༄༅།།གཡུང་དྲུང་བོན་གྱི་ཞྭ་དཀར་ལས་འཕྲོས་པའི་དཔྱད་གཏམ།

文摘   2024-09-06 12:48   青海  

རྩོམ་ཁུངས། ཧི་བོན་ཟིན་བྲིས།  རྩོམ་པ་པོ། ཁྱུང་ཤེས་རབ། 


   མདོ་སྔགས་སེམས་གསུམ་གྱི་ཞྭ་ཡི་རྣམ་བཤད་མང་དུ་ཡོད་ཀྱང་མདོ་བསྡུས་ཤིག་བརྗོད་པར་བྱ་བ་ལ་ཞྭ་དཀར་གཡུང་དྲུང་བོན་ཟེར་བའི་གོ་དོན་འདི་ལ་བསམ་ན་ཞྭ་དཀར་པོ་འདི་བོན་པོའི་ཞྭ་ཡིན་པ་ཚིག་འདི་བརྗོད་མ་ཐག་ནས་ཧ་གོ་ནུས་པ་རེད། འོན་ཀྱང་བླ་ཆེན་དྲན་པ་ནམ་མཁའི་ཞྭ་བཤད་པི་ཝང་དྲུག་འགྱུར་ལས་ཅུང་ཙམ་འཕྲོས་ན། སྔོན་ཚེ་སྟོན་པ་གཤེན་རབ་ཀྱིས། རྒྱུ་ཡི་བོན་བཞི་སྤྱོད་པ་ལ། བཀའ་རྟགས་ཞྭ་འདིས་བསྟན་པ་བཞག ཞྭ་ལ་ཐུགས་རྗེས་བྱིན་གྱིས་རླབས། ཞྭ་དཀར་གང་འོད་འབར་བ་གྲགས། ཞེས་གསུང་པས། ཞྭ་དཀར་པོ་འདི་གཡུང་དྲུང་བོན་དང་འབྲེལ་བ་ཐོག་མ་དེ། སྟོན་པ་གཤེན་རབ་ཀྱིས་བྱས་ཡོད་པ་ལུང་དེས་གསལ་བར་བསྟན་འདུག ཞྭ་དེའི་མཚན་ལ་ཞྭ་དཀར་གང་འོད་འབར་བ་ཞེས་ཞྭ་དེའི་མཚན་གྱི་ཐོག་མ་དེ་ནས་དབུ་བརྙེས་པར་སེམས། ཕྱིས་སུ་ཞྭ་དེ་ལ་མིང་གི་ཆ་དང་བཟོ་སྟངས་ཀྱི་ཆ་ནས་རྣམ་པ་འགྱུར་ལྡོག་མང་པོར་སོང་ཡོད་པར་སུས་ཀྱང་བསྙོན་དུ་མེད། དཔེར་ན་གཤེན་ནམ་མཁའ་སྣང་མདོག་གིས་བོན་གཤེན་རྣམས་ལ་ཞྭ་ཁྲལ་ཕབ་ཅེས་པའི་སྐབས་སུ་མདོག་ཞྭ་སྣང་སྲིད་རྒྱན་རྫོགས་གསོལ། དེ་རྗེས་སྲིད་ཞྭ་བཀྲ་ཤིས་འབར་བ་ཞེས་པ་དང་ཞྭ་ཆུང་དྲེག་པ་དབང་བསྡུས། སྔགས་ཞྭ་བདུད་འདུལ་དཀར་པོ། མཁས་ཞྭ་དཀར་པོ་རྩེ་རྒྱལ་། དབང་ཞྭ་ཁྱུང་གཤོག་ལྡིང་པ། དབལ་ཞྭ་འབར་བ་རྩེ་གསུམ། མཐུ་ཞྭ་སྲིད་གསུམ་ཟིལ་གནོན། ཞྭ་དཀར་རྒྱལ་མཚན་མངོན་གསལ། ཞེས་ནམ་མཁའ་སྣང་བ་མདོག་ཅན་ནས་གྲུབ་ཐུབ་སྣང་བཞེར་ལོད་པོའི་བར་སྐབས་ཐབས་ཀྱི་སྒོ་ནས་རིམ་པར་འགྱུར་ཡོད། ཡང་སྔགས་གྱི་ཞྭའི་སྐོར་ལ། ཡོངས་འཛིན་འབེལ་གཏམ་ལུང་གི་སྙིང་པོ་ལས། སྔགས་ཆས་ནི།   གར་རྨོག   པྲོག་ཞུ། ཁྱུང་ལྡིང་མ། དཀར་མོ་རྩེ་རྒྱལ། སྟག་ཞུ། གཤེན་ཞུ།   ཞེས་ཞྭ་སྣ་མི་འདྲ་བ་དྲུག་ཙམ་གསུང་འདུག ད་དུང་གཞན་ནས་སྒོམ་ཞུ། དར་དཀར་ཅོག་ཞུ། རིགས་ལྔ། བོན་ཞྭ་སོགས་མང་དུ་བཤད་སྲོལ་ཡོད།  པྲོག་ཞུ་དང་ཅོག་ཞུ་གཉིས་སྟོན་པ་རྒྱལ་སར་ཕྱུང་ནས་རབ་ཏུ་མ་བྱུང་པའི་བར་དུ་གསོལ་ཡོད་པར་སྣང་། རྫོགས་ཆེན་གྱི་ཞྭ་འདི་ཞེས་མཁས་པ་གཞན་གྱིས་ངོས་བཟུང་བྱས་པ་མ་མཐོང་ཡང་ཕ་ཆེར་གོང་གི་སྒོམ་ཞུ་ཞེས་པ་འདི་འཇོག་ན་ཨི་འཐད་སྙམ་ཡང་དཔྱད། ཡང་དེ་ཉིད་ལས།  འདུལ་ཆས་སྐོར།  ཞེས་པ་ནས་པད་ཞུ་མ་གཏོགས་ཞྭ་གཞན་དབྱེ་བ་མ་གསུང་།  པད་ཞུ་འདི་ལ་ནང་གསེས་ཀྱི་དབྱེ་བ་འདབ་བརྒྱད་པ་ཅན་དང་འདབ་དྲུག་པ་ཅན་འདབ་བཞི་པ་ཅན་རྣམས་ཕྱེས་སྲོལ་འདུག འདི་དང་ཐོག་སྟོན་པ་གཤེན་རབ་གཤེན་ལོ་སོ་གཅིག་བཞེས་སྐབས་རབ་ཏུ་བྱུང་དུས། ན་བཟའ་གོས་དྲུག་ལྷས་གནང་ཞེས་པའི་ནང་ནས་གཅིག་ཡིན། གོང་ནས་ཞྭ་དཀར་གཡུང་དྲུང་བོན་ཞེས་པས་ཞྭ་དཀར་དེ་དེང་སོང་ཁྱོད་ཀྱིས་གང་ལ་འཇོག་ཅེ་ན། དཀར་མོ་རྩེ་རྒྱལ་དང་ཁྱུང་ལྡིང་མ་རྣམས་རེད་སྙམ།  ཞོར་འཕྲོས་གོང་གི་ཞྭ་ཁྱུང་ལྡིང་མ་ལ་བརྡ་དོན་བཅོ་བརྒྱད་ཚང་སའི་ཁྱད་བོན༡༨ནི།  ༡གཞི་མ་ཕྱིང་དཀར། ༢ཕྱི་གཡོག་དཀར་པོ། ༣བག་ཕྱེས་འདབ་སྦྱར། ༤རྒྱབ་ཕྱོགས་ཚུར་ལ་གཞོལ་བ། ༥མདུན་ཕྱོགས་དགྱེ་ཞིང་བརྗིད་པ། ༦རྩེ་ཕུག་སྟོང་བར་ཡོད་པ། ༧དཔྲལ་བར་ནོར་བུ་རྩེ་གསུམ། ༨མཐའ་ཆ་ཕྱི་ནང་སྦྲག་པ། ༩གཡས་གཡོན་ཁྱུང་གཤོག་བརྐྱང་འདྲ། ༡༠མཐའ་གཡོག་དམར་པོ་བྱས་པ། ༡༡རྟག་གཟིག་གཅན་སོགས་བརྒྱན་པ། ༡༢མཐའ་རན་ནག་པོ་བྱས་པ། ༡༣མགུར་ཆིང་སྔོ་ལྗང་འཕུར་མ། ༡༤ཁ་དོག་ལྔ་ལྡན་རྒྱལ་མཚན། ༡༥ཁ་རན་གྱེན་ལ་བསྟན་པ། ༡༦ཚོན་སྐུད་སྣ་ལྔས་དཀྲིས་པ། ༡༧གསེར་གྱི་གཡུང་དྲུང་བཀའ་རྟགས། ༡༨བོན་གྱི་དར་ཞྭ་དཀར་མོ་བརྩི་གཞི་བྱས་པས་བཅོ་བརྒྱད་བཅས་བརྩིས་ན་མ་གཏོགས་བཅོ་བརྒྱད་གྲངས་མི་ཚང་བའི་སྐྱོན་འབྱུང་གི་ཡོད་སྙམ་ནས་གཅིག་འདིས་ཁ་སྐོང་བྱས་པ་ཡིན་ཡང་དེ་ལས་གཞན་འདྲེན་རྒྱུ་ཡོད་ན་ཀློག་པ་པོ་རྣམས་ཀྱིས་མཛུབ་སྟོན་གནོང་རོགས་ཞུ། །དེ་ལས་གཞན་རྩེ་ཞྭ་ཞེས་པ་ཞིག མེད་ན་མི་ཆོག་རྒྱུ ཡོད་ན་མི་འགྲིགས་རྒྱུ། དེ་ལ་ཅུང་ཙམ་དཔྱད་ཁུལ་བྱས་ན།  རྩ་རྒྱུད་ཉི་ཟེར་སྒྲོམ་མ་ལས།  བདུད་ང་མིན་ཆོས་པོས། ཕྱར་བུ་སེར་པོ་ལུས་ལ་གྱོན། གྲུམ་ཙེ་ཞྭ་གཙུག་མགོ་ལ་གོན།  ཞེས་དང་།  ཞྭ་བཤད་པི་ཝང་དྲུག་འགྱུར་ལས།  རྩེ་གྲུམ་རྩེ་འཁྱོག་རྩེ་འགུག་དང་། ལེབ་མོ་གོར་མོ་པར་བུའི་མགོ།  མཆུ་ཅན་རྔོག་ཅན་ལྟག་འཕྱང་ཅན།  དེ་རྣམས་རབ་ཏུ་སྤང་བར་བྱ། དེ་རྣམས་གྱོན་ན་བོན་བསྟན་ནུབ།  ཅེས་གསུངས་སོ།  དེས་ན་འདི་བདུད་ཞྭ་ཡིན་པ་ལུང་གིས་གྲུབ་འདུག  འོན་ཀྱང་ཞྭ་འདི་མདོ་དབུས་ཁམས་གསུམ་གྱི་བོན་པོ་ལྟ་ཅི་བན་བོན་རིས་མེད་ཀྱིས་སྒྲིག་ཞྭ་བྱས་པ་མ་ཟད་འདི་མེད་ན་འཚོགས་ལ་འགྲིམས་མི་ཆོག་པའི་ལུགས་སྲོལ་གཏན་པོ་འདྲ་ཆགས་ཡོད། འདི་ཡང་ང་ཚོས་མིའི་ལད་མོ་བྱས་པ་ལས་ཁུངས་ལུང་ཡང་དག་ཡོད་མེད་ཆ་མ་འཚལ། དེ་ལྟ་བུའི་ལུགས་སྲོལ་དེ་མུ་མཐུན་ནས་རྒྱུད་འཛིན་བྱས་བསྡད་ན་ནམ་ཞིག་བོན་པོ་ཚོ་བདུད་ལ་འཆོས་མཁན་གང་མང་མང་ཞིག་ཡོང་ས་རེད།  དཔེ་ཆགས་བཞག་ན་དེང་དུས་བོད་ཕྲུག་འགར་རྒྱ་མ་བོད་རེད་ཟེར་སྟངས་ཤིག་ལ་ལྟོས་དང་། ཁོའི་ལུས་ལ་རྒྱ་གོས་ཞིག། ཁོའི་སེམས་ཡང་རྒྱ་སེམས་ཞིག། ཁོའི་གཏམ་ཡང་རྒྱ་སྐད་རང་བཤད་པས་རེད། དེ་བཞིན་དུ་ང་ཚོ་བདུད་རེད་ལོས་བརྫོ། གནའ་སྔ་མོ་བོན་པོས་དམར་མཆོད་བྱེད་ཟེར་བ་དང་གཅིག  དུས་དེང་སོང་བདུད་ཆས་རྒྱག་པ་དང་གཉིས།  ད་དུང་ལས་རྒྱུ་འབྲས་ལ་བློ་བརྟན་ཕེར་མཁན་ཉུང་བ་སོགས་གང་ས་ཅི་ཐད་ནས་བཤད་ན་ཆེས་ཡ་ང་ཞིག་མ་རེད་དམ། འདིའི་བྱུང་ཁུངས་ནང་པའི་གཡུང་དྲུང་བོན་གྱི་སྲོལ་འབྱེད་སྐྱེས་མཆོག་སྟོན་པ་གཤེན་རབ་ཀྱིས་མ་བསྟན། རྒྱ་གར་གྱི་ཤཀྱ་ཐུབ་པས་བསྟན་ཡོད་མེད་གསལ་པོ་ཞིག་ཧ་གོ་མ་བྱུང་།  གལ་སྲིད་ཆོས་ལུགས་པ་ཞིག་ཡིན་ན་ཆོས་ལུགས་རང་རང་དང་མཐུན་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་འཇུག་པ་ལས་གང་བྱུང་བྱུང་བེད་སྤྱད་ན་བབ་ཆོལ་འགྲོ་ཞེས་པའི་ལུང་དོན་མ་ཁྲོལ་བ་ཨི་ཚུགས་ཁོ་ནའི་རྗེས་སུ་འབྲེང་བ་ལས་གཞན་རྒྱུ་མཚན་ཅི་ཡང་མི་འདུག་སྙམ། །འོ་ན་སྔར་ནས་ད་བར་མི་འདོད་ཤུ་གོན་འདུག་པའི་རྒྱུ་མཚན་འདྲ་བཤད་རྒྱུ་ཨི་ཡོད་ཅེ་ན།  དེ་སྔོན་མ་ཞིག་ནས་གོན་སྲོལ་མེད་དེ། སྟོན་པ་གཤེན་རབ་དང་དེའི་རྗེས་འཇུག་བོན་གཤེན་གང་གི་ཚེ་ལ་རྩེ་ཞྭ་བསྟན་པ་མི་སྣང་ངོ་། དེང་སོང་གོན་དགོས་དོན་ནི་བར་སྐབས་ཤིག་ལ་ཚུར་བཙན་དབང་གིས་བཀོན་ཡོང་བ་དེར་རྗེས་ནས་ཕར་རོག་པ་བྱེད་པའི་རྣམ་པ་ཞིག་མཚོན་པ་ལས་གཞན་རྒྱུ་མཚན་གང་ཡང་མེད།

དེ་མིན་ཆོས་ལུགས་ཀྱི་རྣམ་བཞག་བཤད་རྒྱུ་མེད་པའི་རང་ཁའི་མི་དཀྱུས་མ་ཞིག་ལ་མཚོན་ནའང་ཡུལ་སྲོལ་གོམས་གཤིས་ཡབ་མེས་ཀྱི་སྲོལ་བཟང་རང་རིགས་ཀྱི་ལ་རྒྱ་སོགས་ལྡོག་ཏུ་མེད་པའི་འགན་འཁྲི་རབ་དང་རིམ་པ་སྣ་ཚོགས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཁུར་དགོས་པ་ལོས་ཡོད།  དཔེར་ན་ཨ་བྲས་ཁྱོག་ཚོད་ཀྱི་མདའ། སྲེ་མང་ཁྱག་ཚོད་ཀྱི་མདུང་ཞེས་པ་ལྟར་རེད། གོང་གི་བླ་ཆེན་གྱི་དགོངས་དོན་ལ་ཡང་ཡང་བསམ་ནས་རྩེ་ཞྭ་འདི་ལ་ཁ་ཕྱོགས་གཞན་པ་ཞིག་དང་ལམ་ལུགས་གསར་པ་ཞིག་ཨི་ཡོད་སྙམ་ཡང་ལུང་དོན་དེ་ལས་ཁ་དབྲལ་ཐབས་མེད་པ་ཞིག་ཅི་ནས་ཀྱང་རེད་མི་འདུག་གམ། འོན་ཀྱང་བདག་གི་རྣམ་དཔྱོད་དམན་ཞིང་མཐོང་རྒྱ་ཆུང་བས་རེ་ཞིག་བསྐྱར་ཟློས་ཙམ་ལས་ཀུན་ལ་སྨན་པའི་སྒོ་འཕར་དེ་ཕྱེ་མ་ནུས ༢༠༡༡་༥་༢༠་ཉིན་བྲིས།།  །།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章