རྩོམ་པ་པོ། དཔོན་སློབ་བསྟན་འཛིན་རྣམ་དག
སྐུ་གླུད་གཏོང་བའི་རྣམ་བཤད་འདོད་དགུ་འབྱུང་བའི་མཛོད་ཅེས་བྱ་བ། ། རྫོགས་སངས་རྒྱས་པའི་དཔལ་ལ་ཕྱག་འཚལ་ལོ། ། སྒྲུབ་པའི་གཤེན་པོ་གང་གི་དག་གི །ལུས་ངག་ཡིད་ལ་བར་གཅོད་པའི། ། གདོན་རིགས་གཡེན་སྡེའི་ཚོགས་རྣམས་ལ། ། ངོ་བོ་བསླུ་དང་སྐྱིན་འཇལ་ཕྱིར། གླུད་ཀྱི་རྣམ་བཞག་མདོར་གསལ་བཞིན༎ཟུར་དུ་དགོས་དམིགས་བསྟུན་ཏེ་བཀོལ། ། དེ་ཡང་གཟི་བརྗིད་སྣང་གཤེན་ཐེག་པའི་མདོ་ལས། ། ཆབ་ནག་གྱེར་གྱི་སྒོ་བཞི་ལས། གསུམ་པ་འཕན་ཡུལ་གླུད་ཀྱི་སྒོ། འགྲོ་དྲུགས་སེམས་ཅན་ཐམས་ཅད་དང་། སྣང་ཞིང་སྲིད་པ་ཐམས་ཅད་ལ། ཕན་དང་གནོད་པར་བྱེད་ནས་སུ། གླུད་དང་ཡས་སུ་སྙེགས་པ་ལ། ཆབ་ནག་སྲིད་པའི་བོན་པོ་ཡིས། སེམས་ཅན་འགྲོ་ལ་ཕན་གདག་ཕྱིར། མཉམ་གཉིས་བརྗེ་ལ་གླུ་རེ་བཟང་། མཉམ་གཉིས་བརྗེ་བའི་མཚུངས་གཏོ་བྱ། དེ་ལ་རྣམ་པ་གསུམ་ཡིན་ཏེ། ཕོ་གླུད། མོ་གླུད། ཆུང་གླུད་གསུམ།
ཕོ་གླུད་དག་ལ་རྣམ་པ་བཅུ། དབུས་ནས་ལྷ་མིན་འཁྲུགས་མདོས་དང་། སྟེང་ནས་ཚངས་པའི་ལྷ་མདོས་དང་། ཤར་ནས་རྒྱལ་པོའི་སྐྱོངས་མདོས་དང་། བྱང་ནས་བཙན་གྱི་སྐོང་མདོས་དང་། ནུབ་ནས་བདུད་ཀྱི་ཁྲམ་མདོས་དང་། ལྷོ་ནས་གཤིན་རྗེའི་ཟློག་མདོས་དང་། ལྷོ་ཤར་དམུ་ཡི་བཙུན་མདོས་དང་། བྱང་ཤར་བཙན་གྱི་དར་མདོས་དང་། བྱང་ནུབ་ཀླུ་དབང་གཏོ་མདོས་དང་། ལྷོ་ནུབ་སྲིན་པོའི་མཁར་མདོས་བཅུ། ཕོ་གླུད་དག་ཏུ་ཤེས་པར་བྱ།
མོ་གླུད་དག་ལ་རྣམ་པ་བཅུ། ཆུད་ཀྱི་རྒྱལ་མདོས་གཡང་མདོས་དང་། སྟེང་ཕྱོགས་མ་མོའི་བསྐང་མདོས་དང་། མ་ཡམས་རྒྱལ་མོའི་བཟློག་མདོས་དང་། སྣང་སྲིད་མ་མོའི་འཁྲུག་མདོས་དང་། བརྟེན་མ་དམག་གི་ཁྲམ་མདོས་དང་། སྐྱོངས་མ་ཁྲོམ་གྱི་གཟི་མདོས་དང་། ཁ་ལ་གངས་དཀར་སྨན་མདོས་དང་། སྨན་མོ་གཟེད་ཀྱི་ཚང་མདོས་དང་། མ་བདུད་རྒྱལ་མོའི་བསྟན་མདོས་དང་། མ་ཡམ་བཙུན་མོའི་གནད་མདོས་བཅུ། མོ་གླུད་དག་ཏུ་ཤེས་པར་བྱ།
ཆུང་གླུད་དག་ལ་རྣམ་པ་བཅུ། འདྲེ་དགུ་སྲི་བཅུ་ཚང་མདོས་དང་། ཚེ་བདུད་ནག་པོའི་བཟློག་མདོས་དང་། སྐྱེས་བུ་བརྒྱད་ཀྱི་དཔུང་མདོས་དང་། དབང་ལྡན་བགེགས་ཀྱི་གླུད་མདོས་དང་། ས་བདག་གཏོད་ཀྱི་སྤུར་མདོས་དང་། གཙང་སྨེ་འདྲེས་པའི་སྐྱེམ་མདོས་དང་། མཚུངས་གཉིས་གསོར་བའི་སྐྱོན་མདོས་དང་། མཉམ་གཉིས་བརྗེ་བའི་གླུད་མདོས་དང་། རྩ་དཀར་འཕེལ་བའི་གག་མདོས་བཅུ། ཆུང་གླུད་དག་ཏུ་ཤེས་པར་བྱ། དེ་རྣམས་དག་ལས་རྒྱས་པ་ཡི། གཡེན་སྡེ་སུམ་ཅུ་རྩ་གསུམ་ལ། རྒྱན་མདོས་སུམ་ཅུ་རྩ་གསུམ་ཡོད། དེ་ལྟར་དྲུག་ཅུ་རྩ་གསུམ་ལས། མདོས་རིགས་སུམ་བརྒྱ་དྲུག་ཅུ་རྒྱས། ཕོ་གླུད་ཐམས་ཅད་བརྗིད་དང་ཆས། མོ་གླུད་ཐམས་ཅད་བཀྲག་དང་ཆས། ཆུང་གླུད་ཐམས་ཅད་བལྟས་ན་སྡུག། སྤྱིར་ནི་ཚོགས་པའི་ཡོ་བྱད་ནི། སྣང་གཤེན་གླུད་ཡས་སྨྲང་གི་བཀྲོལ། རྒྱལ་བ་འཕགས་པའི་བདེན་པས་བཀྲོལ། སྟོང་གསུམ་སྟོང་གི་འཇིག་རྟེན་ན། ཚངས་རྒྱུང་རི་བདུན་རོལ་མཚོ་བཅས། ལྕགས་རི་ཁྱུད་མོ་འཁོར་མོའི་གླིང་། གླིང་བཞི་གླིང་ཕྲན་ཉི་ཟླའི་འོད། དཔག་བསམ་ལྗོན་པ་ཟིལ་གནོན་ཁྱུང་། མཐོ་སྟེ་སྲིད་རྩེ་མན་ཆད་དང་། དམའ་སྟེ་ན་རག་ཡན་ཆད་པ། མ་ཚང་མི་ཚང་མེད་པས་སུ། གླུད་དང་ཡས་སུ་བསྟན་པ་ནི། ཞེས་གསུངས་པ་ལྟར།
སྤྱིར་གཟུགས་སུ་བཅོས་པའི་གླུད་དང་། ཡས་སུ་བསགས་པའི་རྫས་འདི་རྣམས་སྤྱིར་སྟོང་གསུམ་གྱི་སྣོད་བཅུད། སྒོས་སུ་ཚངས་རྒྱུང་གི་བཀོད་པ་ཡོངས་སུ་རྫོགས་པའི་དམིགས་རྟེན་དུ་བཟུང་ནས། གླུད་བསྔོ་བའི་གཤེན་པོས་དམིགས་པ་བརྟན་པ་དང་། སྤེལ་་བ་དང་། གསལ་བ་སོགས་ཚུལ་བཞིན་འབྱོར་བར་དགོས་ཤིང་། ཁྱད་པར་དུ་ཡོན་བདག་གི་གཟགས་སུ་བྱས་པའི་གླུད་འདི་ཉིད་སྔར་བཞིན་སྟོང་གསུམདང་། ཚངས་རྒྱུང་གི་དམིགས་རྟེན་དུ་བྱས་ཏེ། སྐབས་སུ་བབས་པའི་ཡོན་བདག་ཆེ་གེ་མོ། འདི་ཡི་ལུས་ངག་ཡིད་གསུམ་དང་མཐུན་རྐྱེན་དཔལ་འབྱོར་མངའ་ཐང་ཚོགས་ལ་བརླམས་པའི་གདོན་རྣམས་ལ་གཟུགས་སུ་བཅོས་པའི་གླུད་འདི་ལ་སྟོང་གསུམ་དང་། ཚངས་རྒྱུང་གི་སྣོད་བཅུད་ཡོངས་རྫོགས་པར་དམིགས་ཏེ་ཡོན་གྱི་བདག་པོའི་ཤ་རིན་ཁྲགམ་ཚབ་དང་དཔལ་འབྱོར་ལོངས་སྤྱོད་གང་། བདག་ཏུ་བྱས་པའི་བསླུ་ཡོན་སྐྱིན་ཚབ་ཏུ་བསྔོས་པས་འདོད་པ་ཡོངས་སུ་ཁེངས་པར་བསམ་དགོས་ཏེ། མདོ་དེ་ཡི་འཕྲོ་ནས། སྟོང་གསུམ་སྟོང་ལ་ཅི་ཡོད་པ། མི་ལུས་དག་ལ་དེ་ཡོད་པས། གླུད་ཀྱང་དེ་བཞིན་འདོད་པ་ཡི། འབྱུང་པོ་མི་མིན་དྲི་ཟའི་ཚོགས། འགྲོ་བ་མི་དཔྱད་ཙམ་ན། སྟོང་གསུམ་ཚངས་རྒྱུང་འཇིག་རྟེན་གྱི། འདོད་ཡོན་སྣ་ཚོགས་ར་བ་ན། ཕོ་རྣམས་སྟང་དང་མོ་རྣམས་དབྱལ། ཡིད་དུ་འོང་དང་འདོད་དགུ་ལྡན། དེ་དག་གནས་དང་འཁྲས་སར་འདོད། དེ་ཕྱིར་སྐྱེ་འགྲོའི་གཟུགས་སུ་ཞུགས། དེ་ལ་རོལ་རྩེད་ལྟད་མོ་དང་། ཟས་སྐོམ་བཅུད་ལ་རོལ་པར་སྣང་། ཞེས་པའི་བར་གྱིས་གླུད་ཡས་ཀྱི་བདག་པོའམ་གདོན་རིགས་ཀྱིས་གང་གི་ཆེད་དུ་འགྲོ་ལ་གནོད་འཚེ་བྱེད་པའི་ཚུལ་བསྟན་པ་ཡིནཔས་དཀྱུས་ལྟར་གོ་སླ་བར་སྣང་། དེ་ལྟ་བུའི་གནོད་བྱེད་ཀྱི་བགེགས་ལ་གླུད་དང་གཏོ་བསྔོ་བའི་ཚུལ་ནི། མདོ་དེ་ཉིད་ལས། དེ་ཕྱིར་བགེགས་ཀྱི་བར་ཆོད་ལས། བགེགས་ལ་གླུད་ཕན་གཏོ་རུ་བྱ། གཏོ་ལ་རྣམ་གྲངས་མང་ཡོད་ཀྱང་། འདི་ནི་མཉམ་གཉིས་བརྗེ་བ་དང་། མཚུངས་གཉིས་བསོར་བའི་སྐྱིན་གཏོ་སྟེ། སྲིད་པ་རྒྱུད་ཀྱི་བོན་པོ་ཡིས། སེམས་ཅན་འགྲོ་ལ་ཕན་འདོགས་ན། ཆབ་ནག་རྒྱུད་ལས་བྱུང་བ་ལྟར། མདོས་ཀྱང་གླུད་ཀྱི་ཡོ་བྱད་བསགས། རང་བས་གཞན་དོན་གཙོ་ཆེ་ཞིང་། རང་ལ་འདོད་པའི་ལྷད་མེད་པར། རྒྱུ་འབྲས་མི་བརྩེ་ཐོབ་རྫོབ་སྤངས། སྣང་གཤེན་འབྲས་བུ་དྲང་སྲོང་བསྙེག། དེ་ཕྱིར་སྤྱོད་ལམ་དལ་བར་བྱ། མི་འགྲོ་ཡས་སོགས་སྤངས་པར་བྱ། མཁོ་མཐུན་རྫས་ཆ་བསྒྲུབ་པར་བྱ། མདོས་ལ་རྣམ་པ་གསུམ་ཡིན་ཏེ། ཕྱི་མདོས་ནང་མདོས་གསང་མདོས་གསུམ། ཕྱི་མདོས་སོག་ཁྲིག་ལག་ལན་རྫས། ནང་མདོས་གླུད་ཡས་གྱེར་དང་སྨྲང་། གསང་མདོས་ཏིང་འཛིན་དགོངས་པའི་རྫས། གསུམ་ཀ་ཟུང་འབྲེལ་འགྲོ་བ་སྐྱོབ། དང་པོ་ཕྱི་མདོས་སོག་ཁྲིག་ལག་ལེན་ལ། རྒྱས་འབྲིང་བསྡུས་གསུམ་སྐབས་དང་སྦྱར། རྒྱལ་པ་དག་ལ་ཁྲི་འགྱུར་འབུམ། འབྲིང་པོ་དག་ལ་སྟོང་འགྱུར་བཅུ། ཐ་མ་དག་ལ་བརྒྱ་འགྱུར་འབུམ། ཡང་མཐའ་དག་ལ་བཅུ་འགྱུར་བཅུ། ཞེས་གསུངས་པའི་ཕྱིར།
དེ་ལྟ་བུའི་གླུད་ཡས་རྣམ་གྲངས་ཇི་ཙམ་ཞིག་ཡོན་བདག་ཇི་ལྟ་བུའི་བསླུ་ཡོན་འཇལ་དགོས་པའི་ཚུལ་ནི། མདོ་དེ་ཉིད་ལས། དེ་ཡང་སོ་སོའི་དབང་རེ་ལ། །སྟོང་གསུམ་སྒྲོན་མེ་ཁྲི་འགྱུར་འབུམ། ། འཁོར་ལོ་བསྒྱུར་རྒྱལ་སྟོང་འགྱུར་ཁྲི། །དེ་འོག་གཤེན་པོ་བརྒྱ་འགྱུར་སྟོང་། །རྒྱལ་ཕྲན་དག་ལ་ལྔ་བརྒྱའོ། ། བཙུན་མོར་སུམ་བརྒྱ་དྲུག་ཅུ་སྟེ། ། བློན་པོ་དེད་དཔོན་བརྒྱད་ཅུ་དྲུག ། བཙུན་པ་བརྒྱ་དང་རྩ་བརྒྱད་དེ། ། ཁྱིམ་པར་དྲུག་ཅུ་རྩ་གཅིག་གོ །གཞི་འཛིན་བཙུན་མོར་ལྔ་བཅུ་གཅིག །ཁྱེའུ་བུ་མོར་ཉི་ཤུ་ལྔ། །བྲན་དང་ཕོ་ཉར་བཅུ་གསུམ་ལ། །དམན་པ་དག་ལ་ལྔ་རེ་སོགས། །ཇི་བཞིན་རིམ་པ་མཐོ་བ་བཞིན། །རྐྱེན་ཡང་དེ་བཞིན་གཉེན་པོར་སློངས། །ཇི་བཞིན་འཁོར་ལོ་བསྒྱུར་བ་བཞིན། །བདུད་ཀྱིས་དེ་བཞིན་ཞིང་ཁམས་གཡོ། །དེ་ཕྱིར་གོང་འཕེལ་སོག་དང་སྦྱོར། །ཞེས་གསུངས་པའི་ཕྱིར་རོ། །
གང་བསྔོ་རྒྱུའི་གླུད་དང་ཡས་ཀྱི་རྫས་ནི། ལུང་འདི་ལས་བྱུང་བ་ལྟར་བསག་དགོས་པས། དཀྱུས་ལས་གསལ། མདོ་དེ་ཉིད་ལས། མདོས་གཞི་ཚངས་རྒྱུང་འཇིག་རྟེན་ནས། དཔེ་བླང་དེ་བཞིན་སྐྱེ་འགྲོའི་གཟུགས། ཇི་ལྟར་ཚོགས་བཞིན་དེ་བཞིན་ཤེས། སྲིད་པའི་རྩེ་མོ་མན་ཆད་ནས། ན་རག་གདར་སོ་ཡན་ཆོད་ལ། སྲིད་པ་འགྲེང་དང་འཕྲད་ཉལ་སྦུབ། གནམ་ལ་འཕུར་དང་ས་ལ་འཛུལ། བར་ན་འགྲིམ་དགུའི་གཟུགས་བརྙན་བྱ། ཕོ་མོ་སྐྱེ་མཆེད་སྤུ་མཚན་གཟུག་ནས། མི་བས་གླུད་བཟང་ལྡེམས་སེ་ལྡེམ། ཞེས་དང་། སྐབས་འདིར་ལོག་སྨྲ་ཁ་ཅིག་གིས། ཡས་རྫས་སུ་བསགས་པའི་སྐྱེ་འགྲོའི་གཟུགས་བརྙན་རྣམས་སྔ་ཐོག་གི་སྐབས་སྲོག་ཆགས་གསོན་གླུད་དུ་གཏོང་བའི་ལུགས་ཡིན་ལ། དེང་དུས་བརླང་སྤྱོད་ལ་འཛེམ་ནས་གཟུགས་བརྙན་དུ་བཅོས་པ་ཡིན་པར་གསལ། ཟེར་བ་འདུག་པ་རྣམས། ལོག་རྟོག་ངན་རང་རྒྱུད་ལ་གནས་པའི་རྐྱེན་གྱིས་དུང་ལ་སེར་པོ་མཐོང་བ་ལྟར་ལས། སྲོག་ཆགས་གསོན་གླུད་བསྔོ་བ་གཡུང་དྲུང་གི་བོན་ཕྱི་ནང་གང་དུ་ཡང་མ་བྱས་ངོ་། ། དེ་མ་བྱུང་ཡང་བོན་མིང་ཅན་འགས་དེ་ལྟར་བྱེད་པ་བོན་ལ་ཁག་འགེལ་མི་རུང་སྟེ། གང་ཟག་དེས་སྤྱོད་ཚུལ་ཇི་སྙེད་བོན་ལུགས་ཡིན་མི་དགོས་ཏེ། ཁོའི་ཟས་གོས་བཞིན་ནོ། །
གླུད་ཡས་དེ་རྣམས་ཚུལ་ཇི་ལྟར་བསྔོ་བ་ནི། མདོ་དེ་ཉིད་ལས། སྣང་གཤེན་ཕན་གནོད་གཉིས་སུ་བལྟ། སེམས་ཅན་ཡོངས་ལ་ཕན་སེམས་བསྒོམ། གར་གསས་བཙན་པོ་ལྷ་རུ་བདར། གཤེན་རབ་བདེན་པའི་སྨྲང་གིས་བཀྲོལ། གཏོ་ཡས་གནས་སུ་ཐིངས་བར་བྱ། སྣང་སྲིད་ལྷ་འདྲེ་སྐོང་གིས་བསྐོང་། ཚེ་སྐྱིན་སྲོག་གླུད་དམ་པ་དང་། གསང་མདོས་ངར་མི་རྒྱན་ལྡན་དང་། འབུལ་བ་རང་གིས་མི་ནོར་ལ། བཞེས་པ་གདོན་གྱིས་མི་ནོར་བར། ཏིང་འཛིན་སྨྲང་གིས་བརྡའ་སྤྲད་བྱ། དེ་ལ་སྐད་ཀྱི་གཅོང་གཉིས་སྦྱར། གླུད་གསས་ལྷ་ཡི་བཞིན་འདེབས་ལ། སེང་གེའི་ང་རོ་གཅོང་ལས་དྲངས། ལྷ་སྲིན་བསྐོས་ལ་བཞིན་འདེབས་པ། ཅོ་གའི་འགྱུར་སྐད་གཅོང་ལས་དྲངས། དེ་ལྟར་འཕན་ཡུལ་གླུད་ཀྱི་སྒོ། སེམས་ཅན་འགྲོ་ལ་སྨིན་པར་འགྱུར། ། ཞེས་གསུངས་པ་ལྟར་རོ། །
དེ་ལྟར་མདོ་དོན་བཤད་པ་ཡིས། །
རྣམ་དཔྱོད་བློ་སྒོ་ཡངས་པོར་བྱས། །
གཞུང་དོན་མཐོང་བའི་མིག་རྙེད་དེ། །
བསྟན་དོན་མཇལ་བའི་བཀྲ་ཤིས་ཤོག །
དཔོན་སློབ་ཚང་གི༼གསུང་འབུམ༽ལས་བཤུས་པའོ། །