༄༅༎སྲིད་རྒྱལ་དྲེའུ་ནག་མའི་ནང་བསྐང་བཞུགས།

文摘   文学   2024-10-30 18:04   青海  

༄༅༎སྲིད་རྒྱལ་དྲེའུ་ནག་མའི་ནང་བསྐང་བཞུགས། 



༈༈ཕྱི་རབ་གཤེན་པོ་རྣམས་ཀྱིས་ཀྱང་མཁའ་ཀློང་མ་མོ་བསྙེན་ཅིང་བསྒྲུབ། ཚུལ་ལྡན་དངོས་གྲུབ་རྣམ་གཉིས་འབྱུང་། དེ་ལྟར་མ་གྱུར་རང་ཉིད་བརླག ལྟ་བ་དམན་དང་ལྷ་བསྙེན་མ་ཐིམ་དང་། ཏིང་འཛིན་གཡེལ་དང་དམ་རྫས་མ་འཚོགས་དང་། མཚམས་ཁ་ལྷོད་དང་ཕ་རོལ་འདུན་མ་བླངས། དགྲ་བགེགས་མགོ་ལོ་རྒོད་དང་སྒྲུབ་གཤེན་མཐུ་དབང་ཞན། དེ་ལྟར་བྱུང་ན་བསྐང་བར་འདི་ལ་འབད། དེ་ཡང་དང་པོ་དབལ་མོ་ཐིག་ལེ་དྲག་པོ་གཏིང་རྫོགས་སོ། །གཞུང་ལས་བྱུང་བའི་བསྐང་རྟེན་རྫས་རྣམས་བསགས། ཤ་ཁྲག་གཏོར་མ་བདུད་རྩི་ཚོགས་མཆོད་རྟེན། མཚན་ལྡན་བམ་དང་རགྟ་ཟུར་ལ་སྦྲེང་།

 ༧བདག་ཉིད་དབལ་གསས་རྔམ་པ་བསྒོམ། མགྲིན་པར་ལྷ་རྒོད་ཐུགས་ཀར་གཙོ་མཆོག་བསྒོམ། མདུན་དུ་བདེ་འགྲོ་གསང་བའི་ཡུམ། དུར་ཁྲོད་ཆས་བརྒྱད་རྣོ་མཚོན་ཕྱག་ན་བསྣམས། རྔམ་བརྗིད་འབར་བའི་ཆས་དང་ལྡན། འདས་དང་མ་འདས་འཁོར་གྱིས་བསྐོར། བཀའ་འཁོར་སྡེ་བརྒྱད་བཅས་པ་རྣམས། དཔག་ཏུ་མེད་པ་གསལ་བར་བསྐྱེད། འབྲུ་གསུམ་བྲུ་ལྔའི་འཕྲོ་འདུ་ཡིས། སྣོད་བཅུད་སྦྱང་སྤེལ་རྒྱ་ཆེན་ལས། འདོད་ཡོན་ཕུན་སུམ་འཚོགས་པ་ཡིས། ཐུགས་དམ་བསྐངས་ནས་བཀའ་ཉན་སྲུང་སྡོད་སྒོམ། ཚིལ་ཆེན་གསུར་དང་རྔ་གཤང་སྒྲ་བཏང་ལ། གདུང་བའི་དབྱངས་ཀྱིས་འདི་སྐད་དོ། 

 ༧བསྭོ་མ་གཡེལ་མ་གཡེལ་མཁའ་ཀློང་དབྱིངས་ཀྱི་ཡུམ། མ་འཁུ་མ་ལྡོག་བསྟན་སྲུང་ཐ་ཚིག་ཅན། སྔོན་འབྱུང་བསྐལ་སྲིད་ཆགས་པའི་དང་པོ་ལ། ཁྲོ་རྒྱལ་དབལ་གཤེན་འབར་བའི་སྤྱན་སྔ་རུ། སྲོག་སྙིང་ཕུལ་ནས་ཁས་བླངས་ཇི་བཞིན་དུ་། ད་ལྟ་རྗེས་འཇུག་སྒྲུབ་གཤེན་བདག་འབོད་ཀྱིས། སྔོན་གྱི་ཐ་ཚིག་མ་བསྙེལ་གཤེགས་སུ་གསོལ། 

 བསྭོ་མ་གཅིག་དབྱིངས་ཤེས་དབྱེར་མེད་བདེ་བའི་ཡུམ། སྐྱེ་མེད་བོན་གྱི་སྐུ་རུ་བཞུགས་ཙམ་ན། ཞིང་ཁམས་རྣམ་པར་དག་པའི་ཕོ་བྲང་ན། ཀུན་ཏུ་བཟང་མོ་ཐུགས་ཉིད་སྤྲོས་དང་བྲལ། སྒྲུབ་གཤེན་ལྟ་དགོངས་གསལ་སྟོང་འཛིན་མེད་འདིས། མ་གཅིག་བོན་སྐུ་དབྱིངས་ཀྱི་ཐུགས་དམ་བསྐང་། འགྲོ་བའི་མ་རིག་ལོག་རྟོག་སྦྱང་དུ་གསོལ།

 བསྭོ་མ་གཅིག་རྫོགས་པའི་སྐུ་རུ་བཞུགས་ཙམ་ན། བཞི་བཅུ་རྩ་ལྔ་ཐེག་པའི་ཡང་གོང་ནས། དབུ་བརྒྱ་ཕྱག་སྟོང་ལྷ་བཟའ་མཚན་དྲུག་མ། སྣང་སྲིད་ཀུན་གྲགས་མཐུ་རྩལ་རྨད་འབྱུང་ཡུམ། ཁྲོ་རྒྱལ་གསུམ་དང་ཐུགས་རྗེ་ཐབས་ཀྱིས་རོལ། རྔམ་བརྗིད་རྒྱན་རྫོགས་སྲིད་པ་འཁྲོས་པའི་སྐུ། དབུ་བརྒྱ་བརྩེགས་པས་མཐོ་རིས་ཐར་ལམ་འབྱེད། སྒྲུབ་གཤེན་བྱ་ཆ་བོན་སྤྱོད་སྣ་ཚོགས་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ཕྱག་སྟོང་མཚོན་ཆས་ཁམས་གསུམ་གཡོ་ཞིང་འཁྲུག སྟོང་གསུམ་ཕྱི་སྣོད་ནང་བཅུད་ལོངས་སྤྱོད་བརྒྱན། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། སྤྱན་བརྒྱ་བཟློག་པས་ལྷ་སྲིན་འཇིགས་ཤིང་སྐྲག གཟུགས་ལྔ་ཁ་དོག་རྣམ་དྲུག་མཛེས་པ་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། སྙན་བརྒྱ་གདེང་པས་ཆུ་རླུང་བསྐལ་པ་འཁྲུག མེ་ཆུ་ས་རླུང་རྔ་གཤང་སྒྲ་སྙན་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ཤངས་བརྒྱ་གཉེར་བས་ཆེ་བཙན་བྲན་དུ་འཁོལ། སྤོས་དྲི་ངད་ལྡན་ཚིལ་ཆེན་དུད་པ་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ལྗགས་བརྒྱ་བརྐྱངས་པས་མེ་ཆུ་ས་རླུང་རླབས། བརྒྱད་ལྡན་སྦྱར་བའི་ཞལ་ཟས་རོ་མཆོག་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ཞལ་བརྒྱ་གདངས་པས་བདུད་སྲིན་ཁྲོག་བརླག་ཟ། བདུད་སྲིན་མུ་སྟེགས་བསྒྲལ་བའི་ཕུང་པོ་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ཚེམས་བརྒྱ་གཙིགས་པས་དུག་གསུམ་རྩད་ནས་གཅོད། ཉམས་པའི་ཙི་ཏ་སྲོག་རྩ་ནང་ཁྲོལ་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། གསུང་བརྒྱ་བསྒྲགས་པས་སྟོང་གསུམ་སྒྲ་ཡིས་འགེངས། ཁ་དོག་རྣམ་དྲུག་འདབ་བརྒྱད་དབྱིབས་ལེགས་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ཞབས་སྟོང་འགྲོས་ཀྱིས་ངན་སོང་གདར་ཐག་གཅོད། དུག་གསུམ་རྩད་གཅོད་བསྒྲལ་བའི་མཆོད་པ་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ཐུགས་ཀྱི་སྤྲུལ་པའིསྣང་སྲིད་ཕྱོགས་བཅུར་ཁྱབ། ཕྱི་ནང་མཚན་བཅས་མཚན་མེད་བསམ་འདས་བོན། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ཧ་ཧ་མུ་ཡེ་ཕྱོད་ཀྱི་སྒྲ་སྒྲོགས་ཤིང་། བསྟན་པ་མི་ནུབ་བོན་གྱི་རྒྱལ་མཚན་འཛུགས། ཕྱི་ནང་སྦྱོར་སྒྲོལ་གསང་བའི་མཆོད་པ་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། སྒྲུབ་གཤེན་ཕྱི་ནང་གསང་གསུམ་འགལ་རྐྱེན་བཟློག མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་དུ་གསོལ།

 བསྭོ་མ་གཅིག་སྤྲུལ་པའི་སྐུ་རུ་བཞུགས་ཙམ་ན།ཁམས་གསུམ་ས་དགུ་ལྷ་གནས་སྟོད་རོལ་གྱི། བསྐལ་པ་མེ་དཔུང་འབར་བའི་ཀློང་དཀྱིལ་ན། ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུག་པའི་དབུས། སྣ་ཚོགས་འཇིགས་བྱེད་དུར་ཁྲོད་གཞལ་ཡས་ན། སྲིད་པའི་རྒྱལ་མོ་དྲག་བྱེད་སྤྲུལ་པའི་ཡུམ། ཞལ་གསུམ་ཕྱག་དྲུག་མཐིང་ནག་གཏུམ་དྲག་འབར། གཡས་དཀར་གཡོན་དམར་དབུས་མཐིང་འཁྲོས་པའི་ཞལ། རལ་པ་མཐིང་ནག་སངས་རྒྱས་སྤྱི་གཙུག་བརྒྱན། དང་འོག་བར་གསུམ་ཕྱག་དྲུག་རྣོ་མཚོན་བསྣམས། སྐུ་སྟོད་འགྱིང་ཚུལ་ཞིང་ཆེན་གཡང་གཞི་ལ། སྐུ་སྨད་བརྗིད་བག་གླང་སྟག་ཀས་མ་ཧྲལ། གཡས་གཡོན་བརྐྱང་བསྐུམ་དྲེལ་ནག་འཇིགས་ཚུལ་སྟོན། ཐོད་རློན་དོ་ཤལ་ཐོད་སྐམ་ལྷུ་ཚིགས་བརྒྱན། དུར་ཁྲོད་ཆས་བརྒྱད་སྦྲུལ་ནག་ཆུན་པོ་ལ། དར་ནག་འཕུར་ཤམ་མཛེས་པའི་འོད་དཔུང་བརྒྱན། གཟེ་གྱད་སྤར་མ་ལས་ཀྱི་ཕོ་ཉར་འགྱེད། སྤྲུལ་པ་བྱེ་བ་ཕྲག་བརྒྱས་སྟོང་ཁམས་ཁྱབ། སྟག་ལ་མེ་འབར་ཚུལ་དུ་བདག་སྒྲུབ་ཀྱིས། ཐ་ཚིག་མ་བསྙེལ་གནས་འདིར་ཐུགས་དམ་བསྐང་། རྟེན་རྫས་བསྐང་རྫས་མཆོད་པའི་ལོངས་སྤྱོད་དང་། སྦྱོར་སྒྲོལ་གསང་བའི་མཆོད་པ་དཔག་མེད་འདིས་། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་གཏེར་དང་། མཚན་ལྡན་བམ་ཆེན་བདུད་ལྔའི་ཤ་ཁྲག་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། རྔམ་དགུའི་ལྟག་ཤ་ཤ་ཡི་རི་བོ་དང་། གདུང་བའི་སྙིང་ཁྲག་རག་ཏའི་རྒྱ་མཚོ་འདིས། མ་གཅིག་བདེ་འགྲོ་ཡུམ་གྱི་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་དབྱིངས་སུ་བསྐངས་ནས་ཀྱང་། བྱད་དང་དལ་རིམས་དགྲ་མཚོན་ལྟས་ངན་རྣམས། རྫུ་འཕྲུལ་སྟོབས་ཀྱིས་མཁའ་ལ་བསྒྱུར་ཏུ་གསོལ། མཆོག་དང་ཐུན་མོང་དངོས་གྲུབ་བདག་ལ་སྩོལ། གཡུང་དྲུང་སྲིད་པ་བོན་གྱི་བསྟན་པ་སྲུང་། 

 བསྭོ་མ་གཅིག་དུས་དྲུག་དྲག་དུ་ཁྲོས་པའི་ཚེ། སྲོད་ལ་ནག་མོ་འཇིགས་ཚུལ་སྲོག་གཅོད་མ། ནག་མོ་དགུ་ཁྲི་ལས་ཀྱི་བྲན་དུ་འཁོལ། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། བདུད་མོ་ཁྲམ་ཁ་སྡང་པའི་དགྲ་ལ་བསྒྱུར། ནམ་གུང་སྔོན་མོ་གཏུམ་ཚུལ་བཞེན་འདེབས་མ། སྔོན་མོ་དགུ་ཁྲི་ལས་ཀྱི་བྲན་དུ་འཁོལ། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། སྲིན་མོའི་ཟ་ཁ་སྡང་པའི་དགྲ་ལ་བསྒྱུར། ཐོ་རངས་དཀར་མོ་མདངས་ལྡན་དབང་སྡུད་མ། དཀར་མོ་དགུ་ཁྲི་ལས་ཀྱི་བྲན་དུ་འཁོལ། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ལྷ་མོའི་དབུ་ཡོག་སྡང་པའི་དགྲ་ལ་བསྒྱུར། ཉི་མར་སེར་མོ་འཇིགས་ཚུལ་འོད་འཕྲོ་མ། སེར་མོ་དགུ་ཁྲི་ལས་ཀྱི་བྲན་དུ་འཁོལ། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། སྨན་མོའི་གདུག་རྩུབ་སྡང་པའི་དགྲ་ལ་བསྒྱུར། ཉིན་ཕྱེད་དམར་མོ་བཀྲ་གསལ་མདངས་ལྡན་མ། དམར་མོ་དགུ་ཁྲི་ལས་ཀྱི་བྲན་དུ་འཁོལ། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། མཁའ་འགྲོའི་བཀའ་ཆད་སྡང་པའི་དགྲ་ལ་བསྒྱུར། ཕྱི་འཕྲད་སྨུག་མོ་རྔམ་ཚུལ་ཟེར་གསལ་མ། སྨུག་མོ་དགུ་ཁྲི་ལས་ཀྱི་བྲན་དུ་འཁོལ། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཀླུ་མོའི་དལ་ཡམས་སྡང་པའི་དགྲ་ལ་བསྒྱུར། 

 བསྭོ་ཡུམ་ཆེན་ཁྲོ་མོ་སྡེ་དྲུག་འཁོར་དང་བཅས། ཁྱེད་ཀྱི་ཐུགས་དམ་དབྱིངས་སུ་བསྐངས་བ་ནི། རྟེན་རྫས་བསྐང་རྫས་མཆོད་པའི་ལོངས་སྤྱོད་དང་། གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་གཏེར་དང་། སྣ་ཚོགས་བསྐང་རྫས་འདོད་ཡོན་ཚངས་པ་འདིས། དུས་དྲུག་སྤྲུལ་པ་ཡུམ་གྱི་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་དབྱིངས་སུ་བསྐངས་ནས་ཀྱང་། མི་མཐུན་བར་ཆོད་སྡང་པའི་དགྲ་ལ་བསྒྱུར། གཤེན་གྱི་བཀའ་སྲུང་སྒྲུབ་གཤེན་འཁོར་འདབ་སྤེལ། 

 བསྭོ་མ་གཅིག་བཀའ་བློན་འབྱུང་བཞིའི་རྒྱལ་མོ་བཞི། ས་སྨན་ནེ་སླས་རྒྱལ་མོ་གཡུང་དྲུང་སྟོན། ས་ཡི་མ་མོ་དགུ་ཁྲི་སྤྲུལ་པར་འགྱེད། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ས་ལས་གྱུར་པའི་བྱད་དང་དགྲ་བགེགས་སོགས། ནེ་སླས་མཁྲིས་ནད་སྡང་བའི་དགྲ་ལ་བསྒྱུར། རླུང་སྨན་ལི་མུན་རྒྱལ་མོ་འཁོར་ལོ་བསྐོར། རླུང་གི་མ་མོ་དགུ་ཁྲི་སྤྲུལ་པར་འགྱེད། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། རླུང་ལས་གྱུར་པའི་བྱད་དང་དགྲ་བགེགས་སོགས། ལི་མུན་རླུང་གི་ནད་སྣ་སྡང་བའི་དགྲ་ལ་བསྒྱུར། མེ་སྨན་ཚངས་སྟང་རྒྱལ་མོ་པད་མ་གསལ། མེ་ཡི་མ་མོ་དགུ་ཁྲི་སྤྲུལ་པར་འགྱེད། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། མེ་ལས་གྱུར་པའི་བྱད་དང་དགྲ་བགེགས་སོགས། ཚངས་སྟང་ཚ་རིམས་སྡང་པའི་དགྲ་ལ་བསྒྱུར། ཆུ་སྨན་ཏིང་ནམ་རྒྱལ་མོ་རིན་ཆེན་གཏེར། ཆུ་ཡི་མ་མོ་དགུ་ཁྲི་སྤྲུལ་པར་འགྱེད། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཆུ་ལས་གྱུར་པའི་བྱད་དང་དགྲ་བགེགས་སོགས། ཏིང་ནམ་རྦ་འཁྲུགས་སྡང་པའི་དགྲ་ལ་བསྒྱུར།

 བསྭོ་དུས་བཞི་དབང་སྒྱུར་མཐུ་ལྡན་རྒྱལ་མོ་བཞི། ཕྱི་ནང་མཆོད་པའི་ལོངས་སྤྱོད་རྒྱན་ལྡན་དང་། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། དུག་ལྔ་ལས་གྱུར་བྱད་དང་དལ་ཡམས་སོགས། མི་མཐུན་རྐྱེན་ཟེར་སྡང་བའི་དགྲ་ལ་བསྒྱུར། འབྱུང་བཞི་བཅུད་ཀྱི་དངོས་གྲུབ་བདག་ལ་སྩོལ།

 བསྭོ་མ་གཅིག་སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། གཟེ་མ་གྱད་མོ་ཐང་མོ་སྤར་མའི་ཚོགས། སྔོན་གྱི་ཚུལ་བཞིན་གནས་འདིར་ཐུགས་དམ་བསྐང་། སྔོན་མོ་འབྲུག་མགོས་ཆུ་སྲིན་ལག་གཡས་གཡོབ། ལྗང་ནག་སྦྲུལ་མགོས་ཁྱུང་གཤོག་མཁའ་ལ་ཕྱར། ནག་མོ་སྐྱུང་མགོས་ཟངས་སྤར་འཛིན་ཚུལ་སྟོན། དཀར་མོ་སེང་མགོས་མཚལ་ཞགས་དབུ་ལ་བཅིང་། དམར་མོ་དྲེད་མགོས་ལྕགས་རལ་སྤྲུག་ཅིང་བརྡེབ། དམར་ནག་སྤྱང་མགོས་ཁྲ་གཤོག་ཕོ་ཉར་འགྱེད། སྨུག་ནག་སྟག་མགོས་དྲེད་ཀྱི་གཡང་གཞི་ཁུར། སེར་ལྗང་ཁྱུང་མགོས་ཕོ་མོ་རྐུང་ནས་འགྱེད། ཀླུ་མོ་ཁ་རྔམ་རླུང་གཡབ་སྟོང་གསུམ་གཡོབ། མི་ཟད་འཛིན་བྱེད་དབལ་གྱི་གཟེ་མ་དགུ། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་བ་ནི། དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་དང་། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་དབྱིངས་སུ་བསྐངས་ནས་ཀྱང་། བྱད་སྣ་ཆོ་དགུ་སྡང་བའི་དགྲ་ལ་སྒྱུར། 

བསྭོ་འགྱིང་མ་འབྲོང་མགོས་རུ་ཡུག་དགྲ་ལ་བྱེད། ཀང་ཀ་རྒོད་མགོས་རྗེ་ཕུར་ཕོ་ཉ་འགྱེད། གཏུམ་ཆེན་དོམ་མགོས་གཏུམ་ཚུལ་དགྲ་ལ་སྟོན། ཐེག་ཆེན་གླང་མགོས་ས་སྲིན་གཡང་གཞི་གཡོབ། མཛེས་ལྡན་གཟིག་མགོས་བཙན་ཞགས་དའ་ལྟར་འཕེན། འཇིགས་བྱེད་འུག་མགོས་གད་རྒྱང་ཧ་ཧ་རྒོད། མགྱོགས་མ་ཁྲ་མགོས་དཔུང་ཟུར་དགྲ་ལ་བརྡེག། སྐྱ་བཀྲ་གསའ་མགོས་དྲེད་ལག་གཡང་གཞི་གཡོབ། མིག་ངན་ཕག་རྒོད་མཆེ་བས་དགྲ་ཤ་ཟ། མི་ཟད་སྟོབས་ཆེན་དབལ་གྱི་གྱད་མོ་དགུ་། ཁྱེད་ཀྱི་ཐུག་དམ་གཉན་པོ་བསྐང་བ་ནི། ཤ་ཁྲག་དམར་དང་དམ་རྫས་བདུད་རྩིའི་ཚོགས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐངས། ཁྱེད་ཀྱི་ཐུགས་དམ་དབྱིངས་སུ་བསྐངས་ནས་ཀྱང་། དམ་ཡམས་ནད་རིམས་སྣ་དགུ་དགྲ་ལ་སྒྱུར། 

 བསྭོ་ལྷ་སྨན་དཀར་མོས་བ་དན་སྤྲིན་ལྟར་རླབས། ས་བདག་ཆེན་མོས་སྦྲུལ་ཞགས་མདའ་ལྟར་འཕེན། བདུད་མོ་ནག་མོས་བདུད་མདས་དགྲ་སྙིང་གཟེར། དམུ་སྨན་སྨུག་མོས་མཚོན་དྲུག་བསྒྱུར་ཞིང་སྡོག། ཀླུ་སྨན་གདོང་དྲུག་ཆུ་སྲིན་གཡང་གཞི་གཡོབ། གཉན་སྨན་དཀར་མོས་ཤེལ་སྒོང་དཀར་ནག་འཐོར། སྲིན་སྨན་མགོ་དགུས་བྱུར་ཐག་དགྲ་ལ་འདོག། ཕྱ་སྨན་སྔོ་ལྗང་གཤེན་གྱི་ཚེ་སྲོག་སྐྱོབ། བགེགས་སྨན་དམར་ནག་དགྲ་ལམ་ལོག་པར་འཁྲིད་། མི་བཟད་ཐང་མོ་དབལ་གྱི་བྱིན་ཏེ་དགུ། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་བ་ནི། ཤ་ཁྲག་དམར་གཏོར་དམ་རྫས་བདུད་རྩི་དང་། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། ལྟས་ངན་ཐན་དགུ་སྡང་པའི་དགྲ་ལ་བསྒྱུར། 

 བསྭོ་མ་གཅིག་སྤྲུལ་པ་ལས་ཀྱི་ཕོ་ཉ་མོ། ལྷ་སྲིན་གཡབ་འདེབས་དམག་དཔོན་ཆེན་མོ་དགུ་། སྔོན་གྱི་ཚུལ་བཞིན་གནས་འདིར་ཐུགས་དམ་བསྐང་། ལྷ་ཡི་དམག་དཔོན་ཆེན་མོ་སད་ཏིང་ཤག ལྷ་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་ལྷ་ཡི་དམག་དང་བཅས་པ་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་དབྱིངས་སུ་བསྐངས་ནས་ཀྱང་། ལྷ་སྡང་བདུད་འབེབ་སྡང་བའི་དགྲ་ལ་སྒྱུར། བདུད་ཀྱི་དམག་དཔོན་ཆེན་མོ་གེ་ཏིང་ཤག བདུད་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་བདུད་ཀྱི་དམག་དང་བཅས་པ་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། བདུད་ཀྱི་ཁྲམ་ཁ་སྡང་བའི་དགྲ་ལ་སྒྱུར། དམུ་ཡི་དམག་དཔོན་ཆེན་མོ་བྱིན་གྱི་དཔལ། དམུ་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་དམུ་ཡི་དམག་དང་བཅས་པ་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། དམུ་གབ་འོན་འཐིབས་སྡང་བའི་དགྲ་ལ་སྒྱུར། བཙན་གྱི་དམག་དཔོན་ཆེན་མོ་ནེ་རམ་ཤག བཙན་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་བཙན་གྱི་དམག་དང་བཅས་པ་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། བཙན་གྱི་གཟེར་མདའ་སྡང་བའི་དགྲ་ལ་སྒྱུར། ཕྱྭ་ཡི་དམག་དཔོན་ཆེན་མོ་ཤེ་ཏིང་ཤག ཕྱྭ་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་ཕྱྭ་ཡི་དམག་དང་བཅས་པ་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། ཕྱྭ་བདུད་དབུལ་རྨང་སྡང་བའི་དགྲ་ལ་སྒྱུར། ཀླུ་ཡི་དམག་དཔོན་ཆེན་མོ་ཆུ་ཏིང་རོན། ཀླུ་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་ཀླུ་ཡི་དམག་དང་བཅས་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། ཀླུ་འི་དལ་རིམས་མཛེ་ཟེར་དགྲ་ལ་སྒྱུར། གཉན་གྱི་དམག་དཔོན་ཆེན་མོ་གུ་ཏིང་ཤག གཉན་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་གཉན་གྱི་དམག་དང་བཅས་པ་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། གཉན་ནད་ལྷོག་རྒོད་སྡང་བའི་དགྲ་ལ་སྒྱུར། སྲིན་གྱི་དམག་དཔོན་ཆེན་མོ་ཧ་ཏིང་ཤག སྲིན་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་སྲིན་གྱི་དམག་དང་བཅས་པ་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། སྲིན་གྱི་ཟ་ཁ་སྡང་བའི་དགྲ་ལ་སྒྱུར། བགེགས་ཀྱི་དམག་དཔོན་ཆེན་མོ་ཁ་ཏིང་ཤག བགེགས་ལྕམ་སྤར་མ་དགུ་ཁྲིའི་གཙོ་མོ་མཛད། དྲལ་པོ་བགེགས་ཀྱི་དམག་དང་བཅས་པ་རྣམས། བསྐང་རྟེན་རྫས་ཀྱིས་གནས་འདིར་ཐུགས་དམ་བསྐང་། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། འདྲེ་སྲིན་བགེགས་ཀྱི་བྱུར་སྣ་དགྲ་ལ་སྒྱུར། 

 བསྭོ་ལྷ་སྲིན་གཡབ་འདེབས་དམག་དཔོན་ཆེན་མོ་དགུ། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་བ་ནི། དམ་རྫས་ཤ་ཁྲག་དམར་གྱི་གཏོར་མ་དང་། ཡུ་ཏི་བསྐང་རྫས་འཚོགས་པས་ཐུགས་དམ་བསྐངས། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐངས་ནས་ཀྱང་། སྒྲུབ་གཤེན་བར་ཆོད་མི་མཐུན་རྐྱེན་རྣམས་བཟློག སྡེ་བརྒྱད་དམག་སྣ་སྡང་བའི་དགྲ་ལ་སྒྱུར། ནད་མུག་མཚོན་གྱི་དགྲ་ཡུལ་ཆམ་ལ་ཕོབས། གཡུང་དྲུང་བོན་གྱི་བསྟན་པ་གཉེན་པོ་སྲུངས། 

 བསྭོ་མ་གཅིག་ཐུགས་སྤྲུལ་མ་བདུད་སྲིད་པའི་རྒྱལ། ལས་མཁན་བདུད་མོ་ནག་མོ་དྲག་རྩལ་ཅན། བུད་མེད་མི་ཟད་སྲིན་མོ་ཁྲོས་མ་བཞིན། ཡུམ་གྱི་བཀའ་སྡོད་དམ་ཉམས་ཁྲམ་ལ་འདེབས། དྲེའུ་ནག་ཞོན་ནས་ཐོགས་མེད་ཕྱོགས་བཅུར་རྒྱུག བུད་མེད་ཁ་དོག་སྣ་ཚོགས་ཀུན་དུ་སྤྲུལ། ཤ་ཁྲག་དམར་གཏོར་དམ་རྫས་བདུད་རྩིས་བསྐང། སྔོན་གྱི་ཐ་ཚིག་ཇི་བཞིན་མ་བསྙེལ་བར། གཤེན་རབ་དམ་ཚིག་ཅན་ལ་སྡོང་གྲོགས་མཛོད། དམ་ཉམས་དགྲ་བོ་མ་བཏང་ཁྲམ་ལ་ཐོབས། གཤེན་གྱི་འཁོར་སྲུང་བཅོལ་པའི་ཕྲིན་ལས་མཛོད། 

 བསྭོ་མ་གཅིག་ཡང་སྤྲུལ་བཀའ་སྡོད་སྨན་མོའི་ཚོགས། གངས་དཀར་ཤ་མེད་བརྟན་མ་བཅུ་གཉིས་དང་། ཡང་སྤྲུལ་སྨན་མོ་འཁོར་དང་བཅས་པ་རྣམས། ཤ་ཁྲག་གཏོར་མ་སྨན་འབྲུ་ཡུ་ཏི་དང་། དམ་རྫས་སྣ་ཚོགས་ཚང་པས་ཐུགས་དམ་བསྐང་། སྔོན་འབྱུང་ཁས་བླང་དམ་བཅས་མ་བསྙེལ་བར། དམ་ཉམས་དགྲ་ལ་བར་ཆོད་ཧུར་ཐུམས་ཐོངས། དལ་ཡམས་མཚོན་གྱིས་དགྲ་བོ་མཐའ་རྒྱུད་ཐུལ། གཤེན་གྱི་འཁོར་སྲུང་རྐྱེན་བཟློག་གདུག་པ་ཐུལ། མ་འདའ་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད།

 བསྭོ་མ་གཅིག་སྐུ་གསུམ་དོན་ལྡན་སྲིད་གསུམ་རྒྱལ། བཀའ་བློན་ཕོ་ཉ་ཡང་སྤྲུལ་བཅས་པ་རྣམས། ཁྱེད་ཀྱི་ཐུགས་དམ་གཉན་པོ་བསྐང་བ་ནི། རྟེན་རྫས་བསྐང་རྫས་མཆོད་པའི་ལོངས་སྤྱོད་དང་། སྦྱོར་སྒྲོལ་གསང་བའི་མཆོད་པ་དཔག་མེད་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་གཏེར་དང་། མཚན་ལྡན་བམ་ཆེན་བདུད་ལྔའི་ཤ་ཁྲག་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། རྩ་བརྒྱད་སྟོང་ལ་སྦྱར་བའི་བདུད་རྩི་སྨན། ཡུ་ཏི་གཡུང་འབྲང་བདུད་རྩི་རྒྱ་མཚོ་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། གཙང་ཤ་ལྟག་ཤ་ཤ་ཆེན་རི་བོ་དང་། རུས་པའི་གྲམ་མ་ཞག་ཆེན་ཟོ་རིས་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། འབྱུང་བ་སྲིད་པ་འགྲོ་བའི་ཁྲག་ལ་སོགས། གདུང་བའི་སྙིང་ཁྲག་རག་ཏའི་རྒྱ་མཚོ་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། འབྲུ་སྣའི་གཏོར་བཤོས་རྩི་བཅུད་དཀར་གསུམ་དང་། ཤིང་འབྲས་ཁུ་བ་འབྲུ་བཅུད་མངར་སྣ་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། ལྷུན་པོའི་དཔེར་བཞེངས་སྐྱེ་འགྲོའི་གཟུགས་བརྙན་དང་། འདོད་ཡོན་ཀུན་འཚོགས་གསང་མདོས་རྒྱན་ལྡན་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐངས། ཞིང་ཆེན་སྐམ་རློན་མཚན་ལྡན་བམ་ཆེན་དང་། དབང་པོ་མེ་ཏོག་དར་མའི་ཤེ་ཐུན་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། སྒྲ་རྒྱལ་རྐང་དུང་རྔ་གཤང་གླིང་བུ་དང་། བྷན་ངྷ་ལྟག་སྤྲོད་རྒྱུད་མང་རྔ་སྒྲ་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། ཚིལ་ཆེན་གསུར་དུད་ཞུག་ཆེན་མར་མེ་དང་། མཚན་ལྡན་ཡོལ་ཆེན་ལྕང་ལོ་གཡབ་མོ་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། དར་ནག་འཕན་གདུགས་རྒྱལ་མཚན་རུ་མཚོན་དང་། ཙཀྲ་ངར་ལྡན་བྱང་བུ་སྔགས་བརྒྱན་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། གཡག་རོག་རྩེ་རྒྱལ་ལུག་ནག་དཔྱི་དཀར་དང་། མཁའ་ལྡིང་གསེར་མིག་རྨ་བྱའི་རྒྱལ་མཚན་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང། སྟག་གཟིག་གཅན་གཟན་སྣ་ཚོགས་རོལ་མོ་དང་། ཤི་ཤོན་དར་ཟབ་ལྷབ་ལྷུབ་སྣ་ཚོགས་འདིས། སྲིད་རྒྱལ་སྤྲུལ་པ་བཅས་པའི་ཐུགས་དམ་བསྐང།

 དེ་ལྟར་ཁྱེད་ཀྱི་ཐུགས་དམ་གཉན་བསྐངས་ནས། སྒྲུབ་གཤེན་བདག་ཅག་འཁོར་དང་བཅས་པ་ལ། ལོངས་སྤྱོད་འཁོར་འདབས་ཚེ་ནོར་དངོས་གྲུབ་སྩོལ། སྐད་ཅིག་བདེ་ཆེན་མཆོག་གི་དངོས་གྲུབ་སྩོལ། གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་སྤེལ། བན་བོན་བྱད་ཁ་མུ་སྟེགས་ཟོར་ཁ་ཟློགས། བགེགས་རིགས་སྟོང་ཕྲག་གློ་བུར་ཡེ་འབྲོག་ཟློགས། དལ་ཡམས་མེ་འབར་དུས་མིན་འཆི་བ་ཟློགས། དགྲ་རྐུན་ཆོམ་པོ་མི་རྒོད་མཚོན་ཆ་ཟློགས། སྐྱེ་བོའི་ཡ་ག་དུ་རུའི་དམག་སྣ་ཟློགས། ཕོ་བརྒྱས་མདའ་དར་མོ་བརྒྱས་དུག་གཡོས་ཟློགས། ཡས་ཀྱི་བདུད་གཡོས་མས་ཀྱི་སྲི་ལང་བཟློག། ལྟས་ངན་མི་མཐུན་ཕྱོགས་རྣམས་དགྲ་ལ་བསྒྱུར། གཡུང་དྲུང་བོན་གྱི་བསྟན་པ་གཉན་པོ་སྲུངས། མ་འདའ་བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད།། 

  ཅེས་སྲིད་པའི་རྒྱལ་མོ་ཡང་སྤྲུལ་དང་བཅས་པའི་བསྐང་བ་འདིས། མ་མོ་རང་ལ་ཁྲོས་སམ་ལོག་གམ། ཡང་ན་ཉམས་གྲིབ་ཕོག་གམ། ཡང་ན་དགྲ་ལ་གཡེལ་ན་འདི་ལྟར་བསྐང་ངོ། དེ་ནས་མ་མོས་དགྲ་བོ་བསྒྲལ་ཞིང་། གཤེན་གྱི་བསྟན་པ་དར་རོ། བསྙེན་སྒྲུབ་བྱེད་པའི་སྐབས་སུ་འདི་ལྟར་བསྐངས། མ་འགྲུབ་ན་སྤོག་ཅིང་ཚར་མང་དུ་ཡང་ཡང་བྱ། སྤྱིར་ཡང་སྒྲུབ་གཤེན་གྱི་གཏོར་མར་བརྩོན་ཞིང་བསྐང་ན་མ་མོ་དགྱེས་ཏེ། དགྲ་བོ་ཤུགས་ཀྱིས་བསྒྲལ་བས་འདི་གལ་ཆེའོ། འདི་ནི་གཤེན་གྱི་བར་ཆོད་བཟློག་ཅིང་མཐུ་དབང་ཆེ་བས་ཀྱང་འདི་གལ་ཆེའོ། གཤེན་བོན་སྐུ་ཚེ་བསྲིང་བ་དང་། སྔགས་པའི་ཟས་ནོར་འཕེལ་བ་ལ་འདི་གལ་ཆེའོ། འདི་ལ་བརྩོན་པར་གྱིས། མ་མོ་སྒྲུབ་པའི་ཆ་ལག་མདོས་དང་བསྐང་བཟློག་སྤུག་མར་འབྱུང་བ་འདི་དང་། གནད་གསུམ་ཁ་ཚར་ལྔ་ཏེ་རྒྱུང་སྲུབ་བྲག་ལ་ཡོད། ཕྱི་རབས་ལས་ཅན་བུ་ཡིས་གསང་ལ་སྤྱོད། བསྐང་བ་འདི་ནི་གནམ་མཚོའི་དོ་རིང་ལ་སྟོང་རྒྱུང་མཐུ་ཆེན་གྱིས་མཛད་པའོ། །གསང་ལ་སྤྱོད། འདི་ལ་གཏེར་ཤོག་དམར་སྐྱ་ཞིང་ལ་མཐོ་གང་དཀྱུས་ལ་མཐོ་བཞི་ལ། སྔ་ཕྱི་ཡིག་ཕྲེང་བརྒྱ་དང་ཉི་ཤུ་བདུན་འདུག །འོ་སྒོམ་ཕུག་པའི་དངོས་གྲུབ་ལགས་སོ། །རིམ་པར་བརྒྱུད་ནས་བདག་ལའོ། དག་པར་ཡོད་པས་ཡིད་ཆེས་པར་མཛོད། བཀྲ་ཤིས་པར་ཤོག

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章