སུ་མཆི།། སྟག་ལ་མེ་འབར་དྲག་པོའི་སྐུ།། སྟོང་གསུམ་སྐྲག་མཛད་རྔམ་པའི་གསུང་།། མ་ལུས་སྒྲོལ་མཛད་ཁྲོ་ཆེན་ཐུགས།། སྐུ་གསུང་ཐུགས་ལྡན་སྟག་ལ་མེ་འབར་ལ།། ཕྱག་འཚལ་དང་བས་སྐྱབས་སུ་མཆི།། ཁྲོ་རྒྱལ་ཁྱེད་ནི་ཡེ་ནས་རྔམ་བརྗིད་འབར།། འཁོར་ནི་བྱེ་བ་འབུམ་ཕྲག་སྟེ།། མ་རུང་དྲེགས་པ་འདུལ་མཛད་ལ།། ཕྱག་འཚལ་དང་བའི་སྐྱབས་སུ་མཆི།། བསྭོ་ཧེ་ན་མ། ཞེས་ཕྱག་འཚལ་ལོ།། ད་ནི་བཞུགས་སུ་གསོལ་བ་ནི། བསྭོ་བསྐལ་པ་མེ་དཔུང་འབར་བའི་གསས་མཁར་ན།། འོད་ཟེར་འཕྲོ་འདུ་གསས་ཁང་དུ།། དུན་ཙེ་བསྒྲལ་ཕྱིར་སྤྱན་འདྲེན་ནས།། མཚོན་ཆའི་གུར་ཁང་དབུས་སུ་བཞུགས་སུ་གསོལ།། བཞུགས་ནས་དུན་ཙེ་བསྒྲལ་དུ་གསོལ།། བསྭོ་ཨཱོྃ་ས་མ་ཡ་ཏི་སྟ་ལྷན། ཞེས་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བཞུགས་སུ་གསོལ་བར་བསྐྱེད། དེ་ནས་སྡིག་པ་བཤགས་ཅིང་འདི་སྐད་དོ།། ན་མོ་སྔོན་གྱི་རིག་འཛིན་འཁོར་དང་བཅས།། ཡི་དམ་ལྷ་མཆོག་གཙོ་འཁོར་བཅས།། རྔམ་བརྗིད་སྟག་ལ་ཁྲོ་བོའི་མཆོག སྒྲུབ་གཤེན་བདག་ལ་དགོངས་སུ་གསོལ།། བདག་འདྲ་དུས་ངན་སྙིགས་མའི་བུ།། བདེ་སྐྱིད་མ་མྱོང་སྡུག་བསྔལ་དུས་ཀྱི་ཚེ།། འཁོར་བའི་གཏིང་མཐའ་འདི་ལས་ཐར་བར་མ་གྱུར་ཏེ།། ལྷ་མཆོག་ཁྱེད་ཀྱི་ཐུགས་རྗེས་སྤྱན་གྱིས་གཟིགས།། གསང་བའི་ལྷ་ཞལ་བདག་ལ་བསྟན་དུ་གསོལ།། དང་པོ་བསྐལ་པ་ཐོག་མ་མེད་པ་ནས།། ད་ལྟ་དུས་འདིར་བླངས་པ་ཡན་ཆད་དུ།། སྣང་བ་བདེན་པར་འཛིན་པའི་རང་བཞིན་གྱིས།། འཇིག་རྟེན་ཁས་དྲག་དང་དུ་བླངས།། ཉོན་མོངས་འཁྲུལ་བརང་ཁར་སྤྱོད།། མི་དགེ་ལས་ངན་སྡིག་སྒྲིབ་གང་བགྱིས་པ།། དཔོན་གསས་བླ་མ་ཡི་དམ་སྤྱན་སྔར་བཤགས།། མཐོལ་བཤགས་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ།། དབལ་གཤེན་སྟག་ལ་ཁྲོ་ཆེན་རྒྱལ།། ཁྱེད་ནི་ཡེ་ནས་སྟོང་ཉིད་ཡེ་ཤེས་སྐུ།། བདག་ནི་སྒྱུ་མ་ཤ་ཡི་ལས་སུ་གྱུར་ནས་ཀྱང་།། མ་རིག་འཁྲུལ་བའི་སྡིག་པ་ཅི་བགྱིས་པ།། སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། མཐོལ་བཤགས་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ།། གསུང་མཆོག་རབ་རྔམ་སྟག་ལའི་གསུང་།། ཁྱེད་ནི་ཡེ་ནས་ཡེ་ཤེས་ཚངས་པའི་གསུང་།། བདག་ནི་བརྗོད་བྲལ་ཚངས་པའི་གསུང་དུ་མ་གྱུར་ཏེ།། ཚིག་རྩུབ་ངག་འཁྱལ་སྤྱོད་པ་ཡི།། གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། མཐོལ་བཤགས་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ།། ཐུགས་མཆོག་རབ་གསལ་སྟག་ལའི་ཐུགས།། ཁྱེད་ནི་ཡེ་ནས་ཀུན་གསལ་མཁྱེན་པའི་ཐུགས།། བདག་ནི་མ་རིག་འཁྲུལ་བ་ཡི།། ལོག་པའི་ཕྱོགས་སུ་ཡིད་གྱུར་ཏེ།། ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས།། མཐོལ་བཤགས་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ།། སྐུ་གསུང་ཐུགས་ཀྱི་མཐོལ་བཤགས་ཕུལ་བ་ཡིས།། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ།། ཡེ་ཤེས་ཁྲོ་བོའི་ལྷ་ཞལ་དུས་འདིར་སྟོན།། ཁྲོ་རྒྱལ་ཁྱེད་ནི་ཡོད་ཏན་ཕྲིན་ལས་རྨད་བྱུང་སྐུ།། སྒྲུབ་གཤེན་བདག་ནི་རྨད་བྱུང་དོན་དང་མ་ལྡན་ཏེ།། དུན་ཙེ་ཉམས་པའི་དྲི་མ་ཕོག་སྲིད་ན།། སྤྱོད་པ་ངན་པ་རུ་ཏྲའི་ལས་སྤྱོད་པ།། དབལ་གཤེན་སྟག་ལའི་སྤྱན་སྔར་མཐོལ་ལོ་བཤགས།། མཐོལ་བཤགས་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ།། གཞན་ཡང་སྒྲུབ་གཤེན་བདག་འདྲ་བ།། མ་རིག་འཁྲུལ་བའི་དབང་གྱུར་ཏེ།། བཀའ་ལུང་མན་ངག་འཁྲུལ་པར་སྤྱོད་པ་དང་།། དུས་ཀྱི་མཆོད་པ་ལོ་ཟླར་འདས་པ་དང་།། འཛབ་དང་སྙིང་པོ་གཞུང་བཞིན་མ་བསྐྱལ་བས།། གཡུང་དྲུང་བོན་གྱི་བཀའ་དང་འགལ་བ་མཐོལ་ལོ་བཤགས།། མཐོལ་བཤགས་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ།། ཞེས་བཤགས་པ་བྱའོ།། དེ་ནས་མཆོད་པ་འབུལ་བ་ལ་གཉིས་ཏེ། དེ་ལ་ཕྱི་ཡི་མཆོད་པ་དང་ནང་གི་མཆོད་པའོ།། དང་པོ་མཆོད་རྫས་དགུ་བཤམས་ཏེ། བྱིན་གྱིས་རླབས་པ་ནི། བདག་ཉིད་དབལ་བོན་སྟག་ལའི་ཐུགས་ཀ་ནས་། ཡཾ་རཾ་མཾ་བྲུཾ་འཕྲོས་པས། ཡཾ་ལས་རླུང་བྱུང་། རཾ་ལས་མེ་བྱུང་། མཾ་ལས་ཆུ་བྱུང་། མཆོད་རྫས་ཀྱི་སྐྱོན་རྣམས་རླུང་གིས་གཏོར། མེ་ཡིས་བསྲེགས། ཆུ་ཡིས་བཀྲུས། ཡང་བདག་གི་ཐུགས་ཀ་ནས་ཨ་ཨཱོྃ་ཧཱུཾ་འཕྲོས་པའི། མཆོད་པའི་བྱེ་བྲག་བསམ་ལས་འདས་པར་བསམ། ཡང་ཨ་ཨཱོྃ་ཧཱུཾ་བྲུཾ་སྭཱཧཱ། ཞེས་བརྗོད་པས། དང་པོ་ཕྱི་ཡི་མཆོད་པ་འབུལ་ཏེ། རྔ་གཤང་གི་སྒྲ་དང་བཅས་ཏེ་འདི་སྐད་དོ།། བསྭོ་སྒྲུབ་གཤེན་ལུས་ངག་ཡིད་གསུམ་དད་པ་ཡིས།། དོངས་འབྱོར་ཡིད་ལ་སྤྲུལ་བ་ཡི།། མཆོད་པའི་བྱེ་བྲག་སྣ་ཚོགས་ནི།། གཟུགས་དང་སྒྲ་དང་དྲི་དང་རོ།། རེག་དང་བོན་དང་རིན་ཆེན་གཏེར།། སྟོང་གསུམ་གང་བར་དམིགས་ནས་ནི།། ཁྲོ་རྒྱལ་སྟག་ལ་མེ་འབར་འཁོར་བཅས་རྣམས་ལ་འབུལ།། དུན་ཙེ་བསྒྲལ་ཕྱིར་བཞེས་སུ་གསོལ།། བསྭོ་རྐོ་རི་སླང་པ་ནི་བྲུཾ་སྭཱ་ཧཱ། ནང་གི་མཆོད་པ་གསུམ་ཏེ། ཕུད་དང་གཏོར་མ་ཤ་ཁྲག་ལ་དུན་ཙེ་བཀུགས་ནས་བསྒྲལ་ལ་འབུལ་ཏེ། བདག་ཉིད་སྟག་ལའི་ཐུགས་ཀ་ནས་བྲུཾ་འཕྲོས། རིན་པོ་ཆེ་སྣོད་ཡངས་ཤིང་རྒྱ་ཆེ་བར། ཨ་ཨཱོྃ་ཧཱུཾ། ཞེས་བདུད་རྩི་རུ་གྱུར་རོ།། བསྭོ་ཨཱོྃ་ཨ་ཧཱུཾ་བ་བཱ་དེ་ན་ར་ས་ཡ་ན་གཡུ་འབྲང་བདུད་རྩི་བསྭོ་ཐཱ། ཞེས་མང་པོ་སྤེལ་ལ་འབུལ་ལོ།། ཨཱོྃ་ཨ་ཧཱུཾ། ངོ་མཚར་རྨད་དུ་བྱུང་བའི་སྨན།། རྩ་བ་འབུམ་ཕྲག་ཡངས་པའི་བཅུད།། མ་ལུས་འདུས་པའི་ཐུགས་ལས་ཆེ།། ཁྱད་པར་རྨད་དུ་བྱུང་བ་ཡི།། བདུད་རྩི་གཡུ་འབྲང་ཕུད་འདི་དག ཕྱོགས་བཅུ་དུས་གསུམ་བདེར་གཤེགས་དང་།། དཔོན་གསས་བླ་མ་བཅས་ལ་འབུལ།། ཐུགས་རྗེས་དགོངས་ལ་དབང་དང་དོངས་གྲུབ་སྩོལ།། བདུད་རྩི་གཡུ་འབྲང་ཨེ་རཾ་ཁ་ཧི།། ཁྱད་པར་རྨད་དུ་བྱུང་བ་ཡི།། བདུད་རྩི་གཡུ་འབྲང་ཕུད་འདི་དག དྲེགས་པ་འདུལ་མཛད་སྟག་ལ་ལ།། བདུད་རྩི་སྨད་གྱི་མཆོད་པ་འབུལ།། ཐུགས་རྗེས་དགོངས་ལ་དབང་དང་དངོས་གྲུབ་སྩོལ།། བདུད་རྩི་གཡུ་འབྲང་ཨེ་རཾ་ཁ་ཧི།། ཁྱད་པར་རྨད་དུ་བྱུང་བ་ཡི།། བདུད་རྩི་གཡུ་འབྲང་ཕུད་འདི་དག སྟག་ལ་མེ་འབར་འཁོར་ན་གནས་པ་ཡི།། སྤྲུལ་བ་ཡང་སྤྲུལ་དྲེགས་པ་རྣམས་ལ་འབུལ།། ཐུགས་རྗེས་དགོངས་ལ་དབང་དང་དངོས་གྲུབ་སྩོལ།། བདུད་རྩི་གཡུ་འབྲང་ཨེ་རཾ་ཁ་ཧི།། ཞེས་འབུལ་ལོ།། དེ་ནས་སྨན་གྱི་དངོས་གྲུབ་བླངས་ཏེ། བསྭོ་ཨཱོྃ་ཨ་ཧཱུཾ༔དབལ་གཤེན་སྟག་ལ་མེ་འབར་སྐུ་གསུང་ཐུགས།། སྒྲུབ་གཤེན་བདག་གི་ལུས་ངག་ཡིད་གསུམ་ལ།། གཉིས་མེད་གྱུར་པའི་དངོས་གྲུབ་སྩོལ།། ཨཱོྃ་ཨ་ཧཱུཾ་འདུ་ལྷན། ད་ནི་གཏོར་མ་འབུལ་ཏེ། བསྭོ་མཚན་ལྡན་བཀྲ་ཤིས་གཏོར་གཞོང་དུ།། གཏོར་མ་འདོད་ཡོན་སྣ་ལྔས་བརྒྱན།། ཟད་མེད་ཡེ་ཤེས་འོད་ཟེར་འཕྲོ།། ཁྲོ་རྒྱལ་སྟག་ལ་མེ་འབར་འཁོར་བཅས་རྣམས་ལ་འབུལ།། བསྟན་པའི་དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ།། ཨཱོྃ་ཨ་ཧཱུཾ་བྷ་ལིང་ཏ་ཟད་མིན་ཁ་ཧི། དེ་ནས་ཁྲག་འབུལ་ཏེ་དུན་ཙེ་གང་ཡིན་པ་བསྟིམས་ལ་འབུལ། བདག་ཉིད་སྟག་ལའི་སྐུ་རུ་གསལ་བ་ལས། ཐུགས་ཀའི་བསྭོ་ལས་ཛ་དམར་ནག་འཕྲོས་ཏེ་ལྕགས་ཀྱུའི་རྣམ་པ་ཅན་དུ་གྱུར་པར་བསམ་ལ་དུན་ཙེ་སྙིང་ཁྲག་རྣི་དང་བཅས་པ་ཁྲག་སྣོད་དུ་བསྟིམས། རྣམ་ཤེས་བསད་པའི་སྔགས་རིང་གིས་འགྲས་པ་བཀུགས་ལ་བསད་ཅིང་བསྟིམས་ནས་དུན་ཙེའི་ཤ་ཁྲག་རུས་པར་བསམ། རྔ་གཤང་གི་སྒྲ་དང་བཅས་ཏེ་འདི་སྐད་དུ་གསོལ། བསྭོ་མཚན་ལྡན་བཀྲ་ཤིས་ཞལ་བུ་རུ།། དུན་ཙེ་ཉམས་ཤ་ཁྲག་དང་།། ཏིང་མུར་ཁྲག་སྣ་སྙིང་སྣ་སྦྱར།། རུ་ཏྲ་བསྒྲལ་བའི་སྙིང་ཁྲག་མཆོད་པར་བཞེས།། ཁ་རཾ་ཁ་ཧི་ཞལ་ཕྱེས་ཤིག བསྭོ་གཏི་མུག་འཇོམས་བྱེདཤ་ཡི་རི་བོ་སྤུངས།། འདོད་ཆགས་འཇོམས་བྱེད་ཁྲག་གི་རྒྱ་མཚོ་བསྐྱིལ།། ཞེ་སྡང་འཇོམ་བྱེད་རུས་པའི་གྲམ་མར་སྤུངས།། ཁྲོ་རྒྱལ་རྔམ་བརྗིད་འབར་ལ་འབུལ།། དུན་ཙེ་ཤ་ཁྲག་མཆོད་པར་བཞེས།། མ་ཧ་ཙི་རྟ་ལ་ཁ་རཾ་ཁ་ཧི། མ་ཧ་ཏིང་མུར་སྙིང་ཁྲག་ལ་ཁ་རཾ་ཁ་ཧཾ། མ་ཧ་དུན་ཙེའི་ཀླད་ཁྲག་ལ་ཁ་རཾ་ཁ་ཧི། ཞེས་དུན་ཙེ་ཉམས་པའི་ཤ་ཁྲག་རུས་བཅས་ཞལ་དུ་གསོལ་བར་བསམ། དེ་ནས་འཛབ་འབུལ་ཏེ། སྟོང་བའི་ངང་ལས་བསྭོ་བསྭོ་བསྭོ། ལན་གསུམ་བརྗོད། བདག་གི་སྤྱི་གཙུག་ཏུ་བསྭོ་ལས་འོད་ཟེར་འཕྲོ་བ་གཅིག་བསམ། ངག་ཏུ། བསྭོ། ཞེས་བརྗོད་པས། བསྭོ་ལས་འོད་ཟེར་འཕྲོས་ཏེ་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་བསྲེགས་པར་བསམ། ཚུར་འདུས་ཡང་བདག་ལ་ཐིམ་པས། བདག་ཉིད་སྟག་ལ་མེ་འབར་གྱི་སྐུ་རུ་གྱུར། སྐུ་མདོག་དམར་པོ་བསྐལ་པའི་མེ་དཔུང་འབར་བ། སྟག་རྒོད་འབུམ་གྱི་སླག་པ་ལ། མཚོན་ཆ་སྣ་ཚོགས་ཀྱི་འོད་ཟེར་འཕྲོ་བ། མེ་ཡི་རལ་བ་སྲིད་པའི་རྩེ་མོར་འཁྱིལ་བ། སྤྱན་གསུམ་སྡང་མིག་རབ་ཏུ་བསྒྲད་པ། མཆེ་བ་དཀར་པོ་ཟླ་ཚེས་གཙིགས་པ། གཡས་ན་གསེར་གྱི་འཁོར་ལོ་བསྐོར་བ། གཡོན་པ་རལ་གྲི་དགུ་འཛིངས་བསྣམས་པ། མཚོན་ཆའི་གུར་ཁང་ནང་དུ་སྐུ་རྔམ་བརྗིད་དང་ལྡན་པར་བསྐྱེད། དེའི་ཐུགས་ཀར་གསེར་གྱི་གའུའི་ནང་དུ་ཡིག་འབྲུ་བསྭོ་ནག་པོ་གཅིག་བསམ། དེ་ལ་བསྲུང་བའི་སྔགས་ཀྱི་བསྐོར་བར་བསམ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས། རང་གི་སྲུང་བྱ་གང་ཡིན་རྣམས་ལ་ཐིམ་པས། སྟག་ལ་མེ་འབར་གྱི་སྐུ་རུ་གྱུར། བདག་གི་གཡས་སུ་འཁྲིགས་པར་བསམ། ཡང་དེ་གཉིས་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་གདུག་པ་ཅན་ཐམས་ཅད་བསྲེགས། ཚུར་འདུས་པ་ལས་གཡུང་དྲུང་གི་གུར་ཁང་དགུ་རིམ་འཁྲིགས་སྟེ་གྱུར་པར་བསམ། གཡུང་དྲུང་གི་གུར་ཁང་དྲ་མིག་ནས་གསེར་གྱི་ཁྲོ་ཆུང་གིས་ཁེངས་ཏེ། གནོད་བྱེད་གང་གིས་ཀྱང་མི་ཚུགས་པར་བསམ། ཡང་བདག་གི་ཐུགས་ལས་འོད་ཟེར་ཕར་འཕྲོས་པས། འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་བསྲེགས་པར་བསམ། ཚུར་འདུས་པ་ལ་མཚོན་ཆའི་གུར་ཁང་དགུ་རིམ་དུ་གྱུར་པར་བསམ། དེའི་དྲ་མིག་བར་ཐམས་ཅད་ཁྲོ་བོས་གཏམས་པར་བསམ། ཡང་བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྲེགས་པར་བསམ། ཚུར་འདུས་པ་ལས་གསེར་གྱི་འཁོར་ལོ་རྩིབས་སྟོང་དུ་གྱུར་ཏེ། མཚོན་ཆའི་གུར་ཁང་ཕྱི་རོལ་དུ་འཁོར་བར་བསམ། ཡང་བདག་ལ་འོད་ཟེར་སྔར་བཞིན་འཕྲོས་པས། འཇིག་རྟེན་གྱི་དྲེགས་པ་ཐམས་ཅད་བསྲེགས། ཚུར་འདུས་པ་ལས། མེ་ཡི་འཁོར་ལོ་རྩིབས་སྟོང་དུ་གྱུར་ཏེ་སྟེང་གི་ལྷ་དང་ལྷ་མིན་ཐམས་ཅད་བསྲེགས། བར་གྱི་ལྷ་འདྲེ་ཀུན་ཀྱང་བསྲེགས། འོག་གི་དམྱལ་བ་ཡི་དྭགས་བྱོལ་སོང་གདུག་པ་ཅན་ཐམས་ཅད་བསྲེགས། ཡང་བདག་གི་ཐུགས་ཀའི་བསྭོ་ལས་འོད་ཟེར་འཕྲོས་པས། ནམ་མཁའ་ལ་སྟག་ལ་མེ་འབར་མེ་ཡི་གཤོག་པ་ཅན་གྲངས་མེད་པས་གང་བར་བསམ། ཡང་འོད་ཟེར་འཕྲོས་པས་བར་སྣང་ལ་སྟག་ལ་མེ་འབར་རླུང་ཚ་གྲང་གི་གཤོག་པ་ཅན་གྲངས་མེད་པས་གང་བར་བསམ། ཡང་འོད་ཟེར་འཕྲོས་པས་ས་གཞི་ལ་སྟག་ལ་མེ་འབར་རལ་གྲིའི་གཤོག་པ་ཅན་གྲངས་མེད་པས་གང་བར་བསམ། སླར་འོད་ཟེར་དེ་དག་ཚུར་འདུས་པ་ལ། དེ་རྣམས་ཀྱང་གཟི་བརྗིད་དང་ལྡན་པར་གྱུར་ཏེ། ཞལ་ནས་སྲུངས་ཤིག་ཟེར་བས་སྒྲ་ལྷང་ལྷང་དི་རི་རི་སྒྲོགས་པར་བསམ། ཏིང་འཛིན་དེ་དང་མ་བྲལ་བར་བྱས་ལ་སྲུང་བའི་འཛབ་བསྙེན་འདི་བརྗོད་དོ།། བསྭོ་བསྭོ་རཾ་རཾ་ཐིས་བྲུཾ་རཾ་རཾ། ཨ་བྲུཾ་རཾ་རཾ། ཨཱོྃ་བྲུཾ་རཾ་རཾ། ཧཱུཾ་བྲུཾ་རཾ་རཾ། བསྭོ་དུན་ཐ་བྲུཾ་བདག་ལ་རཀྵ་སྲུངས་ཤིག དེ་ནས་བདག་དང་ལུས་ངག་ཡིད་གསུམ་སྲུང་བའི་བསྙེན་པའོ།། འབུམ་ཚོ་བདུན་དུ་བགྲངས་གྱུར་ན། བདག་ཉིད་མཚན་མ་འདི་ཉིད་འབྱུང་། རིན་ཆེན་རྫོངས་ཁྲབ་གསེར་ཁྲབ་གོན། རིག་པ་ངར་ལྡན་འཁོར་གྱིས་བསྐོར། དཔའ་དང་གདེང་ནི་ཁོངས་ནས་འཆར། དེ་ནས་འཁོར་རྣམས་སྲུང་བའི་སྔགས་འདི་བཏགས། བསྭོ་བསྭོ་རཾ་རཾ་དུན་ཐ་ཨ་ཨ་ཐིས་བྲུཾ་རཾ་རཾ། ཙ་ཀྲ་རཀྲ་བྲུཾ་བྲུཾ་སྲུངས་ཤིག ཅེས་ཡོངས་སུ་བསྲུང་བའི་གུར་ཁང་དུ་བསྐྱེད།བཟླས་སོ།། འབུམ་ཚོ་ལྔ་རུ་བཟླས་ནས་ནི། གོ་གོན་མཚོན་ཆ་ཐོགས་པར་འགྱུར། འདི་བཞིན་བཟླས་པའི་གཤེན་རབ་ནི། སྔགས་པ་སྟོང་གི་ཕུར་ཁ་རྡུག ལྷ་འདྲེ་སྟོང་གི་གདུག་པ་ཞི། ནད་རིགས་སུམ་བརྒྱ་དྲུག་ཅུ་ཐུབ། བགེགས་རིགས་ཀུན་གྱི་ཚུགས་མི་འགྱུར། ཚེ་ནི་ཉི་ཟླ་དང་མཉམ་པར་འགྱུར། བདག་སྲུང་དུ་བཟླས་པའོ།། དེ་ཡང་བདག་གི་སེམས་གསེར་གྱི་བར་བུ་སྲུབ་མེད་པ་ཅིག་ཏུ་བསམ། དེ་ཡི་ནང་དུ་བསྭོ་ནག་པོ་ཅིག་བསམ། དེ་ལ་བསྲུང་བའི་སྔགས་ཀྱིས་གཡས་སུ་བསྐོར་བར་བསམ། དེ་ལ་འོད་ཟེར་འཕྲོས་པས་རང་གི་བ་སྤུ་ཐམས་ཅད་ཁྲོ་ཆུང་གིས་གཏམས་ཏེ་བསྲུང་བར་བསམ། ཐུན་མཚམས་སུ། ཕ་རོལ་རྦོད་གཏོང་བཟློག་པའི་ཁྲོ་བོ་ཐམས་ཅད་ཞལ་ཕྱིར་གཟིགས་ནས། བཟློག་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་བསམ། བསྭོ་བསྭོ་རཾ་རཾ་བཟློག་བཟློག ཧེ་ཧེ་བཟློག་བཟློག བསྭོ་བསྭོ་བཟློག་བཟློག ཨ་ཨ་བཟློག་བཟློག རཾ་ཆེན་རཾ་ཆེན་བཟློག་བཟློག དུན་ཐ་རཾ་བཟློག་བཟློག ཨ་རཾ་ཨ་རཾ་བཟློག་བཟློག ཧ་རཾ་ཧ་རཾ་བཟློག་བཟློག བྱད་མ་གནོད་བྱེད་ཀྱི་སྙིང་ལ་རཾ་བཟློག་བཟློག སྟག་ལ་མེ་འབར་ཐུགས་ཀྱི་དྲག་སྔགས་རཾ་བཅུ་འདི། འབུམ་ཚོ་ལྔ་རུ་བཟླས་གྱུར་ན། བན་བོན་བྱད་ཁ་གང་ཡང་བཟློག ཐོག་སེར་གཉིས་པོ་སྨོས་ཅི་དགོས། གཙང་པོའི་ཆུ་དང་གཤའ་རྦུད་ཟློག རྒྱ་མཚོ་ཆེན་པོ་བསྐམ་པར་བྱེད། གནོད་བྱེད་གང་ཡང་འཇོམས་པར་བྱེད། བསྲུང་བཟློག་འཛབ་བསྙེན་བྱའོ།། བསྲུང་ཟློག་དུས་སུ། བསྭོ་ལས་འོད་ཟེར་འཕྲོས། སྲུང་བྱ་ལ་ཕོག་སྟེ་འོད་དུ་ཞུ་བ་ལས། བདག་ཉིད་ཐུགས་ཀའི་བསྭོ་ལ་ཐིམས། དེ་ནས་རྣམ་ཤེས་གཙོ་ལ་བསྟིམས་པ་ནི། བདག་གི་སྤྱི་བོར་སྟོན་པ་གཤེན་རབ་བསྐྱེད། ཐུན་མཚམས་སུ། བདག་དང་གུར་ཁང་འོད་དུ་ཞུ་ནས་སྟོང་བ་ཉིད་ཀྱི་ངང་ལ་ཐིམ་པར་བསམ། སྐབས་འདིར་ཚོགས་འབུལ་ཏེ། དེ་ལ་གཉིས་ཏེ་འཛབ་བསྟོད་དང་ཚོགས་མཆོད་དེ། སྔོན་ཆ་འཛབ་བསྟོད་ནི། བདག་ཉིད་ཏིང་འཛིན་ངང་ལས་དབྱངས་དང་བཅས་ཏེ་འདི་སྐད་དོ།། བསྭོ་བསྐལ་པ་མེ་དཔུང་འབར་བའི་གསས་མཁར་ན།། གུར་ཁང་དགུ་རིམ་གཞལ་ཡས་ན།། ཁྲོ་བོ་རྔམ་ཆེན་སྟག་ལའི་སྐུ།། ཞལ་གཅིག་ཕྱག་གཉིས་དམར་འབར་བརྗིད།། འཁོར་ལོ་རལ་གྲིའི་ཕྱག་མཚན་བསྐོར།། ཐུགས་ཀར་རིན་ཆེན་གའུ་དབུས།། བསྭོ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས།། ཕར་འཕྲོས་སྟོང་ཁམས་ཐམས་ཅད་བསྲེགས།། ཚུར་འདུས་གཡུང་དྲུང་མཚོན་ཆ་དང་།། འཁོར་ལོ་མེ་རིའི་གུར་དུ་འཁྲིགས།། དུན་ཙེ་སྒྲོལ་ཞིང་གནོད་བྱེད་སྲུང་།། སྤྱི་གཙུག་སྟོན་པའི་སྐུ་དང་ལྡན།། མི་འགྱུར་གཡུང་དྲུང་ཚེ་དང་ལྡན།། བ་སྤུའི་རང་བཞིན་ཁྲོ་བོ་འགྱེད།། འོད་ཟེར་འདུ་འཕྲོ་འབར་བ་ཡིས།། ཐམས་ཅད་མ་ལུས་འདུལ་ཞིང་བསྲེགས།། འཛབ་དང་སྙིང་པོའི་མཆོད་པ་འབུལ།། དུན་ཙེ་ཉམས་པ་རྡུལ་དུ་བརློགས།། སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ།། ཞེས་འཛབ་བསྟོད་འབུལ། སྐབས་འདིར་གོང་གི་མཆོད་པ་ཚར་གཅིག་འབུལ། ཚོགས་མཆོད་ཀྱང་འབུལ་ལོ།། གོང་ལྟར་བྱིན་གྱིས་རློབས་ལ་བཞེས་སུ་གསོལ། བསྭོ་བསྐལ་པ་མེ་དཔུང་འཁྲུགས་པའི་གསས་མཁར་ན།། ཁྲོ་རྒྱལ་རྔམ་བརྗིད་སྟག་ལའི་སྐུ།། སྤྲུལ་བ་ཡང་སྤྲུལ་འཁོར་དང་བཅས།། དུན་ཙེ་ཉམས་པ་བསྒྲལ་སླད་དུ།། ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ།། བསྭོ་ཨཱོྃ་ས་མ་ཡ་ཛ། གཞན་ཡང་བསྟན་པ་སྲུང་བར་ཞལ་བཞེས་པ།། དཔལ་མགོན་ལྷ་དྲེགས་པའི་ཚོགས།། བོན་སྐྱོང་འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ།། ཧེ་ཧེ་ན་མ་ཛ། ཞེས་ཚོགས་སྤྱན་དྲངས་སོ།། དང་པོ་མཆོད་དེ། བསྭོ་སྒྲུབ་གཤེན་དད་པས་བཤམས་པ་ཡི།། མཆོད་པའི་ལོངས་སྤྱོད་བསམ་མི་ཁྱབ།། གཟུགས་སྒྲ་དྲི་རོ་རེག་རྒྱན་དང་།། བོན་དང་འདོད་ཡོན་སྣ་ཚོགས་རྣམས།། སྤྲིན་དཔུང་བཞིན་དུ་གཏིབས་ཏེ་འབུལ།། དབལ་གཤེན་སྟག་ལ་འཁོར་བཅས་ཀྱིས།། དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ།། བཞེས་ནས་དུན་ཙེ་ཉམས་པ་སྒྲོལ།། གཞན་ཡང་བཟའ་དང་བཅའ་དང་བཏུང་དང་བགོ།། ཤ་ཁྲག་སྙིང་ཚིལ་ཉུངས་འབྲང་ཕུད།། རྔམ་བརྗིད་ཁྲོ་རྒྱལ་ཞལ་དུ་འབུལ།། ཐུགས་རྗེས་རོལ་བའི་སྟོབས་ཀྱིས་བཞེས་སུ་གསོལ།། བསྭོ་བྲུཾ་ཟད་མིན་སྤུངས་སོ་ཁ་རཾ་ཁ་ཧི། བཤགས་པ་ནི། ན་མོ་ཁྲོ་རྒྱལ་རྔམ་ཆེན་དགོངས་སུ་གསོལ།།བདག་ནི་ཚེ་རབས་ཐོག་མ་མེད་པ་ནས། ད་ལྟའི་དུས་འདིར་ཡན་ཆད་དུ།། ཉོན་མོངས་འཁྲུལ་བའི་དབང་གྱུར་ཏེ།། མི་དགེ་སྡིག་པ་གང་སྤྱོད་དང་།། རྩ་བ་ཡན་ལག་དམ་ཉམས་རྣམས།། ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས།། ཁྲོ་རྒྱལ་ཁྱེད་ལ་བཟོད་པར་གསོལ།། ཞེས་བཤགས་པའོ།། ཐ་མ་བསྟབ་ཏེ་ལྒིང་བྱ་ལ། བདག་ཉིད་སྟག་ལའི་ཐུགས་ཀར་ནས་བསྭོ་ལས་འོད་ཟེར་འཕྲོས་པའི་སྤྲུལ་བའི་ཁྲོ་བོ་དང་དྲེགས་པ་བསམ་གྱིས་མི་ཁྱབ་པའི་དུན་ཙེ་བཀུགས་ནས་ལིང་ག་ལ་བསྟིམས། བསྭོ་རྣི་ཛ་ཛ། ཨ་འགུ་ཤ་ཛ་ཛ། དུན་ཙེ་ནི་ཛ་ཛ། ཞེས་བཀུག་གོ། བསྭོ་ང་ནི་ཁྲོ་ཆེན་རྔམ་བརྗིད་འབར།། སྟག་ལ་མེ་འབར་གཏུམ་པའི་སྐུ།། སྤྲུལ་བ་གྲངས་མེད་ཁྲོ་ཆུང་འགྱེད།། དུན་ཙེ་གང་ཡིན་ཁུགས་ལ་ཤོག དམ་ཉམས་མ་བཏང་ཤོ་ར་རེ།། ཕྱག་མཚན་འཁོར་ལོ་རལ་གྲི་ཡིས།། མགོ་ལུས་གཤོག་ལ་དུམ་བུར་གཏུབ།། གཟུགས་ཕུང་བཤིགས་པའི་དུས་ལ་བབ།། བསྭོ་ཨཱོྃ་ཙཀྲ་བྱི་གྲི་དུན་ཙེ་དམྱལ་རྦད་ཤག་ཐུན་ལྷན། ཞེས་དུམ་བུར་གཏུབ་བོ།། དེ་ནས་བསྟབས་ཏེ། བསྭོ་སྟག་ལ་རྔམ་ཆེན་ཞལ་ཕྱེས་ཤིག དུན་ཙེ་བསྒྲལ་བའི་ཤ་ཁྲག་འདི།། རི་བོ་ཙམ་དུ་སྤུངས་ནས་ཀྱང་།། རྒྱ་མཚོ་ཙམ་དུ་སྐྱིལ་བྱས་ཏེ།། ཁྲོ་རྒྱལ་ཁྱེད་ཀྱི་ཞལ་དུ་བསྟབ།། དུན་ཙེ་ཤ་ཁྲག་མཆོད་པར་བཞེས།། ཞལ་ནི་ཧོམ་ཁུང་གདངས་པ་འདྲ།། ལྗགས་ནི་ཧོམ་གཟེར་བསྐྱངས་པ་འདྲ།། ཚེམས་ནི་གངས་རི་གཏམས་པ་འདྲ།། སྟག་ལ་མེ་འབར་ཁྲོ་བོའི་ཞལ་ཁ་རུ།། གཡུང་དྲུང་བོན་ལ་འགལ་བ་ཡི།། དུན་ཙེའི་ཤ་ཁྲག་བསྟབ་པོ་ཁ་རཾ་ཁ་ཧི།། ཤ་ཟོས་ཁྲག་འཐུང་རུས་པ་འཆའ།། རྩ་བ་བདུན་རྒྱུད་བརླགས་པར་མཛོད།། ཁ་རཾ་ཁ་ཧི། ཞེས་བསྟབས་སོ།། ད་ནི་བསྟོད་པ་བྱ་སྟེ། བསྭོ་བསྐལ་པ་མེ་དཔུང་འཁྲུགས་པའི་གསས་མཁར་ན།། གཡུང་དྲུང་མཚོན་ཆ་གུར་ཁང་དགུ་རིམ་གཞལ་ཡས་ཁང་།། འཁོར་ལོ་རྩིབས་སྟོང་བསྐལ་པའི་མེ་དཔུང་འཁྲུགས་པའི་ཀློང་དཀྱིལ་ན།། དྲེགས་པ་འབུམ་སྒྲོལ་དུན་ཙེའི་གདན་སྟེང་ན།། དབལ་གཤེན་སྟག་ལ་མེ་འབར་ནི།། སྐུ་མདོག་དམར་པོ་བསྐལ་པའི་མེ་དཔུང་འབར།། ཞལ་གཅིག་ཕྱག་གཉིས་ཞབས་ནི་སྐྱང་སྐུམ་བསྒྲད།། སྐུ་ལ་སྟག་ལྤགས་མཚོན་ཆའི་འོད་ཟེར་འཕྲོ།། བདུད་ཀྱི་གཡང་གཞི་སྟག་གི་ཤམ་ཐབས་ཅན།། ཐོད་ཕྲེང་རྒྱན་ཆ་སྦྲུལ་ནག་སྐ་རགས་བཅིངས།། མ་རུང་འདུལ་བའི་ཁྲོ་རྒྱལ་འབར།། བགེགས་དཔུང་འཇོམས་མཛད་ལྷ་ཡི་རྒྱལ།། བདུད་དཔུང་འཇོམས་མཛད་སྟག་ལའི་སྐུ།། མུ་སྟེགས་འདུལ་མཛད་གཤེན་རབ་རྗེ།། དུན་ཙེ་བརླགས་མཛོད་མེ་དཔུང་འབར།། ཁམ་ཁམ་ཚིག་ཚིག་བསྐལ་པའི་མེ་དཔུང་འབར།། ཞེ་སྡང་འཇོམས་མཛད་ཁྲོ་བོའི་དབལ་མེ་འབར།། ཁྱེད་ནི་ཁྲོས་ཤིང་འཚིགས་པའི་ཚེ།། ཚངས་པའི་སྲིད་རྩེ་མན་ཆད་ནས།། དམྱལ་བའི་གདར་ཁམས་ཡན་ཆད་བསྲེགས།། བརྗིད་འགྱིང་སྐུ་ཡི་ཆ་ལུགས་བསྟན་པ་ནི།། དམར་འབར་མེ་དཔུང་སྲིད་པའི་རྩེ་མོ་འཕྲོས།། མཚོན་དབལ་དྲག་པོ་ཚ་ཙ་སྐར་ལྟར་འཁྲུགས།། བསྲུང་བཟློག་ལས་མཛད་ཁྲོ་བོའི་དབལ་མེ་ཅན།། སྐུ་མདོག་དམར་འབར་ཁམས་གསུམ་དབང་དུ་བསྡུས།། དབུ་སྐྲ་དམར་འབར་སྲིད་རྩེ་བསྲེགས་ཤིང་འཁྱིལ།། སྤྱན་གསུམ་སྡང་མིག་དུན་ཙེ་གང་ཡིན་ལྟ།། ཞལ་གདངས་ལྗགས་འདྲིལ་དུན་ཙེ་སྙིང་ཁྲག་གསོལ།། མཆེ་བ་ཟླ་ཚེས་གཙིགས་ཤིང་དགྲ་བགེགས་ཞེ་ལ་མནན།། ཞལ་ནས་བསྭོ་སྒྲ་སྒྲོག་ཅིང་སྣང་སྲིད་ཟིལ་གྱིས་གནོན།། ཕྱག་གཡས་གསེར་གྱི་འཁོར་ལོ་ཡི།། གཤེན་ལ་སྲུང་ཞིང་དུན་ཙེ་འཇོམས།། ཕྱག་གཡོན་རལ་གྲིའི་འཁོར་ལོ་ཡིས།། བསྐོར་ཅིང་དགྲ་དགེགས་སྒྲོལ་བར་བྱེད།། ཐུགས་ཀར་བསྭོ་ལས་འོད་ཟེར་འབུམ་ཕྲག་འཕྲོ།། བ་སྤུ་འོད་ཟེར་དབལ་གྱི་ཁྲོ་བོ་འགྱེད།། ཁྱེད་ཀྱི་སྤྲུལ་བ་བསྟན་པ་ནི།། སྟེང་ཕྱོགས་ཁྲོ་རྒྱལ་བྱེ་བ་ས་ཡ་འབུམ།། མེ་འབར་དབལ་གྱི་གཤོག་པ་ཅན།། ལྷ་དང་ལྷ་མིན་རྒྱལ་ཁམས་བསྲེགས།། བར་སྣང་ཁྲོ་རྒྱལ་བྱེ་བ་ས་ཡ་འབུམ།། རླུང་གཤོག་འབར་བའི་དུན་ཙེ་ཕྱག་མས་འདེབས།། ཁྱེད་ཀྱི་སྤྲུལ་བ་ས་གཞི་གང།། ཁྲོ་རྒྱལ་བྱེ་བ་ས་ཡ་འགྱེད།། ཆུ་སྲིན་ངར་མའི་གཤོགས་པས་དུན་ཙེ་ཐུལ།། གཤེན་ལ་བསྲུང་ཞིང་ལོག་ལྟ་སྒྲོལ།། ཁྲོད་རྒྱལ་བརྗིད་འགྱིང་སྤྲུལ་བ་བཅས་ལ་བསྟོད།། ཁྱེད་ཀྱི་ཐུགས་རྗེས་བསྒྲལ་བའི་ལས་གྱིས་ཤིག བསྭོ་དབལ་གཤེན་སྟག་ལ་རྔམ་པའི་སྐུ།། སྐུ་ཡི་ཆ་ལུགས་ཡོན་ཏན་བསྟན་པ་ནི།། གུར་ཁང་དགུ་རིམ་དབལ་མེ་ཕྱོགས་བཅུར་འབར་བ་ནི།། བྱད་ཁ་རྦོད་གཏོང་ཟློག་ཅིང་ལོག་ལྟ་བསྲེགས་པའི་རྟགས།། སྐུ་མདོག་དམར་ནག་འོད་ཟེར་འཕྲོ་བ་ནི།། གདུག་བྱེད་སྲེག་ཅིང་ཁམས་གསུམ་དབང་དུ་བསྡུས་པའི་རྟགས།། རལ་བ་དམར་འབར་སྲིད་རྩེ་འཁྱིལ་བ་ནི།། ལྷ་རྣམས་འདུལ་ཞིང་སྟེང་ཕྱོགས་ལོག་ལྟ་བསྲེགས་པའི་རྟགས།། སྤྱན་གསུམ་སྡང་མིག་རབ་ཏུ་བསྒྲལ་པ་ནི།། སྲིན་པོ་རུ་ཏྲ་གནས་ནས་བརྒྱལ་བའི་རྟགས།། ཞལ་གདངས་མཆེ་གཙིགས་ལྗགས་སླབས་རློམས་པ་ནི།། དུན་ཙེ་བསྒྲལ་ཞིང་དགྲ་དགེགས་སྒྲོལ་བའི་རྟགས།། ཞལ་ནས་བསྭོ་ཆ་ཧ་ལའི་སྒྲ་ཆེན་སྒྲོགས་པ་ནི།། སྟོང་གསུམ་སྲིད་གསུམ་གཡོ་ཞིང་སྐྲག་པའི་རྟགས།། ཕྱག་མཚན་འཁོར་ལོ་རལ་གྲི་བསྐོར་བ་ནི།། བྱད་མ་བསྲུང་ཞིང་རྦོད་གཏོང་བཟློག་པའི་རྟགས།། སྐུ་ལ་བདུད་ཀྱི་གཡང་གཞི་སྟག་སླག་གསོལ་བ་ནི།། དྲེགས་པ་འདུལ་ཞིང་དཔའ་རྩལ་ལྡན་པའི་རྟགས།། སྲིན་པོའི་ཐོད་ཕྲེང་སེར་རལ་བརྒྱན་པ་ནི།། སྲིན་པོ་འདུལ་ཞིང་མུ་སྟེགས་འཇོམས་པའི་རྟགས།། ཞབས་ནི་འགྱིང་སྟབས་བརྐྱང་བསྐུམ་བསྒྲད་པ་ནི།། དུན་ཙེ་གནོད་བྱེད་གདན་དུ་བཏིང་བའི་རྟགས།། ཐུགས་ཀར་བསྭོ་ལས་འོད་ཟེར་འཕྲོ་བ་ནི།། གདུག་བྱེད་སྲེག་ཅིང་སྤྲུལ་བ་ཁྲོ་བོའི་རྟགས།། སྟེང་འོག་ཕྱོགས་མཚམས་སྤྲུལ་བའི་ཁྲོ་བོ་བཀང་བ་ནི།། སྲིད་གསུམ་དྲེགས་པ་དབང་དཡ་བསྡུས་པའི་རྟགས།།སྟག་ལ་མེ་འབར་སྐུ་ཡི་ཆ་ལུགས་ཡོད་ཏན་ལྡན་ལ་བསྟོད།། བསྭོ་ཁྱེད་ནི་ཁྲོས་ཤིང་འཚིགས་པའི་ཚེ།། སྐུ་མདོག་མཐིང་ནག་མུན་པའི་མདོག སྐུ་ལ་མཚོན་ཆའི་སླག་པ་དགུ་རིམ་གསོལ།། ཕྱག་མཚན་ཐོ་བ་ལྕགས་ཀྱུ་ཡིས།། དུན་ཙེ་འགུགས་སྒྲོལ་བྱེད་ཅིང་བྱད་མའི་སྙིང་ཁྲག་འདྲེན།། བཀའ་ཉན་དྲེགས་པ་བཅོ་བརྒྱད་ལས་ལ་སྡོད།། དུན་ཙེ་བསྒྲལ་བའི་དུས་ལ་བབ།། ཙི་ཏ་ཕྱུང་བའི་དུས་ལ་བབ།། བདུན་རྒྱུད་གཅོད་པའི་དུས་ལ་བབ།། ཅེས་བསྟོད་པ་བྱ་ཞིང་འཕྲིན་ལས་བཅོལ། དེ་ནས་གཏོར་མ་གནས་སུ་བཏང་ཞིང་འཕྲིན་ལས་བཅོལ་བ་ནི། བདག་དབལ་བོན་དུ་གསལ་བའི་ཐུགས་ཀ་ནས་བྲུཾ་ཞེས་གཏོར་མ་ལ་ཕོག་པས་གཏོར་སྣོད་རིན་པོ་ཆེའི་ཞལ་བུ་རུ་བསམ་ལ། ཨ་ཨཱོྃ་ཧཱུཾ་གསུམ་བརྗོད་པས།གཏོར་མ་འདོད་ཡོན་ལྔ་རུ་བསམ། ཕོ་ཉ་རྣམས་ཀྱི་གསོལ་ནས་མཉེས་པའི་ལས་ལ་རྒྱུགས་པར་བསམ། དེ་ནས་རྔ་ཡི་སྒྲ་དང་བཅས་ཏེ་འདི་སྐད་དོ།། བསྭོ་སྔོན་གྱི་བསྐལ་པ་དང་པོ་ལ།། དབལ་གཤེན་སྟག་ལའི་བཀའ་ཉན་ལས་བྱེད་པ།། ལོག་ལྟ་སྒྲོལ་བ་དྲེགས་པའི་ཚོགས།། སྟེང་ཕྱོགས་ལྷ་ཡི་དྲེགས་པ་ནི།། མཐིང་ནག་དར་དཀར་ན་བཟའ་ཅན།། ལྷ་ཁམས་འདུལ་བའི་ལས་མཛོད་ཅིག འོག་ཕྱོགས་ཀླུ་ཡི་དྲེགས་པ་ནི།། མཐིང་ནག་ཆུ་དར་ན་བཟའ་ཅན།། དུན་ཙེ་བསྒྲལ་བའི་ལས་མཛོད་ཅིག ཤར་ཕྱོགས་རྒྱལ་པོའི་དྲེགས་པ་ནི།། མཐིང་ནག་དར་དཀར་གོ་ཟུ་ཅན།། དུན་ཙེ་སྒྲོལ་བའི་ལས་མཛོད་ཅིག ལྷོ་ཕྱོགས་གཤིན་རྗེའི་དྲེགས་པ་ནི།། མཐིང་ནག་མི་ཡི་གཡང་གཞི་ཅན།། དུན་ཙེ་སྒྲོལ་བའི་ལས་མཛོད་ཅིག ནུབ་ཕྱོགས་ཀླུ་དབང་དྲེགས་པ་ནི།། མཐིང་ནག་དར་ནག་གོ་ཟུ་ཅན།། དུན་ཙེ་སྒྲོལ་བའི་ལས་མཛོད་ཅིག བྱང་ཕྱོགས་གནོད་སྤྱིན་དྲེགས་པ་ནི།། མཐིང་ནག་དར་དམར་གོ་ཟུ་ཅན།། དུན་ཙེ་སྒྲོལ་བའི་ལས་མཛོད་ཅིག མཚམས་བཞི་དྲེགས་པ་ཆེན་པོ་བཞི།། མཐིང་ནག་ཞིང་གི་གོ་ཟུ་གསོལ།། དུན་ཙེ་སྒྲོལ་བའི་ལས་མཛོད་ཅིག བསྭོ་དབལ་བོན་ཐུགས་ལས་སྤྲུལ་བའི་དྲེགས་པ་བརྒྱད།། མཐིང་ནག་སླག་པའི་མཚོན་ཆ་ཅན།། དུན་ཙེ་སྒྲོལ་བའི་ལས་མཛོད་ཅིག དྲེགས་པ་ཆེན་པོ་བཅོ་བརྒྱད་པོ།། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ།། རེ་གཡབ་ལྕགས་ཀྱུའི་ཕྱག་མཚན་གྱིས།། དྲེགས་པ་དམག་ལ་བསྐུལ་ཞིང་དུན་ཙེ་སྙིང་ཁྲག་འབྱིན།། ཁྱེད་ཀྱི་ལས་སྐལ་དུན་ཙེ་སྒྲོལ།། དབལ་བོན་གཏོར་མ་འདི་བཞེས་ལ།། གཤེན་གྱི་བསྟན་པ་བསྲུང་དུ་གསོལ།། བསྭོ་དབལ་གཤེན་སྟག་ལའི་བཀའ་ཉན་པ།། དབྱིངས་ཀྱི་མ་མོ་ཡེ་ཤེས་མ་མོ་དང་།། ལས་བྱེད་མ་མོ་ཚོགས་དང་བཅས།། གངས་རི་གཡའ་རི་མཚོ་སྨན་དང་།། བོད་ཁམས་སྐྱོང་བའི་བརྟན་མམ་དང་།། སྡེ་བརྒྱད་དཔལ་མགོན་བོན་སྐྱོང་རྣམས།། བཀའ་ཡི་གཏོར་མ་འདི་བཞེས་ལ།། གཡུང་དྲུང་བོན་གྱི་བསྟན་པ་སྲུངས།། དགྲ་དགེགས་བསྒྲལ་བའི་ལས་བགྱིས་པ།། བྱད་མ་བསྒྲལ་བའི་ལས་མཛོད་ཅིག ཅེས་གཏོར་མ་གནས་སུ་བཏང་ངོ།། དུན་ཙེ་ལ་ཟོར་དུ་བྱེད་ན། བདག་ཉིད་དབལ་བོན་དུ་གསལ་བའི་ངང་ལ་བསྭོ་ཞེས་པས་འོད་ཟེར་འཕྲོས་པའི་གཏོར་མ་མཚོན་ཆའི་ཕུང་པོར་གྱུར་ཏེ། འོད་ཟེར་སྐར་ལྟར་འཁྲུགས་པར་བསམ། མ་ཉེས་པའི་གཟུ་དཔང་བདར། རྣམ་ཤེས་བསད་པའི་སྔགས་རིང་བཟླས་སོ།། དབལ་གཤེན་དྲེགས་པ་ཅན་རྣམས་དུན་ཙེའི་ཕོ་བྲང་ལ་བཏབ་ཏེ། ལུས་ཤིག་མཚོན་གྱིས་གཏུབ་པར་བསམ། བསྭོ། དུས་གསུམ་བདེར་གཤེགས་གཟུ་དང་དཔང་།། ཡུལ་ལྷ་ཡུལ་སྨན་ཟོར་ལམ་ཕྱེས།། ས་བདག་རྗེ་བློན་ཞལ་བྱོལ་ཅིག ཀླུ་གཉན་གཏོད་རྣམས་སྐུ་ཟུར་ཅིག སྡེ་བརྒྱད་དྲེགས་པ་གྲོགས་གྱིས་ཤིག བོན་སྐྱོང་སྲུང་མས་མཐུ་རྩལ་བསྐྱེད།། སྟག་ལ་མེ་འབར་ལས་བྱེད་ནི།། མི་བཟད་དྲེགས་པའི་ལས་མཁན་པོ།། ཤན་པ་གཏུམ་པོ་གེང་གི་རྗེ།། མཐིང་ནག་རལ་པ་མུན་དུ་གཏིབས།། སྐུ་ལ་མཚོན་ཆའི་ཚ་ཚ་འཕྲོས།། ཕྱག་མཚན་མཚོན་ཆ་སྐར་ལྟར་འཁྲུགས།། སྤྲུལ་བ་བྱེ་བ་ས་ཡ་འབུམ།། ཤ་ལ་རྔམ་ཞིང་ཁྲག་ལ་དད།། ཁྱེད་ཀྱི་ལས་བྱེད་དུས་ལ་བབས།། དུན་ཙེའི་གཟུགས་ཕུང་ཟོར་གྱིས་ཤིགས།། རྣམ་ཤེས་མར་མེ་མྱོང་གིས་སོད།། དུན་ཙེའི་སྙིང་གི་དཀྱིལ་དུ་མཚོན་ཟོར་ཡ།། བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད།། ཅེས་གཏོར་མ་དགྲ་བགེགས་ཕྱོགས་སུ་འཕང་། རྩེ་མོ་ཕར་ལ་བསྟན་ན་བཟང་།ཚུར་ལ་བསྟན་ན་ལོག་པའི་ལན་གསུམ་བསྐྱལ་ལོ།། དེ་ནས་གུར་ཁང་ལྷ་འོད་དུ་ཞུ་ནས་སྟོང་བའི་ངང་ལ་ཅི་ནུས་བསྡོད། བོན་འདི་ནས་ཡང་དག་དོན་གྱི་གནས་ལུགས་ཡིན་པར་བྱའོ།། བནྡེ་སྤུ་གྲི་དམར་པོའི་སྲོག་ལ་རྦད་པ། རང་སྲུང་མཚོན་ཆའི་ལས་བྱང་། སྟག་ལ་མེ་འབར་ཐུགས་ལས་བྱུང་། ཕུང་པོ་མགོ་དམར་གྱིས་བརྣག་པའོ།། རྨ་གཉན་པོམ་རའི་རྩེ་ནས་སྤྲུལ་སྐུས་གཏེར་ནས་ཕྱེས་པ་ལགས་སོ།། རིམ་གྱིས་བརྒྱུད་ནས་ད་ལྟ་བདག་ལའོ།། དེ་ནས་བྲོ་བརྡུང་སྟེ། བསྭོ་དྲག་པོ་ཨེ་ཡི་བྲུབ་ཁུང་དུ།། དགྲ་དགེགས་བསྒྲལ་བའི་རོ་ཐོག་ཏུ།། དབལ་གཤེན་ཁྲོ་རྔམ་ཁྲོས་པའི་བྲོ་བརྡུང་བས།། ཐབས་དང་ཤེས་རབ་རོལ་བའི་བྲོ།། ལས་ངན་སྡིག་ཅན་དགྲ་དང་དགེགས།། མནན་འོག་འདི་ནས་མ་ལྡང་ཞིག ཆགས་འོག་འདི་ལས་མ་འཕར་ཅིག རཾ་ནི་ཧྲོ་མར་ཤག་དུལ་ནན།། ཡཾ་ནི་ལི་ཐུན་ཤག་དུལ་ནན།། ཁཾ་ནི་ཏིང་མུར་ཤག་དུལ་ནན།། ཞེས་བྲོ་བརྡུང་ངོ་།། དགེའོ།། བཀྲ་ཤིས་སོ།།