སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་ཚུལ།
རྩོམ་གྱི་ཡོང་ཁུངས། གཏོ་ཡི་བཀའ་སྒྲོམ། རྩོམ་པ་པོ། དཔོན་སློབ་བསྟན་འཛིན་རྣམ་དག
སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་ཚུལ་མཁན་ཆེན་ཉི་མའི་ཕྱག་ལེན་ལྟར་ལ། འགའ་ཞིག་དོགས་པའི་གཞི་ཆེན་པོ་གྱུར་འདུག་པས་ཅུང་ཟད་དག་བཅོས་ཀྱི་ཞབས་ཞུ་འབུལ་བ་ལ། དེ་ཡི་ཕྱག་བཞེས་ལྟར་བསྡུས་འབྲིང་རྒྱས་པའི་སྐབས་དང། གཟུངས་རྫོང་ལྟར་བསྡུས་འབྲིང་རྒྱས་པའི་སྐབས་རྣམས་སུ་མཆོད་རྟེན་དང་ལྷ་སྐུ་ཡི་གནས་ལྷན་དུ་སྦྱར་སྐབས་ཅུང་མི་མཐུན་པ། དང་གོང་དང་བུམ་དཀྱིལ་ཞེས་པ་དང་། ཐུགས་ཁ་དང་མགུལ་ཆུ་ཞེས་པ་དང། ལྟེ་བ་དང་བུམ་གཤམ་ཞེས་པ་དང། ལྟེ་བ་དང་མགུལ་ཆུ་ཞེས་སོགས་ཅུང་མི་མཐུན་པས་འཛབ་ཆེན་དང་གཟུངས་སོགས་གནས་སོ་སོར་མ་ངེས་ན་འཇོག་སྟབས་མི་བདེ་བས། ཉིད་ཀྱི་དགོངས་དོན་གཙོ་བོ་གཟུངས་གཞུག་འབྲིང་པོའི་ཕྱག་ལེན་གཙོར་བྱས། རྒྱས་པ་བསྣན། བསྡུས་པ་འཕྲི་བའི་གོ་རིམ་དུ་བྱས་འདུག་སྟབས། གཟུངས་གཞུག་འབྲིང་པོའི་ཕྱག་ལེན་ལྟར་སྐུ་བརྙན་དང་མཆོད་རྟེན་གྱི་གནས་སྦྲག་སྟངས་གཙོར་བྱས་ན། དེ་ཉིད་ལས་སྐུ་བརྙན་གྱི་གནས་ལྔ་དང། མཆོད་རྟེན་གྱི་ཆར་ཁེབས། བྲེ་བུམ་དཀྱིལ་མགུལ་ཆུ་བང་རིམ་རྣམས། ཞེས་དང། ཐུགས་ཀའི་དང་གོང་དང་བུམ་སྟོད་ལ། ཞེས་དང། ཐུགས་ཀ་དང་བུམ་པའི་དཀྱིལ། ཐུགས་ཀའི་འོག་དང་བུམ་གཤམ་ལ། ལྟེ་བ་དང་མགུལ་ཆུ། གསང་གནས་དང། བང་རིམ་བཞི་པ། སྐུ་བརྙན་གྱི་སྐྱིལ་ཀྲུང་དང། མཆོད་རྟེན་གྱི་བང་རིམ། དེ་འོག་སྐུ་བརྙན་གྱི་ཞབས་སམ་མཆོད་རྟེན་གྱི་གདུང་ཆེན་ཐད་ནས་ཞབས་བསྡམ་མོ།། མཚམས་དར་གྱིས་བཀག དེ་འོག་སྐུ་བརྙན་གྱི་པད་གདན་དང། རི་རབ་ཀྱི་སྟོད་ཆ་སྟེ་གདུང་ཆེན། དེ་ཡི་འཕྲོ་ནས་མཆོད་རྟེན་གྱི་རི་རབ་དང་ལྷ་ཡི་ཁྲི་ཁང་ངམ་ཁྲི་མིག་སྦྱར། མཆོད་རྟེན་གྱི་ཁྲི་འཕང་དང་ལྷ་ཁྲིའི་འོག་གི་བང་རིམ་རྣམས་སྦྱར་ཏེ་གཟུངས་དང་འཛབ་ཆེན་སོགས་འབུལ་ཚུལ་གསུངས་པ་ཡིན་པ་ལ་མནོ་ལེགས་པར་བཏང་ན་གསལ། དཔྱད་ན་ལྷ་ཡི་པད་གདན་དང་ཁྲི་མིག་འོག་གི་བང་རིམ་ནང་དུ་གཟུངས་སོགས་འཚངས་ཀ་བརྒྱབས། ཁྲི་མིག་ཆེན་པོ་མཆོད་རྟེན་གྱི་རི་རབ་ཀྱི་ཐད་སྟོང་པ་འཇོག་དུས་ཅི་བསམ། ལག་ལེན་གསལ་བྱེད་ལས། དེའི་ཞབས་སུ་གཏེར་བུམ་རྣམས། ཞེས་དང། དེ་འོག་ཁྲི་འཕང་བཞི་པའི་སྟོད་ཆ་སོགས་ནས་གཟུངས་གཞུག་འབྲིང་པོ་འབུལ་ཚུལ་སྐབས་འདིར་དོགས་པ་ཟ་བའི་གཞི་དང། དོགས་པའི་རྒྱུ་མཚན་གཉིས། དང་པོ་ནི། ཁ་ཅིག་གིས། གཟུངས་འབུལ་བསྡུས་པ་ལས། པད་གདན་གྱི་སྟོད་ངག་རི་རབ་ཀྱི་སྟོད་ཆར། སོགས་ནས་དེའི་ཤར་དུ་ལྷ་ཆེན་ཚངས་པ་སོགས་ནས་དཔལ་མགོན་བུམ་པ། ཁྲི་འཕང་སོགས་ནས་ཞབས་བསྡམ། ཞེས་དང། གཟུངས་འབུལ་རྒྱས་པ་ལྟར་ཁྲི་འཕང་བཞི་པའི་སྟེང་དུ་མཚམས་དར་གྱིས་བཅད་པའི་ཐོག་ཏུ་པད་གདན་དང་སྨད་ཆར་གདོན་སྦྱིན་འཁོར་ལོ་སོགས་རྣམ་རྒྱལ་བུམ་པ། པད་གདན་དང་རི་རབ་ཀྱི་སྟོད་ཆར་གདུང་ཆེན་ལ། བོན་སྐྱོང་དང་རྣམ་ལྔ། སྐུ་བརྙན་གྱི་ཞབས་སམ་མཆོད་རྟེན་གྱི་གདུང་ཆེན་ཐད་ནས་ཞབས་བསྡམ་མོ།། མཚམས་དར་གྱིས་བཀག ཅེས་དང། གཟུངས་རྫོང་བསྡུས་པ་ལྟར། པད་གདན་སྟོད་དང་རི་རབ། ཅེས་དང། གཟུངས་རྫོང་ལྟར་འབྲིང་པོའི་ལུགས་ལས། པད་གདན་དང་རི་རབ་ཀྱི་སྟོད་ཆར། དེ་འོག་གཏེར་བུམ་གྱི་ནང་རྫོང་མགོན་ཆེན་རྣམ་དགུ། ཞེས་སོགས་དང། གཟུངས་རྫོང་རྒྱས་པ་ལྟར། པད་གདན་དང་རི་རབ་གཏེར་བུམ་ཞེས་སོགས་གསུངས་པ་ལྟར། དོགས་གཞི་དང། དེས་ན་པད་གདན་ལ་སྟོད་སྨད་གཉིས་སུ་བྱས་་པའི་སྟོད་ཆར་བོན་སྐྱོང་ཚོགས་ཀྱི་གཟུངས་གཞུག་ལག་ལེན་ལྟར་དང། སྨད་དུ་རྣམ་རྒྱལ་བུམ་པ་རྣམས་གཞུག་དགོས་པའི་ཕྱིར། མཁན་ཆེན་གྱི་ཕྱག་ལེན་ཟིན་བྲིས་སུ་བཀོད་པ་འདི་རྣམས་ཀྱི་དགོངས་པ་ཡིན་པའི་ཕྱིར་ཟེར་ནས་ལག་ལེན་ཡང་དེ་ལྟར་བྱས་སོ།། རང་གིས་དེ་ལ་འདི་ལྟར། ལྷ་སྐུ་ལ་བཞུགས་ཁྲི་ཡོད་པ་དང་མེད་པ་གཉིས། མེད་པ་ལ་གཟུངས་གཞུག་འབུལ་ཚེ་པད་གདན་ལ་སྟོད་སྨད་གཉིས་སུ་ཕྱེ་ནས་སྟོད་དུ་གདུང་ཆེན་ལྟར་བོན་སྐྱོང་རྣམས་ཀྱི་གཟུངས་གཞུག་འབུལ་རྒྱུ་དང། སྨད་དུ་རྣམ་རྒྱལ་གྱི་བུམ་པ་སོགས་འཕྲོ་རྣམས་གཞུག་རྒྱུ་ཡིན་པར་ངེས། བཞུགས་ཁྲི་ཡོད་པའི་སྐུ་བརྙན་གྱི་གཟུངས་གཞུག་འབུལ་ཚུལ་ནི། གཟུངས་འབུལ་འབྲིང་པོ་ལྟར། སྐུ་བརྙན་གྱི་པད་གདན་དང། རི་རབ་ཀྱི་སྟོད་དུ་གདུང་ཆེན་ལ་ཙན་དན་ནམ་ཤུག་པའི་སྲོག་ཤིང་ཐུང་ངུ་ཞིག་གི་སྟེང་དུ། སོགས་དང། དེའི་སྨད་དུ་དཔལ་མགོན་བདུན་ཅུ་རྩ་གཉིས་ཀྱི་སྙིང་པོ་དར་དཀར་པོས་དྲིལ། དེའི་ཞབས་སུ་ཞེས་ཁྲི་མིག་ཏུ་རྟགས་བརྒྱད་ནོར་བདུན་གྱི་ཁྱི་རི་སོགས་ནས་མ་ནོར་བར་བཀོད། དེའི་ཞབས་སུ་གནོད་སྦྱིན་ཕོ་མོའི་འཁོར་ལོ་རྒྱས་འབྲིང་གང་ཤོང་མ་འཛོལ་བར་གཞུག དེ་གཉིས་ཀྱི་བར་དུ་གཏེར་བུམ་བཞག གཏེར་བུམ་གྱི་བར་སྟོང་རྣམས་སུ་ཞེས་སོགས་གསུངས་པའི་དོན། པད་གདན་གྱི་ཞབས་སུ་གསུངས་པ་རྟ་མཆོགའཁོར་ལོས་བརྒྱན་པའི་ཁྲི་མིག་ནང་ལ་གོ་རྒྱུ་ཡིན་པའི་ཕྱིར། ད་དུང་ཁོང་རྣམས་ན་རེ། གཟུངས་འབུལ་རྒྱས་པ་ནས། པད་གདན་དང་སྨད་ཆར་གནོད་སྦྱིན་འཁོར་ལོ་རྒྱས་པ་ཁ་སྦྱར་བའི་སྟེང་དུ་སོགས་གསུངས་པས་པད་གདན་དུ་བུམ་གཏེར་གཞུག་པ་ལས་ཁྲི་རུ་མིན་ནོ་སྙམ་ན། མཁན་ཆེན་རང་གིས་བཞེངས་ཤིང་ཕྱག་ལེན་བྱས་པའི་སྨན་རིའི་རྒྱལ་བ་རྩེ་ཡི་རྣམ་རྒྱལ་གྱི་སྐུ་བརྙན་ལ་གཟུངས་གཞུག་ཕུལ་ཚུལ་རྣམ་ཐར་དུ། བཞུགས་ཁྲི་དང་པད་གདམ་མཚམས་འབྱེད་པའི་འཁྲུལ་འཁོར་རྩིས་ཀྱི་གབ་རྩེ་བཀོད་པ། དབུས་སུ་༼དབུས་སུ་ཞེས་ཁྲི་ཡི་དབུས་ཡིན་གྱི། པད་གདན་གྱི་དབུས་སུ་གཟུངས་གཞན་བཅུག་ཟིན་པའི་ཕྱིར།༽བུམ་པ་ཡུལ་གྱི་འབོ་གསུམ་ཤོང་བ་ཆེན་པོ་དང། སོགས་ནས་འཚོགས་པར་བསགས་པར་བཞུགས། པད་གདན་ནང་དུ་གསང་སྔགས་རྫོང་འཕྲང་ལས་བྱུང་བའི་དྲེགས་པ་ཟིལ་གནོན་སྡེ་བརྒྱད་དབང་སྡུད་ཀྱི་འཁོར་ལོ་རྫས་དང་ལྡན་པ་དང། མཆོད་པ་རྣམ་ལྔ་ལ་སོགས་གསུངས་པ་ལས་བུམ་གཏེར་གཞུག་མ་གསུངས། གཞན་ཡང་རྣམ་རྒྱལ་སྐུ་བརྙན་དེ་ཡི་དཀར་ཆག་ལ་ཡང་བཞུགས་ཁྲིའི་ནང་དུ་རྣམ་རྒྱལ་བུམ་པ་བཞུགས་རྒྱུ་གསལ་བར་གསུངས་ཡོད་པས་དེར་བལྟའོ།། རང་གིས་མཇལ་མྱོང་བའི་ཉི་མས་བཞེངས་པའི་རྣམ་རྒྱལ་སྐུ་བརྙན་གྱི་པད་གདན་དུ་འབོ་གསུམ་ཞེས་མི་ཁུར་ཆེ་རབ་ཅིག་གི་བུམ་པ་ཤོང་བའི་ས་ཡང་ཡོད་པ་མ་རེད། གོང་གསལ་གྱི་ཕྱག་ལེན་རྣམས་ལ་ཞིབ་ཏུ་བརྟག་པ་བྱེད་ནས་ཁྲི་མིག་ཏུ་རྣམ་རྒྱལ་བུམ་པ་གཞུག་རྒྱུ་ཡིན་པ་གོའོ། དེ་ལྟར་ཡིག་དོན་ལ་མ་བརྟགས་པར་སུས་བྱས་སོགས་མི་ཡི་ངོ་ལ་མི་དཔྱད་པ་མཁྱེན་མཁྱེན།།
ཕྱོགས་ཞེན་ནད་གཞིས་ཟིན་པ་ལ། །
དྲང་བདེན་རིགས་པའི་སྨན་བྱིན་ཡང། །
ཟ་བ་མི་གནང་སྣ་ཡང་གཉེར། །
ཞལ་ཡང་ཀྱོག་ཀྱོག་ངང་དུ་བཞུགས། །
ཚུལ་འདིར་ཡ་མཚན་མི་བརྩི་སྟེ། །
དུས་ཀྱི་རྣམ་པའི་ཆོས་ཀྱིས་བསྒྱུར། །
ད་དུང་རང་གཤིས་དྲང་པོའི་ལྕགས། །
སྣ་ཚོགས་ཚོན་གྱིས་བསྒྱུར་ནུས་མིན། །ཞེས་སོ།།
གཞུང་རྣམས་ལས་ཇི་ལྟར་གསུངས་པ་ཟུར་དུ་བཀོད་པ། སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་འབུལ་འཕྲུལ་གྱི་ལྡེ་མིག་ལས། སྐུ་བརྙན་དང་མཆོད་རྟེན་སྦྱར་ཏེ་བཤད་པ། གཙུག་ཏོར་དང་ཏོག དཔྲལ་བ་དང་ཆར་ཁེབས། སྙན་དཀྱུས་དང་བྱ་རུ། ཤངས་དང་སྟོབས་འཁོར། མགུལ་དང་སྲོག་ཤིང། མགྲིན་པའི་སྨད་དང་བྲེ། ཐུགས་ཀའི་དང་གོང་དང་བུམ་པའི་དཀྱིལ།༼བུམ་སྟོད།༽ ཐུགས་ཀ་དང་མགུལ་ཆུ།༼བུམ་དཀྱིལ།༽ཐུགས་ཀའི་ཞབས་དང་བང་རིམ། ལྟེ་བ་དང་བང་རིམ། ལྟེ་འོག་དང་ཁྲི་འཕང་བཞི་པ། སྐྱིལ་ཀྲུང་དང་རྨེང་གཞི། ཞེས་སྦྱར་བ་དང་། གཟུངས་གཞུག་བསྡུས་པ་འབུལ་ཚུལ་ལག་ལེན་ལྟར། ཐུགས་ཀའི་དང་གོང་དང་བུམ་སྟོད་ལ། ཞེས་དང་། ཐུགས་ཀ་དང་བུམ་པའི་དཀྱིལ་དུ། ཞེས་དང་། ལྟེ་བ་དང་བུམ་གཤམ་ནས་མགུལ་ཆུའི་བར། ཞེས་དང་། གསང་གནས་དང་བང་རིམ་དང་ཞེས་དང་། དེ་འོག་སྐུ་བརྙན་ལ་ཞབས་བསྡམས། མཆོད་རྟེན་གྱི་གདུང་ཆེན་ཐད་ནས། མཚམས་དར་གྱིས་བཀག ཅེས་གསུངས། པད་གདན་གྱི་སྟོད་དང་རི་རབ་ཀྱི་སྟོད་ཆར། ཞེས་དང་། དེའི་ཤར་དུ་ལྷ་ཆེན་ཚངས་པ་སོགས། དཔལ་མགོན་བུམ་པ། ཁྲི་འཕང་སོགས་ནས་ཞབས་བསྡམས། ཞེས་དང་། གཟུངས་གཞུག་རྒྱས་པ་ལྟར། ཁྲི་འཕང་བཞི་པའི་སྟེང་དུ་མཚམས་དར་གྱིས་བཅད་པའི་ཐོག་ཏུ། པད་གདན་དང་སྨད་ཆར་གནོད་སྦྱིན་འཁོར་ལོ་སོགས་རྣམ་རྒྱལ་བུམ་པ། པད་གདན་དང་རི་རབ་ཀྱི་སྟོད་ཆར་གདུང་ཆེན་ལ། བོན་སྐྱོང་དང་རྣམ་ལྔ། སྐུ་བརྙན་གྱི་ཞབས་སམ་མཆོད་རྟེན་གྱི་གདུང་ཆེན་ཐད་ནས་ཞབས་བསྡམ་མོ། །མཚམས་དར་གྱིས་བཀག དེ་སྟེང་སྐྱིལ་ཀྲུང་དང་བང་རིམ་དང་པོ། གསང་གནས་དང་བང་རིམ་བཞི་པ། ལྟེ་བ་དང་མགུལ་ཆུ། ཐུགས་ཀའི་འོག་དང་བུམ་གཤམ་ལ། ཞེས་དང་། ཐུགས་ཀ་དང་བུམ་པའི་དཀྱིལ། ཐུགས་ཀའི་དང་གོང་དང་བུམ་སྟོད་ལ། མགྲིན་པ་དང་བྲེ། མགུལ་གྱི་སྟོད་དང་སྲོག་ཤིང་། ཤངས་དང་སྟོབས་འཁོར། དཔྲལ་བ་དང་ཆར་ཁེབས། གཙུག་ཏོར་དང་ཏོག་བཅས་པ་དང་། གཟུངས་རྫོང་བསྡུས་པ་ལྟར། ཐུགས་ཀའི་དང་གོང་དང་བུམ་སྟོད། ཐུགས་ཀ་དང་བུམ་དཀྱིལ། ལྟེ་བ་དང་བུམ་གཤམ། གསང་གནས་དང་བང་རིམ། པད་གདན་སྟོད་དང་རི་རབ། ཁྲི་འཕང་དང་པོ། གཟུངས་རྫོང་ལྟར་འབྲིང་པོའི་ལུགས། ཐུགས་ཀའི་དང་གོང་དང་བུམ་སྟོད་དུ། ཞེས་དང་། ཐུགས་ཀ་དང་བུམ་པའི་དཀྱིལ་དུ། ཞེས་དང་། ཐུགས་ཀའི་འོག་དང་བུམ་གཤམ་དུ། ལྟེ་བ་དང་མགུལ་ཆུ། གསང་གནས་དང་བང་རིམ་བཞི་པ་ལ། པད་གདན་དང་རི་རབ་ཀྱི་སྟོད་ཆར། དེ་འོག་གཏེར་བུམ་གྱི་ནང་རྫོང་མགོན་ཆེན་རྣམ་དགུ། ཞེས་སོགས་ནས། དེ་འོག་ཁྲི་འཕང་བཞི་པའི་སྟོད་ཆ་སོགས་དང་གཟུངས་རྫོང་རྒྱས་པ་ལྟར། ཐུགས་ཀའི་དང་གོང་དང་བུམ་སྟོད་ལ། ཐུགས་ཀ་དང་བུམ་པ། སྐྱིལ་ཀྲུང་དང་བང་རིམ་དང་པོ། པད་གདན་དང་རི་རབ་ཀྱི་གཏེར་བུམ་ཞེས་སོགས་ཁྲི་མེད་པ་ལའོ།། །། སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་ལས་བཤུས། ཐ་ཚན་མུ་ཙུག་སྨར་རོ།།