རྨ་རྒྱལ་བསང་མཆོད་བཞུགས་སོ།།
བསྭོ། ས་ཆུ་མེ་རླུང་ནམ་མཁའི་དབྱིངས་རིམ་གྱི། །རང་བཞིན་ལྷུན་རྫོགས་ཉམས་དགའི་ཕོ་བྲང་གི །སྐྱེ་འགྲོའི་ཚེ་བཀྲག་སྡུད་པའི་གནས་མཆོག་ནས། །ཕྱི་ནང་བོན་གྱི་བསྟན་སྲུང་གཏེར་གྱི་བདག །སྐྱེ་མཆོག་རྒྱལ་བོ་རྨ་རྒྱལ་བོམ་ར་ནི། །སྐུ་མདོག་དཀར་གསལ་དུང་འོད་ལམ་སེ་ལམ། །དབུ་ལ་གསེར་རྨོག་སེར་པོ་ཟངས་སེ་ཟང་། །ཉི་ཟླ་ནོར་བུའི་དབུ་རྒྱན་སི་ལི་ལི། །བྱ་རུ་ཁྱུང་རུ་ལྡེམ་དར་ཀྱུགས་སེ་ཀྱུག །ཐོག་ཆེན་གློག་གི་ཅོད་པན་འུ་རུ་རུ། །སྐུ་ལ་འཇའ་ཚོན་ན་བཟའ་ལྷུབས་སེ་ལྷུབ། །སྐེད་ལ་སྟག་རལ་གཟིག་ཤུབ་ཁྲ་ལ་ལ། །ཕྱག་གཡས་རྦ་མདུང་དར་དཀར་ཡུགས་སེ་ཡུག །ལྷ་སྲུང་གཉན་གྱི་དམག་བསྐུལ་འུ་རུ་རུ། །ཕྱག་གཡོན་བདུད་རྩིའི་བུམ་པ་ཀྱི་ལི་ལི། །སྣང་སྲིད་བཅུད་བསྡུས་ཟིལ་ཐིག་ཤ་ར་ར། །རྣལ་འབྱོར་ཚེ་གཡང་བཅུད་སྤེལ་མེ་རེ་རེ། །ཆིབས་སུ་ངང་དཀར་གཡུ་རྔོག་ཞངས་སེ་ཞང་། །དབལ་བོན་འཕྲིན་ལས་དོན་གྲུབ་ཀྱི་ལི་ལི། །ཀླད་ན་ཁྲ་གླག་རྒོད་འགྱེད་ཅུམས་སེ་ཅུམ། །རྗེས་སུ་སྟག་དང་གཟིག་འགྲོས་བྲངས་སེ་བྲང་། །སྲོད་དུ་རྟ་དང་རྐྱང་འདྲོལ་ཁྲ་ལ་ལ། །བཙན་རྟ་འབྲོང་དང་གཡག་འདྲོལ་སྲོ་ལོ་ལོ། །སྡོངས་སུ་དྲལ་པོ་མཆེད་བརྒྱད་ད་ལ་ལ། །གྲོགས་སུ་ལྕམ་མོ་མ་དགུ་རུགས་སེ་རུག །བྱེས་སུ་མཚོ་མོ་མ་བདུན་དུན་སེ་དུན། །འཁོར་དུ་ས་བདག་ཀླུ་གཉན་ཉི་ལི་ལི། །གཡོག་ཏུ་ཡུལ་རིགས་གཞི་བདག་བུངས་སེ་བུང་། །ཕོ་ཉ་ལྷ་སྲིན་སྡེ་བརྒྱད་ཧྲོ་ལོ་ལོ། །བྲན་དུ་ལོ་ཟླ་ཞག་དུས་ཧྲི་ལི་ལི། །གླུ་དབྱངས་གར་སྟབས་ཀི་བཞུག་ཤ་ར་ར། །ཀུན་ཀྱང་ཀི་བསྭོ་ཆ་སྒྲ་དི་རི་རི། ། བསྭོ། ནང་སྔའི་ཆ་ལུགས་ན་བུན་ཐུ་ལུ་ལུ། །ཉིན་གུང་ཆ་ལུགས་ཁུ་འཕང་ཐ་ར་ར། །དགོང་ཁའི་ཆ་ལུགས་འབྲུག་སྒྲ་དི་རི་རི། །ནངས་ནུབ་ཆ་ལུགས་གློག་དམར་ཀྱུགས་སེ་ཀྱུག །དགའ་བའི་ཆ་ལུགས་ཆར་བ་སི་ལི་ལི། །འཛུམ་པའི་ཆ་ལུགས་ཉི་འོད་ལམས་སེ་ལམ། །གཡོ་བའི་ཆ་ལུགས་ས་གཡོས་ཤིགས་སེ་ཤིག །ཁྲོས་པའི་ཆ་ལུགས་སེར་བ་ཐ་ར་ར། །འཇིགས་པའི་ཆ་ལུགས་ཐོག་སྒྲ་ཆེམས་སེ་ཆེམ། །ལས་སུ་གཡུང་དྲུང་བོན་གྱི་བསྟན་སྲུང་ཁྲིགས་སེ་ཁྲིག །འཕྲིན་ལས་དབལ་བོན་དོན་སྒྲུབ་འུ་རུ་རུ། །མ་གཡེལ་རྨ་རྒྱལ་པོམ་ར་འཁོར་བཅས་ཀྱིས། །མ་འཁུ་འདོད་ཡོན་བསང་གི་མཆོད་པ་བཞེས། །མ་འདའ་སངས་རྒྱས་བོན་གྱི་བསྟན་པ་སྲུངས། །མ་ལྡོག་གཤེན་བོན་བདག་གི་ཕྲིན་ལས་སྒྲུབས། །དུས་གསུམ་སངས་རྒྱས་ཞི་ཁྲོ་དཔོན་གསས་ཀྱིས། །ཐ་ཚིག་དམ་བཞག་གཉེར་དུ་བསྐོས་པ་བཞིན། །མི་ཚེ་སྲུངས་ཤིང་ཕྱུགས་གཡང་བསྐྱབ་ཏུ་གསོལ། །དབང་ཐང་བསྐྱེད་ལ་ལོངས་སྤྱོད་སྤེལ་དུ་གསོལ། །འཁོར་རྣམས་སྲུངས་ལ་རྐྱེན་རྣམས་བཟློག་ཏུ་གསོལ། །སྡང་བའི་དགྲ་དང་གནོད་པའི་བགེགས་ཐུལ་ཅིག །ལྷ་འདྲེ་བར་ཆོད་རྐྱེན་ངན་ལྟས་ངན་ཟློགས། །འཆི་བདག་གཤིན་རྗེ་བདུད་ཀྱི་ཞགས་པ་ཆོད། །བསོད་ནམས་བསྟན་པ་དར་བའི་སྡོངས་གྲོགས་མཛོད། །དཀར་པོ་དགེ་བའི་སྡོང་གྲོགས་མཛོད། །ཀི་བསྭོ་ཆའོ་ལྷ་རྒྱལ་ལོ། །ཞེས་པ་འདི་ནི་སྔོན་ཞང་ཞུང་མཁས་པ་སྟོང་རྒྱུང་མཐུ་ཆེན་གྱིས་རྒྱལ་བོ་ཁྲི་སྲོང་ལྡེ་བཙན་གྱི་རྒྱལ་ཁམས་བདེ་བའི་སླད་དུ་རྒྱལ་མཁར་བྱིང་བ་སྟག་རྩེ་ནས་རྨ་རྒྱལ་གཏོར་ཆོག་འདི་གསུངས་སོ། །འདི་ནི་བསམ་ཡས་གཡའ་མ་གཡུ་རལ་གྱི་གཏེར་ནས་བྱོན་པས་གཤེན་གཡུང་དྲུང་རྒྱལ་མཚན་ལ་བརྒྱུད་ནས་དར་བའོ། །དགེའོ།།