༄༅༎ཁྲོ་བོ་རགྴ་སྤྱི་འདུལ་ཡང་གསང་དུ་སྒྲུབ་པའི་གཞུང་བཞུགས་སོ།།
གཡུང་དྲུང་ལྷ་ཡི་སྐད་དུ་ན། དམུ་རྫོངས་ཏནྡྲ་ན་མ་ཁོད་སྤུངས་སོ། །གང་ཟག་མི་ཡི་སྐད་དུ་ན༑ ཁྲོ་བོ་རྒྱལ་པོ་དྲེགས་པ་ཟིལ་གནོན་གྱི་སྒྲུབ་པ། ཁྲོ་རྒྱལ་སྤྱི་འདུལ་སྐུ་ལ་ཕྱག་འཚལ་ལོ། །འདི་ཉིད་སྒྲུབ་པའི་གནས་ནི། །རི་རྩེ་གཡའ་དང་གངས་ཀྱི་མགུལ། །དུར་ཁྲོད་གསང་བའི་སྒྲུབ་གནས་སུ། །བཀྲ་ཤིས་ས་ལ་མནྚལ་མདའ་གང་བཞེངས། །ཆག་ཆག་གདབ་ཅིང་ཐིག་ཀྱང་གདབ། །དབུས་སུ་གྲུ་གསུམ་མཐིང་ནག་བྲིས། །ཟླ་གམ་གསུམ་འབྱུང་དམར་པོ་བྱ། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་དང་། །དེ་རྒྱབ་ཉི་རི་ཟླ་རི་བྲིས། །གྲུ་ཆད་རྩིག་པ་སྒོ་དང་ལྡན། །མེ་རི་འོད་ཀྱིས་བསྐོར་བར་བྱ༑ ༑བུམ་པ་མཚན་ལྡན་དབུས་སུ་བཀོད། །མཚན་ལྡན་གཏོར་མ་རྒྱ་ཆེན་བཤམས། །ཤེར་ཤིང་ཕུར་བ་སྐུ་གཟུགས་བཀོད། །དམ་རྫས་སྒྲུབ་རྫས་གཞན་དང་འདྲ། །དེ་རྣམས་བསེ་ཁབ་ནང་དུ་བཅུག །སྒྲུབ་ཁང་སྟེང་དུ་བཞག་པར་བྱ། །དེ་ལྟར་རྫས་རྣམས་འཚོགས་པ་དང་། །དང་པོ་མཚམས་བཅད་ཏིང་འཛིན་བསྒོམ་ལ། བསྭོ། ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །གནས་འདིར་བར་གཅོད་མ་བྱེད་པར། །ས་ས་སོ་སོའི་གནས་སུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ང་ནི་རྔམ་ཆེན་ཁྲོ་བོའི་མཆོག །དགྲ་བགེགས་སྲེག་པའི་མེ་དཔུང་འབར། །ཕྱག་མཚན་མཚོན་ཆས་ལོག་འདྲེན་སྒྲོལ། །གསུང་གི་ང་རོས་ལྷ་སྲིན་འདུལ། །སྐུ་མཆོག་བྱེ་བ་འབུམ་དུ་སྤྲུལ། །ལོག་འདྲེན་བར་གཅོད་འཇོམས་པར་བྱེད། །ལུས་སྲོག་བྱེ་བ་འབུམ་དུ་གཏུབས། །སྙིང་ཁྲག་ཁ་རུ་འཇིབས་པར་བྱེད། །རྗེས་ཤུལ་མེད་པར་རྡུལ་དུ་རློགས། །བསྭོ་ཁྲོ་ཏ་ཧ་ལ་རཾ་ཐུན་ཆ་ལ་འདར་ཤག་ཡེ་ཐུན། གྱི་གྲན་ཤུ་ནིག་ཚལ་བ་དུམ་བུར་རྦད། །ཅེས་མཚམས་བཅད་དོ། །དེ་ནས་ཏིང་འཛིན་རྣམ་གསུམ་ནི། དང་པོ་སྟོང་ཉིད་ངང་ལས་མ་བཅོས་པར་བསྒོམ། འགྲོ་དྲུག་ཀུན་ལ་སྙིང་རྗེ་ཚད་མེད་བསྒོམ། བདག་གི་རིག་པ་བསྭོ་རུ་བསྒོམ། དེ་ལས་འོད་འཕྲོས་སྟོང་གསུམ་བཞུ་བཏུལ་བྱས། བདག་ཉིད་ཁྲོ་བོ་རགྴ་དབུ་འབུམ་ནི། དམར་ནག་ཁྲོས་པའི་ཆ་བྱད་ཅན། ཞལ་འབུམ་ན་མཆེ་བ་གཙིགས་པ། ཁྲག་གི་སྤྱན་མིག་གྱེན་ལ་ཟློག་པ། དབུ་འབུམ་ཐོག་ན་རྟ་དབུ་དམར་པོ་འབུམ། རྟ་སྐད་འཚེར་ཞིང་ཕུམ་ཕུམ་དམར་ནག་བསིགས་པ། བདུད་སྲིན་རྒྱལ་འགོང་ཁྲག་སྐྱུག་བྱེད་པ། ཕྱག་མཚན་ཉིས་འབུམ་མཚོན་ཆ་བསྣམས་པ། ཞབས་ཀྱིས་ངན་སོང་གདར་ཐག་གཅོད་པ། སྐུ་ལ་བསྐལ་བའི་མེ་དཔུང་འབར་བ། གནོད་བྱེད་འབྱུང་པོ་ཐམས་ཅད་བསྲེགས་པར་བསམ། མཚོན་ཆ་སྣ་ཚོགས་ཀྱི་དྲ་གུར་ཅན། གནོད་བྱེད་བྱད་མ་མ་ལུས་པ་སྒྲོལ་བར་བསམ། དེ་ལྟར་བསྐྱེད་ནས་སྤྱན་དྲངས་ལ་བསྟིམས་ཏེ་འདི་སྐད་དོ༎ བསྭོ། བོན་ཉིད་མི་འགྱུར་གཡུང་དྲུང་དབྱིངས། །ཡེ་ཤེས་འོད་དུ་གསལ་བའི་མཁའ། །བསྐལ་བའི་མེ་དཔུང་འབར་བའི་དབུས། །སྟོང་གསུམ་ཀུན་འདུལ་ཁྲོ་བོའི་སྐུ། །ཁྲོ་བོའི་རྒྱལ་པོ་རགྴ་སྤྱི་འདུལ་ནི། །ལོག་འདྲེན་དགྲ་བགེགས་འདུལ་སླད་དུ། །ཐུགས་རྗེ་རོལ་བ་སྤྱན་འདྲེན་ན། །དགྲ་བགེགས་འདུལ་ཕྱིར་གཤེགས་སུ་གསོལ། ། ཁྲོ་ཏ་ཀུ་རེ་ར་ཡོ་ཛཿ གཉིས་སུ་མེད་པར་དམ་ཚིག་པ་བདག་ཡེ་ཤེས་པ་ལ་བསྟིམ། དེ་ནས་ཕྱག་འཚལ་ཏེ། ན་མོ། སྒྲུབ་གཤེན་ལུས་ངག་ཡིད་གསུམ་གྱིས། །རྩེ་གཅིག་གུས་པས་ལུས་བཏུད་དེ། །རྔམ་ཆེན་རགྴ་སྤྱི་འདུལ་ལ། །ཕྱག་འཚལ་དང་བས་སྐྱབས་སུ་མཆི། །ཧེ་ཧེ་ན་མ་དེ་བ་ཧོ། དེ་ནས་བཞུགས་སུ་གསོལ་ཏེ། བསྭོ། ཁྱོད་ནི་ཁམས་གསུམ་འདུལ་བའི་སྟོབས་པོ་ཆེ། །དགྲ་བགེགས་དྲེགས་པ་འདུལ་བའི་དོན་སླད་དུ། །སྤྲུལ་བ་མྱུར་མགྱོགས་ཐུགས་རྗེའི་འོད་སྤྲོས་ཤིང་། །གཉིས་མེད་དོན་གྱིས་བརྟན་པར་བཞུགས་སུ་གསོལ། །བསྭོ་ཨཱོྃ་ཧེ་ཏི་སྟ་ལྷན། དེ་ནས་བཤགས་པ་བྱ་སྟེ། ན་མོ། དཔོན་གསས་བླ་མ་དང་། །བྱམས་མགོན་ཡི་དམ་ལྷ་རྣམས་དགོངས་སུ་གསོལ། །བདག་གི་དད་གུས་གདུངས་པ་ཡིས། །གསང་སྔགས་གསང་བའི་སྒོར་ཞུགས་ནས། །མི་དགེ་སྡིག་པའི་ལས་རྣམས་ཅི་བགྱིས་པ། །རྩ་བ་བཞི་དང་ཡན་ལག་ལྔ། །བདག་བགྱིས་གཞན་བཅོལ་སྡིག་པ་དང་། །དགེ་སྡིག་འཆོལ་བའི་ལས་རྣམས་སྤྱད། །ཁས་དྲག་ང་རྒྱལ་ཆེ་ནས་ཀྱང་། །བདག་འཛིན་རུ་ཏྲའི་གནས་སུ་གོལ། །ཁྲོ་རྒྱལ་སྤྱི་འདུལ་སྐུ་ལ་མཐོལ་ལོ་བཤགས། །ཡེ་ཤེས་སྤྱན་ཅན་ཁྱེད་ལ་བཟོད་པར་གསོལ། །ཧ་ཧ་ཧེ་ཧེ་སང་སང་གཤའ་ཡ་ནི་སྭཱཧཱ། དེ་ནས་ཕྱི་ནང་གསང་བའི་མཆོད་པ་འབུལ་ཏེ་བྱིན་གྱིས་རླབས་ལ་འདི་སྐད་དོ།། བསྭོ། ཁྲོ་ཆེན་སྤྱི་འདུལ་སྐུ་ལ་མཆོད་པ་འབུལ་བ་ནི། །བདག་ནི་དད་གུས་གདུངས་པ་ཡིས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས། །རྒྱན་ལྡན་མཛེས་པའི་རྣམ་ལྔ་དང་། །སྙན་པའི་རྔ་གཤང་དུང་གླིང་སྒྲ། །མཆོད་པའི་ལོངས་སྤྱོད་སྤྲིན་དཔུང་གཏིབས། །དྲེགས་པ་དགྲ་བགེགས་འདུལ་བའི་ཕྱིར། །ཁྲོ་བོ་རགྴའི་སྐུ་ལ་འབུལ། །བྱིན་གྱིས་རློབས་ལ་བཞེས་སུ་གསོལ། །ཧེ་ཧེ་ཟུར་ནམ་དེ་ཤོ་ལྷང་ངེ་སྭཱཧཱ། དེ་ནས་སྨན་མཆོད་འབུལ་ཏེ། བསྭོ། མཚན་ལྡན་བཀྲ་ཤིས་ཞལ་བུ་རུ། །གཡུ་འབྲང་བདུད་རྩི་ར་ས་ཡ། །རྩ་བ་བརྒྱད་ལ་ལོ་མ་སྟོང་། །གཡུ་འབྲང་བདུད་རྩི་དཔའ་བོ་ཆང་། །ཁྲོ་བོ་རགྴ་དབུ་འབུམ་དང་། །དྲེགས་པའི་མངའ་བདག་ཁྱེད་ལ་འབུལ། །གཡུང་དྲུང་བོན་སྐྱོང་སྲུང་མ་རྣམས་ལ་འབུལ། །ཐུགས་རྗེས་དགོངས་ལ་དངོས་གྲུབ་སྩོལ། །གཡུ་འབྲང་བདུད་རྩི་ལ་ཁ་ཧི། དེ་ནས་གཏོར་མ་འབུལ་ཏེ། བསྭོ། མཚན་ལྡན་བཀྲ་ཤིས་གཏོར་གཞོང་དུ། །ཞལ་ཟས་ལོངས་སྤྱོད་གཏོར་མ་ལ། །ཤ་ཁྲག་དཀར་མངར་འདོད་ཡོན་བརྒྱན། །ཁྲོ་བོ་རྔམ་ཆེན་ཟ་བྱེད་དང་། །ཡི་དམ་ལྷ་དང་བོན་སྐྱོང་རྣམས་ལ་འབུལ། །དྲེགས་པ་དབང་དུ་སྡུད་ཕྱིར་བཞེས་སུ་གསོལ། །ཁྲོ་ཏ་རགྴ་བྷ་ལིང་ཏ་ཁ་ཁ་ཁ་ཧི། དེ་ནས་རགྟ་འབུལ་ཏེ། བསྭོ། གཏི་མུག་རྩད་བཅད་ཤ་ཡི་རི་བོ་དང་། །འདོད་ཆགས་རྩད་བཅད་ཁྲག་གི་རྒྱ་མཚོ་བསྐྱིལ། །ཞེ་སྡང་རྩད་བཅད་རུས་པའི་ཁྲལ་ཁྲོལ་སྤུངས། །ལོག་རྟོག་རྩད་བཅད་དགྲ་བགེགས་ཤ་ཁྲག་འདི། །ཁྲོ་བོའི་རྒྱལ་པོ་སྤྱི་འདུལ་དང་། །བོན་སྐྱོང་སྲུང་མ་རྣམས་ལ་འབུལ། །དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ། །མ་ཧ་ཀྱང་ཀྱང་ཏིང་མུར་ལ་ཁ་ཧི། དེ་ནས་ཚོགས་མཆོད་འབུལ་ཏེ། བསྭོ། རྔམ་ཆེན་ཁྲོ་བོ་སྤྱི་འདུལ་དང་། །ཡི་དམ་ལྷ་དང་བོན་སྐྱོང་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །གཟུགས་སྒྲ་དྲི་རོ་རེག་རྒྱན་བོན་དང་གཏེར། །བཟའ་དང་བཅའ་དང་བཏུང་དང་བགོ། །མཆོད་པའི་ལོངས་སྤྱོད་ཟད་མེད་བཤམས། །དགྲ་བགེགས་ཤ་ཁྲག་རུས་པ་བཅས། །ཁྲོ་རྒྱལ་ཁྱེད་ལ་ཚོགས་སུ་འབུལ། །དགྲ་བགེགས་གྱི་གྲན་བསྒྲལ་ཕྱིར་བཞེས་སུ་གསོལ། །བསྭོ་ཧེ་ཧེ་བོང་ངེ་དུ་སམ་ཁ་ཧི། དེ་ནས་འཛབ་བགྲང་ལ། ཏིང་འཛིན་ནི། བདག་ཉིད་སྐད་ཅིག་གིས་ཁྲོ་རྒྱལ་རགྴ་སྤྱི་འདུལ་དབུ་གསུམ་འབུམ་ཕྱག་ཉིས་འབུམ་ཞབས་ཉིས་འབུམ་རྣམས་སྐུ་བསྟོད་ཇི་བཞིན་གསལ་བར་བསྒོམ། དེའི་ངང་ལ་བསྙེན་པ་བཟླས་ཏེ། བསཱོ་རཾ་རཾ། ཨ་རཾ་རཾ་། རགྴ་བསྭོ་ཧ་ཧ་རཾ་རཾ། ར་ཡོ་ཛཿ དེ་ལྟར་སྐུའི་སྙིང་བོ་འབུམ་དུ་བགྲང་ན། ཁྲོ་བོའི་ཞལ་ཡང་མཐོང་། དེ་ནས་གསུང་གི་སྙིང་བོ་བཏགས་ལ་བགྲང་། བསྭོ་རཾ་རཾ། ནཾ་ཁྲི་ཡཾ་ཡཾ་རཾ་རཾ་སད་སད་ཧ་ཧ་ཐིས། འབུམ་དུ་བགྲང་ན་བདག་གི་ལུས་ལ་མེ་འབར་བ་འབྱུང་། གཞན་ཡང་མེའི་མཚན་མ་འབྱུང་། དེ་ནས་ཐུགས་ཀྱི་སྙིང་བོ་བཏགས་ཏེ་བགྲང་། བསཱོ་རཾ་ཐུན་རཾ་ཐུན། མ་ཙ་དུ་ཧ་ཡ་ཤ་ལ་ན། རཾ་རཾ་ཛ་ཛ་རྦད་རྦད་ཐུན་ཐུན། རགྴ་ཐུན་རུ་ཏྲ་ཐུན་ར་ཙ་ཏྲི་དུ་ནན། རཾ་ར་ཙ་མ་དུ་སྙིང་ལ་རགྴ་ཐུན་རཾ་རཾ་སོད་སོད། ཨ་ཡ་མ་ར་ཙ་ཏྲི་ཕུ་རུ་ཛཿ འདི་ཉིད་འབུམ་དུ་བགྲང་ན། ལྷ་སྲིན་དྲེགས་པ་བརྒྱལ་བར་འགྱུར། དེ་ནས་འཛབ་བསྟོད་འབུལ་ཏེ། བསྭོ། བསྐལ་བ་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །དྲེགས་པ་བསྣོལ་བའི་གདན་སྟེང་དུ༑ ༑ཁྲོ་བོ་རགྴ་དབུ་འབུམ་ནི། །སྐུ་མདོག་དམར་ནག་མེ་དཔུང་འབར། །དབུ་འབུམ་སྲིད་པའི་རྩེ་ནས་གཟིགས། །ཕྱག་འབུམ་མཚོན་ཆས་ཁམས་གསུམ་སྒྲོལ། །ཞབས་འབུམ་ན་རག་དམྱལ་བ་གནོན། །དྲེགས་པ་ཐམས་ཅད་དབང་དུ་བསྡུད། །སྟོང་བདུད་དམར་ནག་ལས་ལ་འགྱེད། །སྔོན་ཚེ་གོང་ནས་བསྙེན་པའི་ལྷ། །འཛབ་དང་སྙིང་བོའི་མཆོད་པ་འབུལ། །དྲེགས་པ་དབང་དུ་སྡུད་པ་དང་། །བདག་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་འཛབ་བསྟོད་འབུལ་ལོ། །དེ་ནས་སྐུ་བསྟོད་ནི། བསྭོ། བོན་ཉིད་མི་འགྱུར་ཡེ་ཤེས་ཀློང་། །བསྐལ་བའི་མེ་དཔུང་འབར་བའི་དབུས། །གཏུམ་རྔམ་དྲག་པོ་འཁྲོས་པའི་གསས་མཁར་ན། །ཁྲོ་བོ་རགྴ་དབུ་འབུམ་ནི། །ངང་ལ་ཞི་བར་བར་བཞུགས་པའི་ཚེ། །རྔམ་ཆེན་སྟག་ལྷ་མེ་འབར་སྐུ། །དྲག་པོའི་སྐུ་རུ་བཞུགས་ཙམ་ན། །ཁྲོ་བོ་རྒྱལ་པོ་སྤྱི་འདུལ་རྗེ། །སྐུ་མདོག་དམར་ནག་འཁྲོས་པའི་ཆ་བྱད་ཅན། །དབུ་འབུམ་རྔམ་པ་འཇིགས་པའི་གཟུགས། །ཞལ་འབུམ་མཆེ་བ་གཙིགས་པ་ཡིས། །དགྲ་བགེགས་དོན་སྙིང་དམར་དུ་འདྲེན། །ཁྲག་མིག་དམར་པོ་ལྡོག་པ་ཡིས། །སྣང་སྲིད་དྲེགས་པ་བརྒྱལ་དུ་འཇུག །རལ་བ་ཁམ་དམར་གྱེན་ལ་འཁྱིལ། །བསྐལ་བའི་མེ་དཔུང་འབུམ་ཕྲག་འཕྲོ། །དབུ་ཡི་ཐོག་ན་རྟ་དབུ་དམར་པོ་འབུམ། །འཚེར་སྐད་སང་སང་ལྷང་ལྷང་འདོན། །ཕུམ་ཕུམ་དམར་པོ་བསིགས་པ་ཡིས། །བདུད་སྲིན་རྒྱལ་འགོང་ཁྲག་སྐྱུག་བྱེད། །རྟ་དབུའི་སྟེང་ན་ཁྱུང་དབུ་དམར་པོ་འབུམ། །ཁྱུང་སྐད་ལྷང་ལྷང་འཚེར་བ་ཡིས། །གནོད་བྱེད་འབྱུང་པོ་སྒྲོལ་བར་བྱེད། །མཆེ་སྡེར་རྣོན་པོས་ས་བདག་ཀླུ་གཉན་སྙིང་ནས་འདྲེན། །གཡས་པ་འབུམ་ན་མཚོན་ཆ་འབུམ། །གེ་ཤན་དགྲ་བགེགས་སྐྱེ་ཤིའི་རྩ་བ་གཅོད། །གཡོན་པ་འབུམ་ན་རི་རབ་དཔའ་རྡོ་འབུམ། །ལྷ་སྲིན་སྡེ་བརྒྱད་རྡུལ་དུ་རློག །ཞབས་ཀྱི་མཐེབ་ཆུང་རྣམ་གཉིས་ཀྱིས། །སྲིད་པའི་རྩེ་ནས་དམྱལ་བའི་གདར་ཐུག་པར། །ཐམས་ཅད་མ་ལུས་དབང་དུ་སྡུད་པར་བྱེད། །སྐུ་ལ་བསྐལ་བའི་མེ་དཔུང་འབར། །བསྐལ་བ་བཅོ་བརྒྱད་སྲེག་པར་བྱེད། །གསུང་གི་ང་རོ་ལྷང་ལྷང་སྒྲོགས། །ལྷ་གནས་དམྱལ་བ་ཡན་ཆད་བརྒྱལ་ཞིང་བསྔངས། །ཞལ་གདངས་ཚེམས་ནི་ནམ་མཁར་གཙིགས་པ་ཡིས། །དཔལ་མགོན་སྡེ་བརྒྱད་ཞལ་དུ་གསོལ། །ཞབས་འགྲོས་གྱད་སྟབས་བགྲད་པ་ཡིས། །དྲེགས་ཚོགས་གདུག་པ་ཐམས་ཅད་གནོན་ཅིང་གཟིར། །སྐུ་ལ་ཚ་ཚ་དམར་པོ་འཕྲོས། །ལྷ་སྲིན་དྲེགས་ཚོགས་གནོད་པས་མི་ཚུགས་འདུལ། །ཁྲོ་ཆེན་སྤྱི་འདུལ་སྐུ་ལ་ཕྱག་འཚལ་བསྟོད། །ཏིང་མར་ཤ་ཁྲག་དམར་གྱི་གཏོར་མ་འབུལ། །ཁྱེད་ཀྱི་ཐུགས་རྗེ་མཐུ་སྟོབས་ཀྱིས། །བདག་ལ་དངོས་གྲུབ་རྣམ་གཉིས་སྩོལ། །དྲེགས་པ་དབང་དུ་སྡུད་པ་དང་། །སྟོང་བདུད་ལ་སོགས་ཕྱག་བརྙན་ལས་ལ་ཆུགས། །མི་མཐུན་རྐྱེན་རྣམས་བཟློག་ཏུ་གསོལ། །བྱད་དང་ལྟས་ངན་བཟློག་ཏུ་གསོལ། ལྷ་སྲིན་སྡེ་བརྒྱད་གདུག་པ་བཟློག་ཏུ་གསོལ། །དེ་ནས་ཡུམ་བསྐུལ་ཏེ། བསྭོ། དེ་དང་གཉིས་མེད་འཁྲིལ་བའི་ཡུམ་ཆེན་ནི། །ཡུམ་ཆེན་མུ་ལེ་ཁ་ལེ་ཀུན་ཁྱབ་མ། །དབུ་སྟོང་ཕྱག་སྟོང་ཡུམ་གྱི་སྐུ། །མཐིང་ནག་རིན་ཆེན་མུན་གཏིབས་མ། །གཡས་པ་སྟོང་ན་མཚོན་ཆ་སྣ་ཚོགས་དགྲ་ལ་འཕེན། །གཡོན་པ་སྟོང་ན་མཆོད་པ་སྣ་ཚོགས་ཡབ་ལ་སྟོབས། །ཞབས་སྟོང་ཡབ་ཤིན་ཏུ་འཁྲིལ། །ཁྲོ་མོ་རིན་ཆེན་དབུ་སྟོང་མ། །ཁམས་གསུམ་གསོལ་བའི་ཞལ་ཁ་མ། །སྲིད་གསུམ་སྒྲོལ་བའི་ཕྱག་མཚན་ཅན། །སྟོང་གསུམ་སྒྲོལ་བའི་ལས་མཁན་མོ། །དྲེགས་པ་འདུལ་བའི་མཐུ་མོ་ཆེ། །ཡུམ་ཆེན་མུ་ལེ་སྐུ་ལ་ཕྱག་འཚལ་བསྟོད། །མི་མཐུན་ལོག་པའི་བར་ཆོད་རྐྱེན་རྣམས་ཟློག །ཐན་ངན་བྱད་ཁ་ཕུར་ཁ་བཟློག་ཏུ་གསོལ། །སྡང་བའི་དགྲ་དང་གནོད་པའི་བགེགས། །དབང་དུ་བསྡུས་ལ་རྡུལ་དུ་རློགས། །བསྭོ་ཨཱོྃ་ཁྲོ་ཏ་མ་མ་གྱེར་ཏྲི་དྲ་མ་སྤུངས་སོ་རམ་ཡེ་སྭཱཧཱ། ཞེས་བསྐུལ་ལོ། །དེ་ལྟར་ཁྲོ་བོ་དྲག་པོའི་སྤྱི་འཆིང་འདི་ལྟ་བུ་དང་མ་ལྡན་ན། །སྟོང་བདུད་དམར་ནག་སྤུ་གྲི་དང་། །སྟག་གདོང་དྲེགས་པ་བསྒྲུབས་པ་ན། །བྱིས་པས་སྤུ་གྲིར་རྩེ་བ་འདྲ། །དམྱལ་ཐག་གཅོད་པར་ཐེ་ཚོམ་མེད། །དེའི་ཕྱིར་འདི་དང་ལྡན་པར་བྱ། །འདི་ལ་སྣོད་མེད་སྟོང་གཞུང་རེ་བ་དང་། །དམ་ཉམས་ཕལ་གྱིས་འདི་འདོད་ནས། །འདི་ཉིད་བསྟེན་ན་སྲོག་དང་འབྲལ། །སྲོག་བྲལ་ཤི་ནས་དམྱལ་བར་འགྲོ། །ཁྲོ་བོ་རགྴ་སྤྱི་འདུལ་རྟ་དབུ་ཅན་གྱི་གཞུངཿཕུང་བོན་ཉིད་ཀྱི་ཐུགས་དམཿ གཅེས་ཏེ་གཏེར་ཁ་ཀུན་ཏུ་སྦས་རྒྱཿ རྒྱཿ རྒྱཿ། གཏེར་ཤོག་སྨུག་པོ་མཐོ་གང་ལ། །སྔ་ལྷེ་ཕྱི་ལྷེ་གཉིས་ལ་ཡིག་འཕྲེང་དགུ་བཅུ་གདའ་བ་ལ། །དག་པར་གུ་གེར་བརྒྱུད། །ཉི་ཟེར་རྡུལ་ལྟར་རྒྱས་འཕེལ་ནས། །དུས་མཐའི་བར་དུ་འགྲོ་དོན་བྱེད་པར་ཤོག །བོན་གྱི་བསྟན་པ་དར་ཞིང་རྒྱས་པར་ཤོག །དེ་ནས་ཁྲོ་རྒྱལ་དབུའི་གཟིགས་ཚུལ་བསྟོད་པ་ནི། བསྭོ། བསྐལ་བ་མེ་དཔུང་འབར་བའི་གསས་མཁར་ན། །ཁྲོ་བོ་རྒྱལ་པོ་མི་བཟད་གཟིགས་མཛད་པ། །དབུའི་གཟིགས་རྟགས་བསྟན་པ་ནི། །དབུ་ཁྲིས་སྟེང་དུ་གཟིགས་པ་ནི། །སྟེང་ཕྱོགས་ལྷ་བདུད་འདུལ་བའི་རྟགས། །ཨཱོྃ་ལྷ་བདུད་འདུལ་བ་འགྲུབ་གྱུར་ཅིག །དབུ་ཁྲིས་ཤར་དུ་གཟིགས་པ་ནི། །བདུད་སྲིན་དྲི་ཟ་འདུལ་བའི་རྟགས། །ཨཱོྃ་དྲི་ཟ་འདུལ་བ་འགྲུབ་གྱུར་ཅིག །དབུ་ཁྲིས་བྱང་དུ་གཟིགས་པ་ནི། །བདུད་སྲིན་གནོད་སྦྱིན་འདུལ་བའི་རྟགས། །ཨཱོྃ་གནོད་སྦྱིན་འདུལ་བ་འགྲུབ་གྱུར་ཅིག །དབུ་ཁྲིས་ནུབ་ཏུ་གཟིགས་པ་ནི། །བདུད་སྲིན་ཀླུ་དབང་འདུལ་བའི་རྟགས། །ཨཱོྃ་ཀླུ་དབང་འདུལ་བ་འགྲུབ་གྱུར་ཅིག །དབུ་ཁྲིས་ལྷོ་རུ་གཟིགས་པ་ནི། །བདུད་སྲིན་གཤིན་རྗེ་འདུལ་བའི་རྟགས། །ཨཱོྃ་གཤིན་རྗེ་འདུལ་བ་འགྲུབ་གྱུར་ཅིག །དབུ་ཁྲིས་ལྷོ་ཤར་མཚམས་སུ་གཟིགས་པ་ནི། །མེ་ལྷ་ཕོ་མོ་ལས་ལ་འཇུད་པའི་རྟགས། །ཨཱོྃ་ལས་ལ་འཇུད་པར་འགྲུབ་གྱུར་ཅིག །དབུ་ཁྲིས་བྱང་ཤར་མཚམས་སུ་གཟིགས་པ་ནི། །དབང་ལྡན་ཕོ་མོ་ལས་ལ་འཇུད་པའི་རྟགས། །ཨཱོྃ་ལས་ལ་འཇུད་པར་འགྲུབ་གྱུར་ཅིག །དབུ་ཁྲིས་བྱང་ནུབ་མཚམས་སུ་གཟིགས་པ་ནི༑ ༑རླུང་ལྷ་ཕོ་མོ་ལས་ལ་འཇུད་པའི་རྟགས། །།ཨཱོྃ་ལས་ལ་འཇུད་པར་འགྲུབ་གྱུར་ཅིག །དབུ་ཁྲིས་ལྷོ་ནུབ་མཚམས་སུ་གཟིགས་པ་ནི། །སྲིན་པོ་ཕོ་མོ་ལས་ལ་འཇུད་པའི་རྟགས། །།ཨཱོྃ་ལས་ལ་འཇུད་པར་འགྲུབ་གྱུར་ཅིག །དབུ་ཁྲིས་འོག་ཏུ་གཟིགས་པ་ནི། །ཀླུ་གདོན་ཕོ་མོ་འདུལ་བའི་རྟགས། །།ཨཱོྃ་ཀླུ་གདོན་འདུལ་བ་འགྲུབ་གྱུར་ཅིག །ཁྲོ་རྒྱལ་འཇིགས་གཏུམ་ཆེ་ལ་ཕྱག་འཚལ་བསྟོད། །༧བསྭོ། ཁྱོད་ནི་ནན་ཏན་འཁྲོས་ཤིང་འཚིགས་པའི་ཚེ། །གསེར་གྱི་རི་བདུན་ཚོགས་པོར་འཕེན། །རོལ་བའི་མཚོ་བདུན་སྐེམ་པར་བྱེད། །དབལ་མགོན་བདུན་ཅུ་ཞལ་དུ་འཆའ། །རིགས་དྲུག་སེམས་ཅན་ལྟོ་རུ་མིད། །བགེགས་རིགས་བྱེ་བ་ཚོགས་པོར་འཕེན། །ལྷ་སྲིན་སྡེ་བརྒྱད་ཞལ་དུ་འཆའ། །ཞལ་ནས་བསྭོ་ཆ་ཧ་ཧེའི་སྒྲ་ཆེན་སྒྲོགས། །སྲིད་གསུམ་ཁམས་གསུམ་གཡོ་ཞིང་འཁྲུགས། །ཁྲོ་ཆེན་དཔའ་རྟགས་འཇིགས་ཚུལ་འབུམ་དང་ལྡན། །འབུམ་ལྡན་ཁྱེད་ལ་ཕྱག་འཚལ་བསྟོད། །བདུད་སྲིན་དྲེགས་པ་འདུལ་མཛད་པ། །ཐུགས་རྗེ་ཡོན་ཏན་ཚོགས་མངའ་བས། །བདག་ལ་དབང་བསྐུར་བྱིན་གྱིས་རློབས། །ཐུགས་རྗེས་བསྟན་པ་གཉན་པོ་བསྲུངས་བའི་ཕྱིར། །གཞལ་ཡས་གསས་མཁར་དབྱིངས་ནས་སྐུ་བཞེངས་ལ། །ལོག་རྟོག་དགྲ་བགེགས་ཐལ་བ་རྡུལ་དུ་རློག །དམ་རྫས་བདུད་རྩི་འབར་བའི་གཏོར་མ་འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད། །ཅེས་བསྐུལ་ལོ། །ཁྲོ་བོ་རགྴ་དབུ་འབུམ་ཡང་གསང་རྟ་དབུའི་འཕྲིན་ལས་གབ་པའི་ཡིག་ཆུང་། །ཕུང་བོན་ཅི་རེ་འདི་ལ་རེ། རྒྱ་རྒྱ་རྒྱཿ དམར་ལམ་གཤམ་དུ་གསད་ཟློག་གི་སྔགས་འདི་གདག་གོ །སྤྱི་སྔགས་ཡིན། བསཱོ་ཨེ་ཧུར་ཐུམ་ཛ་རྦད་བྷྱོ་ཟློག ཡ་མ་བྷྱོ་ཟློག མ་མ་རུ་ལུ་བྷྱོ་ཟློག ཏི་ར་ཏི་ཀ་བྷྱོ་ཟློག གེ་དུ་རུ་ཏྲ་བྷྱོ་ཟློག རགྴ་རག་མོ་བྷྱོ་ཟློག ཡགྴ་ཡག་མོ་བྷྱོ་ཟློག སད་ཝེར་རགྴ་བྷྱོ་ཟློག ཏྲི་ར་ཙ་བྷྱོ་ཟློག ར་ཙ་ཡ་མ་བྷྱོ་ཟློག མུན་མུན་ཏྲི་བྷྱོ་ཟློག བཛྲ་སད་བྷུ་བྷྱོ་ཟློག ཧཾ་ཤམ་ཏྲི་བྷྱོ་ཟློག ན་ག་ཕུ་རྣ་བྷྱོ་ཟློག རྣྲི་ཏྲི་རུ་ཏྲ་བྷྱོ་ཟློག རུ་ཏྲ་བྷྱོ་ཟློག བྱད་མ་གནོད་བྱད་ཀྱི་སྙིང་ལ་མ་ར་ཡ་བྷྱོ་ཟློག དེ་ལྟར་འདི་ལ་བརྩོན་གྱུར་ན། །དམོད་བྱད་ལྷ་འདྲེ་གནོད་པ་ཐམས་ཅད་ཟློག་པར་འགྱུར་རོ། །ཕུང་བོན་བདག་གི་སྙིང་དང་འདྲ་བའི། ཏིང་འཛིན་བསྒོམ་པ་དང་། ཟློག་པའི་ཐེམ་ཡིག་ཨུ་ཡཿ གསང་ཞིང་སྤྱད་ན་དངོས་གྲུབ་འབྱུང་། ཨགཾྠ བྦབྦཥཥབྦཿ ༿ ཨབཾྠ༾ ཐ་ཚན་མུ་ཙུག་སྨྲ།།།