༄༅།།སྙན་རྒྱུད་ཞི་བ་ཨ་གསལ་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་པ་ལེགས་སོ།།
ཐོག་མར་ཤོག་ཆུང་ལྟར་མཚམས་བཅད་དེ་འདི་སྐད་དོ།། བསྭོ་ང་ནི་ཡེ་གཤེན་གསང་བ་སྟེ།། ང་ཡི་ཐུགས་ཀྱི་གསང་མཛོད་ནས།། ཨ་མ་གསང་བའི་འབྲུ་འཕྲོས་པས།། ཉི་ཟླ་གསལ་བའི་འཁོར་ལོ་ལ།། ཟངས་རི་ལྕགས་རི་ཁོར་ཡུག་གཏམས།། སྐྱིན་འདང་རྨ་འདངས་མེ་ཆུ་འཁྲུགས།། ཆུ་སྒྲ་རྦ་སྒྲ་ཅི་ལི་ལི།། མེ་དབལ་རླུང་སྒྲ་འུ་རུ་རུ།། སྟེང་འོག་ཕྱོགས་མཚམས་མེ་ཆུ་འཁྲིགས།། ཁྱབ་འཇུག་རླུང་གིས་གོ་མི་སོལ།། ལོག་པར་འདྲེན་པའི་བར་ཆོད་བགེགས།། མེ་ཆུ་དབལ་གྱི་མཚམས་ལས་མ་འདའ་ཞིག།། གལ་ཏེ་མཚམས་ལས་འདས་གྱུར་ན།། མེ་ཆུ་འཁྲིགས་པའི་དབལ་རྫོང་ལ།། མཐོང་བ་ཙམ་གྱིས་སྐྲག་པར་འགྱུར།། འབོག་པ་ཙམ་གྱིས་གཡེང་བར་འགྱུར།། རེག་པ་ཙམ་གྱིས་འཚིགས་པར་འགྱུར།། འདས་ན་ཐལ་བ་རྡུལ་དུ་རློག།། མེ་ཆུ་དབལ་གྱི་མཚམས་ལས་མ་འདའ་ཞིག།། གལ་ཏེ་མཚམས་ལས་འདས་གྱུར་ན།། ཐུགས་རྗེ་མེ་ཆུའི་ཤུགས་ཀྱིས་བསྒྲལ་བར་བྱའོ།། བསྭོ་ཨཱོྃ་ཏལ་ཟངས་ནེ་རྒྱུང་ཏིང་མུར་ཏིང་ཤོ་ཤག་དུལ་ནན། མུ་མར་ནེ་རྒྱུང་འུ་རེ་ཤག་དུལ་ནན།ཞེས་མཚམས་བཅད་དོ།། དེ་ནས་སྔོན་འགྲོའི་རིམ་པ་ལས། དང་པོར་མཁྱེན་པ་གསོལ་བ་ནི།ཨཱོྃ་གཤེན་རབ་བླ་མ་མ་རིག་མུན་སེལ་སྒྲོན།། ཐུགས་རྗེའི་མངའ་བདག་ཡེ་ཤེས་འདུ་འབྲལ་མེད།། དཔོན་གསས་བླ་མས་བདག་ལ་དགོངས་སུ་གསོལ།། ཨ་ཨཱོྃ་ཧཱུྃ། དེ་ནས་སེམས་བསྐྱེད་པའི་ཡན་ལག་ནི།བདག་ནི་སྟོང་ཁམས་སྲིད་གསུམ་འཇིག་རྟེན་གྱི།། སྙན་གྲགས་འདོད་སྤྱོད་འདི་སྒྲུབ་མ་ལགས་ཏེ།། རིག་པ་བརྟུལ་ཤུགས་ཐུགས་རྗེ་ཚད་མེད་ཀྱི།། ཀུན་ཏུ་བཟང་པོ་བླ་ན་མེད་པ་ཡི།། བྱང་ཆུབ་མཆོག་སེམས་བདག་གིས་བསྐྱེད་པར་བགྱི།། འདི་ནས་གཡུང་དྲུང་སྙིང་པོར་མཆིས་ཀྱི་བར།། འགྲོ་བའི་དོན་དུ་སེམས་མཆོག་བསྐྱེད་པར་བགྱི།། ཨ་ཨཱོྃ་ཧཱུྃ།དེ་ནས་སྐྱབས་སུ་འགྲོ་བའི་ཡན་ལག་ནི།ཨཱོྃ་གཤེན་རབ་བླ་མ་སྐུ་གསུམ་འབྱུང་གནས་དཔལ།། དུས་གསུམ་བདེར་གཤེགས་འགྲོ་བ་ཡོངས་ཀྱི་མགོན།། སྐུ་གཟུགས་ཞལ་སྐྱིན་སྐུ་གདུང་གསུང་རབ་རྟེན།། ཕྱོགས་བཅུའི་གཤེན་རབ་ཐར་ལམ་སྟོན་པའི་སྒྲོན།། གནས་བཞིར་ཕྱག་འཚལ་འགྲོ་ཀུན་སྐྱབས་སུ་མཆིའོ།། ཨ་ཨཱོྃ་ཧཱུྃ། དེ་ནས་བཤགས་པའི་ཡན་ལག་ནི།ན་མོ་སྲིད་པ་ཆགས་ནས་དུས་འདིའི་བར་དུ་ནི།། སྐུ་དང་ཡེ་ཤེས་དམ་དང་ཚིག་མནོས་ནས།། དེ་ལྟར་མ་རྟོགས་ཉམས་སྒྲིབ་སྐྱོན་གྱིས་གོས།། ཞི་ཁྲོ་རྫུ་འཕྲུལ་ལྷ་ཡི་དཀྱིལ་འཁོར་དུ།།ཉམས་དྲན་གནོང་འགྱོད་སེམས་དང་གདུང་ཚིག་གིས།། དམ་ཉམས་ཀུན་དང་དུས་དང་གནས་གཅིག་ཅིང་།།ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་ལ་སོགས།། ཉམས་ཀྱི་ཟས་ཟོས་ཉམས་ཀྱི་ཆུ་འཐུང་པ།། རྫུ་འཕྲུལ་ཞི་ཁྲོའི་ལྷ་ལ་མཐོལ་ལོ་གཤགས།། མཐོལ་བཤགས་ཕུལ་ནས་ཚངས་པར་བསྩལ་དུ་གསོལ།། ཨ་ཨཱོྃ་ཧཱུྃ། དེ་ནས་གསོལ་བ་གདབ་པ་ནི། རང་རང་གི་སྤྱི་གཙུག་ཏུ་སེང་གེ་གླང་ཆེན་རྟ་འབྲུག་ཁྱུང་གི་ཁྲི་དང་ཉི་ཟླ་པད་མའི་གདན་གྱི་སྟེང་དུ། རྩ་བའི་བླ་མ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཀུན་བཟང་གཤེན་ལྷ་དང་གཉིས་སུ་མེད་པར་བཞུགས་པ། དེའི་དབུ་ཐོག་ཏུ་ཡར་ལ་བརྒྱུད་པའི་བླ་མ་རྣམས་ཀུན་ཏུ་བཟང་པོ་ལ་ཐུག་གི་བར་དུ་མཐོ་བརྩེགས་སུ་བཞུགས་པ། དེའི་ཕྱི་རིམ་དུ་ཕྱོགས་བཅུའི་བདེ་བར་གཤེགས་པ། ས་བཅུའི་གཡུང་དྲུང་སེམས་དཔའ། བརྒྱུད་ལྡན་གྱི་བླ་མ་དམ་པ། བསྟན་པ་བསྲུང་བའི་བོན་སྐྱོང་རྣམས་ཀྱི་གཙོ་ལ་འཁོར་གྱིས་བསྐོར་བའི་ཚུལ་དུ་བཞུགས་པར་བསམ་མོ།། བླ་མ་བདེར་གཤེགས་རྣམས་ཀྱི་དགོངས་པའི་དགོངས་ཚད། རྟོགས་པའི་རྟོགས་ཚད།། མཁྱེན་པའི་མཁྱེན་ཚད། ཡོན་ཏན་ཁྱད་པར་ཅན་ཅི་མངའ་བ་ཐམས་ཅད་བདག་གིས་ཐོབ་པར་མཛད་དུ་གསོལ། སྙམ་པའི་ངང་ནས། ཨེ་མ་ཧོ། མི་མངོན་དབྱིངས་ནས་རང་བཞིན་ལྷུན་གྱིས་གྲུབ།། ཐུགས་རྗེ་བཞི་ལྡན་འགྲོ་ལ་བུ་ལྟར་བྱམས།། ཀུན་ཏུ་བཟང་པོའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། ཁྱུང་ལུང་གནས་སུ་མངའ་བསྙེམས་རིག་འཛིན་གཤེན།། མི་ནུབ་སྲོལ་འཛིན་ལས་ཅན་བྱིན་གྱིས་རློབས།། བླ་ཆེན་དྲན་པའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། ཁེ་ནན་གནས་སུ་ལས་ཅན་སྤྲུལ་པའི་སྐུ།། སྦས་པའི་རྣལ་འབྱོར་ཐབས་ཀྱིས་བསྟན་པ་སྤེལ།། གྱེར་མི་ཉི་འོད་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། ཕུག་ཆུང་ར་མོར་ལུང་བསྟན་དངོས་གྲུབ་ཐོབ།།ཡི་དམ་ཞལ་གཟིགས་གདམས་པའི་སྣོད་དང་ལྡན།། སེ་དཀར་སྟོན་པའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། གཡས་རུ་འཇེད་དུ་བསྟན་པའི་དངོས་གྲུབ་བསྙེམས།། བསྐྱེད་རྫོགས་ཟུང་འཇུག་འགྲོ་བའི་ལམ་སྣ་འདྲེན།།རྨ་སྟོན་སྲོལ་འཛིན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། ཁམས་ལུང་གནས་སུ་སྡེ་སྣོད་དགོངས་པ་གྲོལ།། གཉིས་མེད་བདེ་ཆེན་རང་གྲོལ་རྟོགས་པ་ཤར།། བྲུ་སྟོན་ཉི་རྒྱལ་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། ཕུན་ཚོགས་གནས་སུ་བསྟན་པའི་རྒྱལ་ཐེབས་མཛད།། བསླབ་གསུམ་རྣམ་དག་དྲི་མེད་འོད་མངའ་བ།། མི་གཉོས་རྣམ་གཉིས་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྐྱིད་ཤོད་ཕུག་ཏུ་རང་གྲོལ་རྟོགས་པ་ཤར།། གཉིས་མེད་དོན་རྟོགས་འགྲོ་བའི་དོན་ལ་དགོངས།། འགྲོ་མགོན་བདུད་རྩིའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། མཚན་ལྡན་གནས་སུ་སྦྱོང་སྟོབས་རང་གྲོལ་གཤེན།། རྟོགས་པའི་འོད་འབར་འགྲོ་བ་སྐྱོབས་པའི་དཔལ།། མཚན་ལྡན་བློ་གྲོས་སྐུ་ལ་གསོལ་བ་འདེབས།།མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།།ཕྱོགས་མེད་གནས་སུ་འཛིན་མེད་དགོངས་པ་ཤར།། ལྟ་སྤྱོད་ཟུང་འབྲེལ་འགྲོ་ལ་བུ་ལྟར་སྐྱོབས།། རང་གྲོལ་འདུལ་བའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། གཡས་རུ་མཁར་སྣར་ཐུགས་དགོངས་མཁའ་ལྟར་དག།། དགོས་འདོད་ཀུན་འབྱུང་བོན་གྱི་ཆར་ཆེན་འབེབས།། མཁས་བཙུན་རྒྱལ་བའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། གསང་ཕུག་གནས་སུ་ཐེག་ཆེན་གྲུབ་པ་ཐོབ།། བོན་ཉིད་དོན་རྟོགས་སྟོང་ཉིད་འདུ་འབྲལ་མེད།། རྟོགས་ལྡན་ནམ་འོད་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། གཡས་རུ་དབེན་སར་བོན་གྱི་འཁོར་ལོ་བསྐོར།། ཚད་མེད་ཐུགས་རྗེས་འགྲོ་དོན་ཕྱོགས་མེད་མཛད།། མཐའ་བྲལ་བསོད་རྒྱལ་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། མངའ་རིས་སྟོད་དུ་རྟོགས་པའི་ཉི་མ་ཤར།། ལུང་རིག་མངའ་བདག་མཁྱེན་བརྩེའི་འོད་ཟེར་རྒྱས།། མཚུངས་མེད་བསོད་བློའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། བདེ་ཆེན་གནས་སུ་བསྙེན་སྒྲུབ་ལས་ལ་བརྩོན།། བསྟན་པའི་བྱ་ར་བཀའ་ཉན་བྲན་དུ་འཁོལ།།མཁས་གྲུབ་ནམ་བསོད་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། གོང་མའི་གདན་སར་བསྟན་པའི་དཔལ་དུ་ཤར།། བོན་ཉིད་དབྱིངས་སུ་འཇའ་འོད་སྐུ་རུ་གཤེགས།། ཚེ་དབང་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། རྒྱལ་བའི་གདན་སར་ཐོས་བསམ་མཐའ་རུ་ཕྱིན།། རིམ་གཉིས་དགོངས་པའི་ཕྲིན་ལས་ཕྱོགས་བཅུར་རྒྱས།། མཁས་བཙུན་ནམ་རིན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། དག་པའི་ཞིང་དུ་ལས་ཅན་གདུལ་བྱའི་ངོར།། མཚན་དཔེ་བརྗིད་ལྡན་ཐེག་ཆེན་འཁོར་ལོ་བསྐོར།། རྣམ་རྒྱལ་ཀ་རའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྣང་གསལ་གནས་སུ་ལྟ་དགོངས་མངོན་དུ་གྱུར།། རྣམ་བཞིའི་ཕྲིན་ལས་རྩལ་མེད་ལྷུན་གྱིས་གྲུབ།། མཁས་གྲུབ་རིན་བློའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། ཀུན་སྙོམས་གནས་སུ་བསླབ་གསུམ་ནོར་གྱིས་ཕྱུག།། འཆད་རྩོད་རྩོམ་པས་གདུལ་བྱ་སྨིན་གྲོལ་མཛད།། ཤེས་རབ་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་ལུང་རིག་འབྲུག་ལྟར་སྒྲོགས།།ཚད་མེད་ཐུགས་རྗེས་གདུལ་བྱ་ཐར་པར་འདྲེན།། རིན་ཆེན་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་ཟད་མེད་གཏེར་འཛིན་ཅིང་།། འགྲོ་ལ་ཡེ་ཤེས་བསླབ་གསུམ་སྨིན་མཛད་པ།། ནམ་མཁའ་ཡེ་ཤེས་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་མཁས་བཙུན་གྲུབ་པའི་གཤེན།། རྒྱུད་ལུང་མན་ངག་བདུད་རྩིའི་ཆར་ཆེན་འབེབས།། ཀུན་བཟང་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བསྟན་པའི་དར་ཆེན་ཕྱར།། འཕྲིན་ལས་རྣམ་བཞིས་འགྲོ་བ་འདྲེན་པའི་གཤེན།། རིན་ཆེན་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བསྙེན་སྒྲུབ་མཐའ་རུ་ཕྱིན།། བསྐྱེད་རྫོགས་ཟུང་འཇུག་ཡི་དམ་ལྷ་ཞལ་གཟིགས།།ཚུལ་ཁྲིམས་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བསླབ་གསུམ་ཕུལ་དུ་ཕྱིན།། ཚོགས་གཉིས་རབ་རྫོགས་འབྲས་བུ་རང་ས་ཟིན།། བསོད་ནམས་ཡེ་ཤེས་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་རྒྱུད་ལུང་མན་ངག་སྟོན།། དྲང་ངེས་ཟུང་འབྲེལ་གདུལ་བྱ་སྨིན་གྲོལ་མཛད།། བསོད་ནམས་གཡུང་དྲུང་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བཤད་སྒྲུབ་མཐའ་རུ་ཕྱིན།། ཡི་དམ་ཞལ་གཟིགས་གྲུབ་རྟགས་མངོན་དུ་སྟོན།། ཤེ་ཙུ་དྲུང་མུའི་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་སྡེ་སྣོད་གཏེར་འཛིན་ཅིང་།། ཚད་མེད་བཞི་ཡིས་གདུལ་བྱ་སྨིན་གྲོལ་མཛད།། ཤེས་རབ་འོད་ཟེར་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བསྟན་པའི་ཉི་མ་ཤར།། འཆད་རྩོད་རྩོམ་པས་གདུལ་བྱའི་བློ་མུན་སེལ།། གཡུང་དྲུང་རྒྱལ་མཚན་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བོན་སྒྲ་ཕྱོགས་བཅུར་སྒྲོགས།། བྱིན་རླབས་ཆར་འབེབས་ཕྲིན་ལས་ཕྱོགས་བཅུར་རྒྱས།། ཤེས་རབ་བློ་གྲོས་སྐུ་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་གདུལ་བྱ་གྱུར་རོ་ཅོག།། སྤང་བསྒྱུར་གྲོལ་བའི་ལམ་ལ་འགོད་མཛད་པ།། ཤེས་རབ་འོད་ཟེར་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་དབང་བཞིའི་གྲུ་ཆར་གྱིས།། སྐལ་ལྡན་སློབ་མར་སྐུ་བཞིའི་ལོ་ཏོག་སྨིན།། གཙུག་ཕུད་འོད་ཟེར་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་ལེགས་བཤད་འོད་བརྒྱ་པ།།བསྟན་པའི་སྒོ་འཕར་ནེ་ར་བཞད་པའི་གཉེན།། མཁས་མཆོག་གཡུང་ཚུལ་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་རྫོགས་ཆེན་བླ་མེད་དོན།། འགྲོ་ལ་ལྷུག་པར་འདོམ་པའི་ཀུ་ས་ལི།། རིན་ཆེན་འོད་ཟེར་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་གཤེན་བསྟན་ཤིང་རྟའི་སྲོལ།། འབྱེད་ལ་ངལ་མེད་འཕྲུལ་གྱི་རྒྱལ་པོ་ལྟར།། རིན་ཆེན་ལྷུན་གྲུབ་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་སྡོམ་གསུམ་ཅིག་ཆར་དུ།། རྩལ་ནས་རང་རིག་ལྷ་ཞལ་སྟོན་པ་པོ།། ཤེས་རབ་བསྟན་འཛིན་གཙོ་ལ་གསོལ་བ་འདེབས།།མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།།སྨན་རིའི་གནས་སུ་སྙན་བརྒྱུད་བདུད་རྩིའི་ཆར།། སྙིགས་དུས་འགྲོ་བའི་ཚོགས་ལ་འབེབས་མཁས་པ།། ཤེས་རབ་དབང་རྒྱལ་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་ཐེག་གསུམ་བསྟན་པ་སྤེལ།། དབང་བཞི་ཟབ་མོའི་འཕྲིན་ལས་ཕྱོགས་བཅུར་རྒྱས།། གཡུང་དྲུང་དབང་རྒྱལ་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་རང་རིག་ཉི་མ་ཤར།། གདུལ་བྱ་འཁོར་བའི་བློ་མུན་སེལ་མཛད་པ།། ཕུན་ཚོགས་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་ཤེས་རབ་ཕ་རོལ་ཕྱིན།། དགོངས་པ་མཐའ་བྲལ་རྒྱལ་བསྟན་ཀུན་གསལ་སྒྲོན།། བསོད་ནམས་བློ་གྲོས་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། གངས་ཅན་ཞིང་དུ་རྣམ་མཁྱེན་རྒྱལ་བའི་ཚབ།། མདོ་སྔགས་བསྟན་པའི་རྒྱལ་མཚན་སྒྲེང་བྱེད་པོ།། ཟླ་བ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བསྟན་པའི་ཡོངས་འཛིན་དཔལ།། འཆད་རྩོད་རྩོམ་པས་རྒྱལ་བསྟན་ཕྱོགས་རྒྱས་མཛད།། ཉི་མ་བསྟན་འཛིན་མཆོག་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བསྟན་པའི་དཔལ་དུ་ཤར།། མཁྱེན་བརྩེ་ནུས་པས་འགྲོ་དོན་མཐའ་རུ་ཕྱིན།། བསོད་ནམས་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་བསྟན་འགྲོའི་མགོན་དུ་གྱུར།། སྡོམ་གསུམ་རྣམ་དག་མཆོག་གི་དངོས་གྲུབ་རྙེད།། ཤེས་རབ་གཡུང་དྲུང་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་གསང་སེམས་མངའ་བསྙེམས་པས།། གདུལ་བྱ་མཐའ་ཀླས་སྨིན་གྲོལ་མཆོག་ལ་བཀོད།། སངས་རྒྱས་བསྟན་འཛིན་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་རྒྱལ་བསྟན་གསལ་བའི་སྒྲོན།། བླ་མེད་ཕྱིན་བཅུའི་འགྲོ་དོན་མཐར་ཕྱིན་མཛད།། བསྟན་འཛིན་ཚུལ་ཁྲིམས་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་ཐེག་ཆེན་འོད་འབུམ་འགྱེད།། འགྲོ་ཀུན་སྨིན་གྲོལ་ཉིན་སྣང་དཔལ་ལ་འགོད།། ཕུན་ཚོགས་བློ་གྲོས་ཞབས་ལ་གསོལ་བ་འདེབས།།མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།།སྨན་རིའི་གནས་སུ་བདེན་གཉིས་བདུད་རྩིའི་རྒྱུན།། རིགས་གསུམ་གདུལ་བྱའི་དགའ་སྟོན་འགྱེད་མཛད་པ།།རྒྱལ་བ་བློ་གྲོས་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་མཁྱེན་བརྩེའི་ཉི་འོད་ཀྱིས།། སྐལ་ལྡན་བློ་ཡི་ཆུ་སྐྱེས་བཞད་མཛད་པ།། བསྟན་པ་བློ་གྲོས་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་རྣམ་བཞིའི་འཕྲིན་ལས་ཀྱིས།། བསྟན་དང་འགྲོ་བའི་དོན་ཆེན་རྒྱས་མཛད་པ།། ཉི་མ་དབང་རྒྱལ་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྨན་རིའི་གནས་སུ་ཐེག་མཆོག་བསིལ་ཟེར་འབར།། ཕྱོགས་མེད་གདུལ་བྱའི་ཚ་གདུང་བསལ་མཛད་པ།། ཤེས་རབ་བློ་གྲོས་ཞབས་ལ་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། ཕྱོགས་མེད་ཡུལ་དུ་བསྟན་པའི་སྒྲ་དབྱངས་སྤེལ།། རྨོངས་པའི་རིགས་ནད་སེལ་བའི་བདུད་རྩི་སྦྱིན།། ལུང་རྟོགས་བསྟན་པའི་ཉི་མར་གསོལ་བ་འདེབས།། མི་མངོན་དབྱིངས་ནས་ཐུགས་རྗེའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། སྤྱི་གཙུག་གནས་སུ་མ་རིག་མུན་པ་སེལ།། ཐར་པའི་ལམ་སྣ་འདྲེན་པ་ཀུན་གྱི་རྗེ།། རྩ་བའི་བླ་མ་རྣམས་ལ་གསོལ་བ་འདེབས།། མཁྱེན་པའི་དབྱིངས་ནས་བརྩེ་བའི་འོད་ཕྱུང་ལ།། སྒྲུབ་གཤེན་བདག་ལ་དབང་བསྐུར་བྱིན་གྱིས་རློབས།། མཚན་དང་ལྡན་པའི་བླ་མ་རྣམས་ལ་གསོལ་བ་འདེབས།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ།།སྨྲར་རོ།། བདག་མེད་མཁྱེན་བརྩེ་སྟོབས་དང་ལྡན་པ་ཡི།། གཤེན་ལྷ་འོད་དཀར་སྐུ་ལ་ཕྱག་འཚལ་ལོ།། སྙན་བརྒྱུད་ཨ་དཀར་སེམས་ཀྱི་ལྡེ་མིག་འདི།། རང་རྒྱུད་དག་པས་དགེ་སྡིག་ཤན་ཕྱེས་ནས།། མ་གཡོའི་ངང་ལ་བཞག་པས་ལྷ་ཞལ་ཁུམས།། ཀུན་བཟང་ཐུགས་ཀྱི་གསང་མཛོད་སྒོ་དབྱེ་ནས།། བླ་ཆེན་ཁོད་སྤུངས་དྲན་པའི་སེམས་ལ་བརྒྱུད།། ཕྱི་རབས་དོན་དུ་སྙན་བརྒྱུད་ཡི་གེར་ཕབ།། བདག་གི་ངག་དང་དབྱེར་མེད་གདམས་སྐོར་འདི།།ལས་སྐལ་དད་པ་ལྡན་དང་འཕྲད་ནས་ཀྱང་།། ཀུན་ཀྱང་བདག་མེད་རང་དབང་ཐོབ་པར་ཤོག །ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། དེ་ནས་སྤྱན་དྲངས་ཏེ།ཨཱོྃ་མེ་ཆུ་ས་རླུང་ནོར་བུ་རིན་པོ་ཆེ།། མུ་མེད་ནམ་མཁའ་དག་པའི་ཀློང་དུ་ཡངས།། གཡུང་དྲུང་ཐིག་ལེ་འོད་ཀྱི་གསས་མཁར་ན།། སེང་གེ་གླང་ཆེན་རྟ་འབྲུག་ཁྱུང་གི་ཁྲི།།ཉི་ཟླ་པདྨ་བརྩེགས་པའི་གདན་སྟེངས་སུ།། ཏིང་འཛིན་རྣམ་གསུམ་སྐུ་གསུམ་འཕྲོ་འདུ་ལས།། འོད་དཀར་གནས་འཛིན་ལྷ་ཡི་སྐུར་བསྐྱེད་པ།། ཉིད་ཀྱི་ཆ་ལུགས་མཉམ་བཞག་རྫོགས་པའི་སྐུ།། སྐུ་ཡི་རྫུ་འཕྲུལ་ཐབས་དང་ཤེས་རབ་ལྡན།། གཤེན་ལྷ་འོད་དཀར་བདེར་གཤེགས་རྩ་བའི་ལྷ།། དེ་བཞིན་ཐིག་ལེ་འོད་ཀྱི་གསས་མཁར་ནས།། ཐུགས་རྗེའི་སྤྱན་གྱིས་འགྲོ་དྲུག་དོན་གཟིགས་ལ།། གནས་འདིར་མདངས་དང་ཆས་ཏེ་གཤེགས་སུ་གསོལ།། གཉིས་མེད་དོན་གྱིས་བརྟན་པར་བཞུགས་སུ་གསོལ།།དེ་ནས་ཕྱག་འཚལ་ཏེ།ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ།། དེ་ནས་སྡིགས་པ་བཤགས་ཏེ། ལུས་ངག་ཡིད་ཀྱིས་སྡིག་པ་ཅི་བགྱིས་པ།། ཀུན་ཏུ་བཟང་པོའི་སྐུ་ལ་མཐོལ་ལོ་བཤགས།།དེ་ནས་མཆོད་པ་འབུལ་ཏེ།གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་དང་གཏེར།། གར་སྟབས་སྒེག་མ་བྱེ་བ་ས་ཡ་འབུམ།། གླུ་དབྱངས་གར་སྟབས་ཚོམ་ཚོམ་སྟབས་བསྒྱུར་ནས།།བདེར་གཤེགས་རྩ་བའི་ལྷ་ལ་མཆོད་པ་འབུལ།། ཁྱེད་ཀྱི་ངང་ཚུལ་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ།ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། དེ་ནས་སྨན་མཆོད་འབུལ་ཏེ།བསྭོ་ཨཱོྃ་བ་བཱ་དེ་ན་ར་ས་ཡ་ན་གཡུ་འབྲང་བདུད་རྩི་བསྭོ་ཐཱ། ཨེ་མ་ཧོ། གཡུང་འབྲང་བདུད་རྩི་ཨ་དཀར་ལོངས་སྤྱོད་སྨན།། འོད་ལས་རྒྱུ་སྤྲོས་བདུད་རྩིའི་ཀློང་དུ་འཁྱིལ།། ཉོན་མོངས་ནད་རྣམས་འཇོམས་པའི་བདུད་རྩི་འདི།། སྨན་གྱི་ལྷ་མོས་ཕྱག་རྒྱས་བླངས་ནས་ཀྱང་།། དཀྱིལ་འཁོར་ཡེ་ཤེས་ལྷ་ལ་མཆོད་པ་འབུལ།། ཐུགས་རྗེའི་བྱིན་གྱིས་རློབས་ལ་བཞེས་སུ་གསོལ།། འཆི་མེད་གཡུང་དྲུང་ཚེ་ཡི་དངོས་གྲུབ་སྩོལ།། བསྭོ་ཨཱོྃ་བ་བཱ་དེ་ན་ར་ས་ཡ་ན་གཡུ་འབྲང་བདུད་རྩི་བསོ་ཐཱ།དེ་ནས་སྨན་གྱི་དངོས་གྲུབ་བླངས་ཏེ།ཨ་འགྱུར་བ་མེད་པ་བོན་གྱི་སྐུ།། དངོས་གྲུབ་བདག་དང་གཉིས་མེད་ཐོབ།། ཨཱོྃ་འགག་པ་མེད་པ་བོན་གྱི་གསུང་།། དངོས་གྲུབ་བདག་དང་གཉིས་མེད་ཐོབ།། ཧཱུྃ་འཁྲུལ་པ་མེད་པ་བོན་གྱི་ཐུགས།། དངོས་གྲུབ་བདག་དང་གཉིས་མེད་ཐོབ།།ཅེས་དངོས་གྲུབ་བླང་ངོ་།། དེ་ནས་འཛབ་བཟླས་ཏེ། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ།བསྟོད་པ་འདི་སྐད་དོ།། ཨཱོྃ་སྐུ་གསུམ་ལྷུན་གྱིས་གྲུབ་པའི་ཀློང་ཡངས་ན།། མ་སྐྱེ་མི་སྐྱེ་རང་བཞིན་སྐྱེ་མེད་ཨ།། མ་འགག་མི་འགག་ཡེ་ཤེས་རང་ཤར་ཨ།། མ་འོང་མི་འགྲོ་གཉིས་མེད་མཐའ་བྲལ་ཨ།། དྲི་མེད་འོད་གསལ་སྒྲིབ་པ་མེད་པའི་ཨ།། འདེགས་སྡུད་སྐུ་ལྔ་ཐིག་ལེར་འདུས་པའི་ཨ།། ཨ་ལས་ཨ་སྤྲོས་འཕྲོ་འདུའི་མཆོད་པ་འདི།། འོད་དཀར་གནས་འཛིན་སྐུ་ལ་མཆོད་པ་འབུལ།། ཁྱེད་ཀྱི་ངང་ཚུལ་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ།ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཨ་ཀུན་བཟང་ཐུགས་ལས་སྤྲུལ་པའི་ཡི་གེ་ནི།། ཨཱ་རིང་ངོ་བོ་གཡོ་བ་མེད།། ཨ་ཐུང་རང་བཞིན་སྐྱེ་བ་མེད།། དཀར་བས་བག་ཆགས་སྐྱོན་དང་བྲལ།། སལེ་མཚན་མ་རྩེ་གཉིས་མེད།། འོད་ནི་ལོག་རྟོག་སེམས་སུ་གྲོལ།། ཨ་ནི་རྣམ་གྲོལ་བསྡུས་པའི་ཡུལ།། ཡང་ནི་ཡེ་ཤེས་བསྐྱེད་པའི་རླུང་།། ཨཱོྃ་ནི་སྐུ་ལྷ་ཡེ་ཤེས་ལྔ།། འདུ་ནི་སེམས་ཉིད་ཐིག་ལེ་གཅིག།། སྙིང་པོ་ཨ་དཀར་གསལ་བའི་འཛབ་མཆོད་འདི།། འོད་དཀར་གནས་འཛིན་སྐུ་ལ་མཆོད་པ་འབུལ།། ཁྱེད་ཀྱི་ངང་ཚུལ་གཤེན་ལ་གནས་པར་མཛོད།། ཁྱེད་ཀྱི་ངང་ཚུལ་གཤེན་ལ་གནས་ནས་ཀྱང་།། རང་རིག་ཡེ་ཤེས་ཁོང་ནས་འཆར་བའི་དངོས་གྲུབ་སྩོལ།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ།དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བསྟོད་དེ་འདི་སྐད་དོ།།ཨཱོྃ་གཤེན་ལྷ་འོད་དཀར་བདེར་བཤེགས་རྩ་བའི་ལྷ།། སྐུ་མདོག་དཀར་གསལ་མན་ཤེལ་འོད་ལྟར་འཚེར།། ཞལ་ལྔ་ཕྱག་བཅུ་རྒྱལ་བ་འདུས་པའི་སྐུ།། དཀར་སེར་དམར་ལྗང་མཐིང་ཁ་རིགས་ཀྱི་ཞལ།། སྤྱན་དྲུག་ཡུལ་དྲུག་གཟུགས་ལ་རྣམ་པར་གཟིགས།། སྤྱན་གསུམ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གཟིགས།། སྤྱན་གཅིག་སྒྲིབ་མེད་ཡེ་ཤེས་དབྱིངས་ལ་གཟིགས།། རྣམ་ཤེས་ཐིག་ལེ་ཡུལ་བརྒྱད་དབྱིངས་ལ་རོལ།། བསྐལ་པ་མི་ནུབ་མི་འགྱུར་གཡུང་དྲུང་སྐུ།། སྐུ་ཡི་རྒྱུད་འབྱུང་སྟོང་གསུམ་ཟིལ་གྱིས་གནོན།། སལེ་ལྷང་ངེ་ངང་ཚུལ་དོན་ལ་དགོངས།། ཀུན་ཏུ་བཟང་པོ་བདེར་གཤེགས་སྐུ་ཡི་ལྷ།། གཤེན་ལྷ་འོད་དཀར་སྐུ་ལ་ཕྱག་འཚལ་བསྟོད།། ཁྱེད་ཀྱི་རྫུ་འཕྲུལ་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཨ་ཨཱོྃ་ཧཱུྃ་གིས་ཁམས་གསུམ་འཁོར་བའི་མྱ་ངན་སངས།། ཨ་ཡི་སྟོང་སྒྲ་རང་བཞིན་མེད་པའི་གསུང་།། དཀར་གསལ་འོད་ཆེན་འགག་པ་མེད་པའི་དབྱངས།། འདེགས་སྡུད་སྐུ་ལྔ་ཐིག་ལེར་འདུས་པའི་གླུ།། གྲགས་པས་མ་བསླད་ཐ་སྙད་མེད་པའི་སྒྲ།། གསུང་གིས་སྒྲ་སྒྲོགས་སྟོང་གསུམ་བྱེ་བྲག་འབྱེད།། སལེ་སང་ངེ་ངང་ཚུལ་དོན་ལ་དགོངས།། ཀུན་ཏུ་བཟང་པོ་བདེར་གཤེགས་གསུང་གི་ལྷ།།གཤེན་ལྷ་འོད་དཀར་གསུང་ལ་ཕྱག་འཚལ་བསྟོད།། ཁྱེད་ཀྱི་གསུང་དབྱངས་གཤེན་ལ་གནས་པར་མཛོད།།ཨ་ཨཱོཾ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཕྱག་བཅུ་དང་པོ་མཉམ་བཞག་ཐུགས་ཀར་སྦྲེལ།། གཡས་གཡོན་ཕྱག་མཐིལ་ཉི་ཟླའི་འཁོར་ལོ་ལ།། ཐབས་དང་ཤེས་རབ་ཨ་དང་མ་ཡིས་མཚོན།། གཡས་པས་རྒྱལ་མཚན་གཡུང་དྲུང་འཁོར་ལོ་འཛིན།། མི་ནུབ་མི་འགྱུར་ཆོ་འཕྲུལ་ཐོགས་པ་མེད།། གཡོན་པས་མདའ་གཞུ་ཞགས་པ་ལྕགས་ཀྱུ་འཛིན།། གཉིས་མེད་ཐུགས་རྗེས་ངན་སོང་གནས་ནས་འདྲེན།། ཐ་མས་ས་གནོན་འགྲོ་བ་སྐྱོབས་པའི་ཚུལ།། རང་དག་འོད་ཆེན་ཀུན་གཞི་ཉི་མའི་ཐུགས།། མ་རིག་མུན་པ་ཐམས་ཅད་གཏན་འཇོམས་ཤིང་།། ས་ལེ་ལྷན་ནེ་ངང་ཚུལ་དོན་ལ་དགོངས།། ཀུན་ཏུ་བཟང་པོ་བདེར་གཤེགས་ཐུགས་ཀྱི་ལྷ།། གཤེན་ལྷ་འོད་དཀར་ཐུགས་ལ་ཕྱག་འཚལ་བསྟོད།། ཁྱེད་ཀྱི་ཆོ་འཕྲུལ་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། དབུ་རྒྱན་ཐོད་རྡིང་རིན་ཆེན་འོད་དུ་འབར།། སྒྲ་རྒྱལ་སྙན་ཆ་གསེར་གཡུ་ལུ་གུ་རྒྱུད།། རིན་ཆེན་མགུལ་ཆུ་དོ་ཤལ་སེ་མོ་དོ།། གར་སྟབས་དཔུང་རྒྱན་གསེར་ཤེལ་ཉི་ཟླའི་འོད།།ཕྱག་གདུབ་ཞབས་གདུབ་རིན་ཆེན་ཆུན་པོ་རིས།། གཞའ་ཚོན་སྟོད་གཡོགས་སྨད་ཤམ་གུར་ཡོལ་ཅན།། རྣམ་པར་གསལ་བྱེད་སྐྱེ་འགྲོ་དགྱེས་པའི་རྒྱན།། ཡོན་ཏན་གནས་དག་སྟོང་གསུམ་ཁ་ལོ་བསྒྱུར།། སལེ་འོད་དེ་ངང་ཚུལ་དོན་ལ་དགོངས།། ཀུན་ཏུ་བཟང་པོ་བདེར་གཤེགས་ཡོན་ཏན་ལྷ།། གཤེན་ལྷ་འོད་དཀར་སྐུ་ལ་ཕྱག་འཚལ་བསྟོད།། ཁྱེད་ཀྱི་ངོ་མཚར་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཞབས་བཞི་མཉམ་བཞག་སྐྱེ་རྒ་ན་འཆི་གནོན།། སེང་གེ་གླང་ཆེན་རྟ་འབྲུག་ཁྱུང་གི་ཁྲི།། གདུལ་དཀའ་འདུལ་ནས་མཚན་མ་རང་སར་གྲོལ།། སྐྱེ་འགྲོ་སེམས་ཅན་ཐོག་མཐའ་མེད་པར་འཚོ།། བདག་དོན་ལྷུན་གྲུབ་གཞན་དོན་མཐའ་རུ་ཕྱིན།། ས་ལེ་ཡ་ལེ་ངང་ཚུལ་དོན་ལ་དགོངས།། ཀུན་ཏུ་བཟང་པོ་བདེར་གཤེགས་འཕྲིན་ལས་ལྷ།། གཤེན་ལྷ་འོད་དཀར་སྐུ་ལ་ཕྱག་འཚལ་བསྟོད།། ཁྱེད་ཀྱི་མཛད་སྤྱོད་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཐུགས་རྗེ་བྱམས་མ་སྐྱེ་འགྲོ་གསོ་བའི་མ།། ནམ་མཁའི་ལྷ་མོ་གསལ་བྱེད་གདོས་བྲལ་ཡུམ།། དབྱིངས་དང་ཡེ་ཤེས་སྐུ་དང་གྲིབ་མའི་ཚུལ།།ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་མཁའ།། ས་ལེ་ཁྲི་ལེ་ངང་ཚུལ་དོན་ལ་དགོངས།། ཀུན་ཏུ་བཟང་པོ་ཐབས་ཤེས་དབྱེར་མེད་ལྷ།། ཐབས་ཤེས་འདུ་འབྲལ་མེད་ལ་ཕྱག་འཚལ་བསྟོད།། ཁྱེད་ཀྱི་གདུང་སེམས་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཚད་མེད་དྲུག་གིས་འགྲོ་དྲུག་ཐབས་ཀྱིས་འདྲེན།། ཐུགས་རྗེ་བྱམས་དགའ་བཏང་སྙོམས་མཁྱེན་བརྩེ་རྒྱས།། རིགས་དྲུག་འཁོར་བའི་སྡུག་བསྔལ་མ་ལུས་སྐྱོབས།། ས་ལེ་མ་ལེ་ངང་ཚུལ་དོན་ལ་དགོངས།། ཀུན་ཏུ་བཟང་པོ་བདེར་གཤེགས་ཐབས་ཀྱི་ལྷ།། གཤེན་ལྷ་འོད་དཀར་སྐུ་ལ་ཕྱག་འཚལ་བསྟོད།། ཁྱེད་ཀྱི་ཐབས་མཆོག་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། དབྱར་དགུན་སྟོན་དཔྱིད་སྲིད་པ་རྒྱལ་མོའི་ཞལ།། ནམ་ཟླ་དུས་བཞིར་གནས་པའི་བཅུད་འཆང་ཞིང་།། སྣང་སྲིད་འཁོར་ལོ་ཐབས་དང་ཡིད་ཀྱིས་བསྒྱུར།། ས་ལེ་ལྷམ་མེ་ངང་ཚུལ་དོན་ལ་དགོངས།། ཀུན་ཏུ་བཟང་པོ་དུས་བཞི་གནས་འཛིན་ལྷ།། གཤེན་ལྷ་འོད་དཀར་སྐུ་ལ་ཕྱག་འཚལ་བསྟོད།། ཁྱེད་ཀྱི་རང་བཞིན་གཤེན་ལ་གནས་པར་མཛོད།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། དེ་ནས་ཚོགས་ལ་སྤྱན་འདྲེན་བྱ་སྟེ་འདི་སྐད་དོ།།ཨཱོྃ་གཤེན་ལྷ་འོད་དཀར་བདེར་གཤེགས་རྩ་བའི་ལྷ།། དུས་གསུམ་བདེར་གཤེགས་སྤྲུལ་པའི་འཁོར་དང་བཅས།། ཁྱེད་ལ་གསོལ་ཞིང་སྦྲིབས་སྐྱེམས་མི་མངའ་སྟེ།། བདག་ཅག་དད་པའི་སྟོབས་ཀྱིས་འབུལ་བ་ནི།། དབྱིངས་དང་ཡེ་ཤེས་སྦྱར་བ་དངོས་མེད་གསལ་བའི་ཚོགས།། མཁའ་དང་ཀློང་དུ་སྦྱར་བ་ཡངས་དོག་མེད་པའི་ཚོགས།། ཐབས་དང་ཤེས་རབ་སྦྱར་བ་འདུ་འབྲལ་མེད་པའི་ཚོགས།། ལྷ་དང་སྐྱེ་འགྲོ་སྦྱར་བ་གཉིས་མེད་མཉམ་པའི་ཚོགས།། ཡུལ་དང་ཤེས་པ་སྦྱར་བ་ཕྱི་ནང་མེད་པའི་ཚོགས།། ཡེ་ཤེས་དབྱིངས་ལ་རོལ་ཏེ་གཤེགས་སུ་གསོལ།། ཨ་ཨཱོྃ་ཧཱུྃ།ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ།དེ་ནས་ཚོགས་ཀྱི་ལོངས་སྤྱོད་ཐམས་ཅད་མཆོད་འབུལ་ལྷ་མོ་བརྒྱད་དུ་དམིགས་ལ་འབུལ་ཏེ་འདི་སྐད་དོ།། ཨཱོྃ་གསས་མཁར་ཡེ་ཤེས་ལྷ་ལ་མཆོད་འབུལ་མ།། གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་དང་གཏེར།། གར་སྟབས་སྒེག་མ་བྱེ་བ་ས་ཡ་འབུམ།། གླུ་དབྱངས་གར་སྟབས་ཚོམ་ཚོམ་སྟབས་བསྒྱུར་ནས།། ལྷ་སྐུ་འོད་ཟེར་ཨ་ལས་སྤྲོས་ནས་ཀྱང་།། དཀྱིལ་འཁོར་ཡེ་ཤེས་ལྷ་ལ་མཆོད་པ་འབུལ།།ཐུགས་རྗེས་བྱིན་རླབས་དངོས་གྲུབ་ཆར་ལྟར་ཕོབ། ཨ་ཨཱོྃ་ཧཱུྃ། ཟུར་ནམ་དེ་ཤོ་ཧ་ར་སད་སྭཧཱ།དེ་ནས་ཚོགས་ཀྱི་བཤགས་པ་འབུལ་ཏེ།ན་མོ་ཐོག་མ་མེད་ནས་ད་ལྟ་ཡན་ཆད་དུ།། མ་རིག་རྒྱུ་ལས་སྐྱེས་པའི་དུག་ལྔའི་ལས།། ཡིད་དང་ཉོན་མོངས་བློ་ཡི་རྣམ་རྟོག་གིས།། ལས་ངན་བག་ཆགས་རི་རབ་རྒྱ་མཚོ་འདྲ།། གནོང་འགྱོད་སེམས་ཀྱིས་ཡེ་ཤེས་ལྷ་ལ་མཐོལ།། དམ་ཅན་ཐ་ཚིག་ཅན་ལ་ཚོགས་ཀྱིས་བཤགས།། ཚངས་པ་ཚོགས་ཀྱི་དངོས་གྲུབ་སྩལ་དུ་གསོལ།། ཨུ་དུབ་དུབ་གཤའ་ཡ་ནི་སྭཧཱ།དེ་ནས་བསྟབ་པ་བྱ་སྟེ།ཨཱོྃ་འོད་དཀར་གནས་འཛིན་རྩ་བའི་ལྷ།། དུས་གསུམ་བདེར་གཤེགས་ཐུགས་རྗེ་ཡིས།། དགྲ་དང་རྐུན་མ་འཇབ་བུ་དང་།། ལྟས་ངན་དགྲ་དང་ཡ་མཚན་དང་།། ལོ་ཟླ་ཞག་དང་ཟ་ཀེགས་དང་།། རྨི་ལམ་ངན་དང་མཚན་མ་རྩུབ།། ལས་དང་ཉོན་མོངས་རྣམ་རྟོག་བགེགས།། བཟློག་བསྒྱུར་བསྒྲལ་ཞིང་མི་གནས་པར།། སྐྱེ་མེད་རོལ་པའི་དབྱིངས་སུ་བསྟབ།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨོཾ་འདུ། ཞེས་བསྟབས་ཤིང་འབུལ་ལོ། དེ་ནས་ཚོགས་ཕུད་ཆ་གཅིག་བཤམས་ལ། ཀུན་བཟང་དབྱིངས་ཀྱི་ཐུགས་དམ་བརྒྱུད་བསྐང་བྱ། བར་དེར་ཚོགས་ལ་རོལ། རྒྱུ་འབྲས་གཉིས་སུ་མེད་པའི་སྨོན་ལམ་བཏབ་སྟེ་འདི་སྐད་དོ།།ཨེ་མ་ཧོ།། ལོངས་སྤྱོད་ལྷ་ལ་རོལ་པ་ཡི།། རྒྱུ་དང་འབྲས་བུའི་ཚོགས་རྫོགས་ནས།། ལྷ་སྐུ་རིགས་སྟོབས་ཡེ་ཤེས་སྤྱན།། འདི་ཉིད་དུས་འདིར་ཐོབ་པར་ཤོག།། མ་རིག་མུན་པའི་རྒྱུས་བསྐྱེད་པའི།། ཉོན་མོངས་དུག་ལྔའི་དགྲ་ཚོགས་དང་།། ནད་དང་དུག་མཚོན་མུ་གེ་དང་།། སྡུག་བསྔལ་ལས་ཀྱི་དམག་ཚོགས་དང་།། ལྷ་སྲིན་བགེགས་ཀྱི་དཔུང་ཚོགས་དང་།། སྐྱེ་ཤི་ལས་ཀྱི་འདོར་ལེན་དང་།། མ་ཡིན་བྱེད་པོས་མི་བསླུ་བར།། སྐྱེ་མེད་ཡི་གེ་ཨ་དབྱིངས་སུ།། གཡུང་དྲུང་གཏམས་པའི་བྲག་ཐོག་ཏུ།། མི་ནུབ་རྒྱལ་མཚན་འཛུགས་པར་ཤོག།། ཅེས་སྨོན་ལམ་གདབ་པོ། ཨ་དཀར་ཚོགས་ཀྱི་ལས་རིམ་གྲུབ་པོ།དེ་ནས་དངོས་གྲུབ་བླངས་ཏེ།ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཨེ་མ་ཧོ།། རྒྱལ་བ་ཀུན་འདུས་ཀུན་ཏུ་བཟང་པོའི་སྐུ།། གུས་པས་ཕྱག་འཚལ་མོས་པས་གསོལ་བ་འདེབས།། ཐུགས་རྗེའི་སྤྱན་གྱིས་འགྲོ་དྲུག་དོན་གཟིགས་ལ།། དངོས་གྲུབ་བྱིན་རླབས་སྣ་ཚོགས་ཆར་ལྟར་ཕོབ།། ཨ་ཨཱོྃ་ཧཱུྃ། མི་འགྱུར་གཡུངདྲུང་སྐུ་ལྔ་ལྷུན་གྱིས་གྲུབ།། འགྱུར་མེད་སྐུ་ཡི་དངོས་གྲུབ་བསྩལ་དུ་གསོལ།། ཨ་ཨཱོྃ་ཧཱུྃ། མི་འགག་པདྨ་ཚངས་པའི་དབྱངས་དང་ལྡན།། འགག་མེད་གསུང་གི་དངོས་གྲུབ་བསྩལ་དུ་གསོལ།། ཨ་ཨཱོྃ་ཧཱུྃ། མི་འཁྲུལ་རྟོག་བྲལ་མཚན་མ་ཡོངས་དང་བྲལ།། འཁྲུལ་མེད་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ།། ཨ་ཨཱོྃ་ཧཱུྃ།འདོད་པ་ཀུན་འབྱུང་ཡིད་བཞིན་ནོར་བུའི་ཚུལ།། ལེགས་འབྱུང་ཡོན་ཏན་དངོས་གྲུབ་བསྩལ་དུ་གསོལ།། ཨ་ཨཱོྃ་ཧཱུྃ། མ་བརྩལ་ལྷུན་གྲུབ་རྩལ་ཆེན་སྟོབས་དང་ལྡན།། ལྷུན་གྲུབ་ཕྲིན་ལས་དངོས་གྲུབ་བསྩལ་དུ་གསོལ།།ཨ་ཨཱོྃ་ཧཱུྃ། བདག་དོན་ལྷུན་གྲུབ་གཞན་དོན་མཐའ་རུ་ཕྱིན།། སྐུ་གསུམ་མཐའ་རུ་ཕྱིན་པའི་དངོས་གྲུབ་བསྩལ་དུ་གསོལ།། ཨ་ཨཱོྃ་ཧཱུྃ། ཨཱ་ཨ་དཀར་སལེ་འོད་ཨ་ཡང་ཨཱོྃ་འདུ། ཞེས་དངོས་གྲུབ་བླང་ངོ་།། ཕུད་དང་གཏོར་མ་ཀུན་སྦྱང་སྤེལ་བྱ་ལ། མགྲོན་བཞི་སོ་སོར་ཡོངས་ལ་དམིགས་ལ་འདི་སྐད་དོ།།ཨཱོྃ་གཤེན་ལྷ་འོད་དཀར་བདེར་གཤེགས་རྩ་བའི་ལྷ།། དུས་གསུམ་བདེར་གཤེགས་སྤྲུལ་པའི་འཁོར་དང་བཅས།། དཔལ་མགོན་ལྷ་སྲིན་རིགས་དྲུག་བགེགས་ཀྱི་ཚོགས།། བཀའ་སྐྱོང་དམ་ཅན་སྲུང་མ་འཁོར་དང་བཅས།། ཁྱེད་ལ་དམིགས་ནས་དགྱེས་པའི་མཆོད་ཆེན་འབུལ།། གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་དང་གཏེར།། འདོད་པའི་ཡོན་ཏན་ལོངས་སྤྱོད་བསམ་མི་ཁྱབ།། ཏིང་འཛིན་སྔགས་དང་ཚིག་གིས་སྤེལ་ནས་འབུལ།། རྒྱལ་བ་མཉེས་ཤིང་དམ་ཅན་བསྐང་བ་དང་།། ལྷ་སྲིན་ཞི་ཞིང་འགྲོ་དྲུག་ཚིམ་པ་དང་།། བར་ཆོད་ཞི་ཞིང་བསོད་ནམས་ཐོབ་པ་དང་།།ཉམས་ཆག་བསྐང་ཞིང་གནོད་བྱེད་བཟློག་ནས་ཀྱང་།། བླ་མེད་གཡུང་དྲུང་གི་སྙིང་པོ་འཐོབ་པར་ཤོག།། ཨ་ཨཱོྃ་ཧཱུྃ། མུ་ཡེ་ཧ་ར་སད་དོ་ཐིམ་ཐིམ་ཡེ་ཐུན་ཨ། སད་དོ་ཧྲོ་ཡོ་ཐིམ་ཐིམ་ཡེ་ཐུན་ཨ། སད་མིན་སྣི་གྱད་ཐིམ་ཐིམ་ཡེ་ཐུན་ཨ། ཁྲི་ཙེ་དྲུག་སྣིས་ཞི་ལོ་ཐིམ་ཐིམ་ཡེ་ཐུན་ཨ།ཞེས་དམིགས་ལ་འབུལ་ལོ། དེ་ནས་བཀྲ་ཤིས་གསོལ་ཏེ། ཨེ་མ་ཧོ། ཀུན་ཁྱབ་བདེ་ཆེན་ཕྱོགས་རིས་མེད།། ཡོངས་ཁྱབ་བོན་སྐུའི་བཀྲ་ཤིས་ཤོག།། ངོ་བོ་མངོན་འགྱུར་མཁའ་ལྟར་དག།། ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག།། སྣ་ཚོགས་ངེས་མེད་འགྲོ་དོན་མཛད།། ཅིར་ཡང་སྤྲུལ་སྐུའི་བཀྲ་ཤིས་ཤོག།། ཉེ་ལམ་གཅིག་ཆོད་སྟོན་པར་མཛོད།། བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག།། བཤོས་ཆ་མང་ཐུན་ཡུ་ཏི་སོགས། ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག།། བར་ཆད་ཞི་ཞིང་བསྟན་པ་སྲུང་།། བོན་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག།། རྫོགས་རིམ་ནི། འོད་དང་ཡིག་འབྲུ་ལྷ་སྐུ་གཞལ་ཡས་ཁང་།། ཆུ་ཟླ་གཞའ་ཚོན་ལྟ་བུའི་དངོས་པོ་ཡང་།། ནམ་མཁའ་བོན་སེམས་དབྱིངས་སུ་རང་བཞིན་མེད།། ཨཿ ཞི་བ་ཨ་གསལ་འཕྲུལ་གྱི་ལྡེ་མིག་རྫོགས་སོ།།ཞེས་པ་འདི་ཡང་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་གྱིས་བཀྲ་ཤིས་སྨན་རིའི་ཁྲོད་དུ་བསྒྲིགས་པ་དགེའོ།།