༄༅།། དབལ་གསས་སྔགས་སྒྲུབ་བཞུགས་སོ།
སད་དོ་སྤུངས་སོ་ཧྲུན་ནོ། །ཉེ་ལོ་གྱེར་ཞི་སྤུངས་སོ། །ཏི་ཀ་ཟུར་ནམ་ཧྲོ་ཡོ། །ནེ་སུམ་སད་ནེ་གྱེར་རོ། །སུམ་པ་གུ་ཡིག་འུས་སོ། །བིང་ང་གྱེར་ཞི་ཐད་དོ། །ང་དྲུག་དུབ་དུབ་གེ་ཡོ། །པུ་རྐོ་ནེ་སུམ་སྨར་རོ། །ནམ་ལུ་མུ་ཡེ་སྨར་རོ། །ལེ་ལོ་མུ་ཙུག་སྨར་རོ། །ཧྲི་ཙ་ཙ་མེད་སྨར་རོ། །ཝེར་ཞི་དམུ་སླས་ཐུན་ནོ། །སད་དོ་དྲུང་མུ་ཝེར་རོ། །མུ་ཡེ་ཧ་ར་ཧྲུན་ནོ། །ཨ་ཨཱོྃ་ཧཱུྃ། གྱི་གྲན་ཤུ་་ནུག་ཧ་ལ་ཤག་དུལ་ནན། །སྣི་རྩེ་ཝེར་ཧྲིམ་ཤ་འབལ་གྲི། །ལ་ཧེ་དམུ་ཨུན་ཡག་གྱད་ཞུང་ཞག་དང་། །མེ་ཆུ་ཐོ་ཞགས་དབལ་ཕུར་གྱིས། །ཕྱོགས་བཞི་མཚམས་བཞི་སྟེང་འོག་གཏམས། །མཐོང་སྐྲག་རེག་པའི་བར་ཆོད་ཀུན། །ཐལ་བ་རྡུལ་དུ་བརླག་པར་བྱའོ། །ཨ་ཨཱོྃ་ཧཱུྃ།རཾ་ཛ། བདག་ཉིད་སྐད་ཅིག་དྲན་རྫོགས་ལ། དབལ་གསས་རྔམ་པ་དབུ་དགུ་ཕྱག་བཅོ་བརྒྱད་པ། སྐུ་མདོག་མཐིང་ལ་ནག་པ། སྐུ་ལ་མེ་རི་དང་མེ་དཔུང་འབར་བ། ཤིན་ཏུ་འཇིགས་པ་སྐུ་འགྱིང་ཐབས་སུ་བཞུགས་པ། ཞབས་འདོར་ཐབས་སུ་བགྲད་པ། རྔམ་མོ་ཡུམ་ཆེན་སྐུ་ལ་འཁྲིལ་བ། མགྲིན་པར་ལྷ་རྒོད་ཐོག་པ་ཡབ་ཡུམ། ཐུགས་ཀར་གཙོ་མཆོག་ཡབ་ཡུམ། མདུན་དུ་དབལ་མོ་དང་ཁྲོ་མོ། རྒྱབ་ཏུ་མཁའ་འགྲོ་དང་བོན་སྐྱོང། གཞན་ཡང་དབང་དྲག་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱིས་བསྒོར་བ། དེ་རྣམས་ཀྱི་ཐུགས་ལས་དབལ་མེ་འབར་ཞིང་དབལ་ཆུ་ཁོལ་བ། འོད་ཟེར་ཐོག་དམར་གྱི་ཚ་ཚ་འཕྲོ་བ་རེ་རེ་གྱུར། བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨ་མ་མ་ཧ་ལ་རམ་ཛ་གྲན་ལ་ཐུན་བྷྱོ་ཐུན་བྷྱོ། དེ་ལས་འོད་ཟེར་ཡར་འཕྲོས་པས། བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྒུལ། ཕར་འཕྲོས་ཕྱི་ལས་ལ་གྱུར་བའི་དགྲ་བགེགས། ནང་རྣམ་རྟོག་ལས་གྱུར་བའི་བར་ཆོད། གསང་བ་མ་རིག་པ་ལས་གྱུར་བའི་བདུད་རྣམས་བསྡུས་ནས་གཏོར་མ་ལ་བསྟིམས་པས། ཨ་ཡཾ་རཾ་མཾ་ཁཾ་བྲུཾ། འབྱུང་བ་རིམ་བརྩེགས་ཀྱི་སྟེང་དུ་བྲུཾ་འོད་དུ་ཞུ་བ་ལས། གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བ། ཕྱི་དཀར་ལ་ནང་དམར་བ། རྒྱ་ཆེ་ལ་དཔངས་མཐོ་བ། སྟོང་གསུམ་དང་མཉམ་པ་གཅིག་ཏུ་གྱུར། དེའི་ནང་དུ་གཏོར་མ་ནི། བདུད་རྩིའི་ངོ་བོ་དཀར་ལ་དམར་བའི་མདངས་ཆགས་པ། སྟོང་གསུམ་གང་བ་ཙམ་དུ་གྱུར། རཾ་ཡཾ་མཾཿ གསུམ་འཕྲོས་པས། རཾ་ལས་ཡེ་ཤེས་ཀྱི་མེ་འབར་ནས། གཏོར་མའི་མི་གཙང་བ་ཐམས་ཅད་བསྲེགས། ཡཾ་ལས་ཡེ་ཤེས་ཀྱི་རླུང་བྱུང་ནས་གཏོར། མཾ་ལས་ཡེ་ཤེས་ཀྱི་ཆུ་ཡིས་བཀྲུས། ཨ་མ་ཨ་ཨཱོྃ་ཧཱུྃ། གཡུ་འབྲང་བདུད་རྩི་བསྭོ་ཐཱ། རང་ཨ་ཨཱོྃ་ཧཱུྃ། དྲུང་ཟད་རི་རང་བདུད་རྩི་བསྭོ་ཐཱ། མཿཨ་ཨཱོྃ་ཧཱུྃ། ཏིང་མུར་དང་ར་བདུད་རྩི་བསྭོ་ཐཱ། རཿཨ་ཨཱོྃ་ཧཱུྃ། ཟུར་ནཾ་དེ་ཤོ་ཧ་ར་སད་བསྭོ་ཐཱ། དེ་ཡང་ཕྱི་ལྟར་འདོད་པའི་ཡོན་ཏན་གཟུགས་སྒྲ་དྲི་རོ་རེག་རྒྱན་ལ་སོགས། རྣ་ལྔ་རྣམ་བརྒྱད་ཀྱི་མཆོད་པ། གསང་བ་ལྟར་ན་གཟུང་འཛིན་དབྱེར་མེད་གསལ་སྟོང་བདེ་བ་ཆེན་པོའི་མཆོད་པ་རུ་གྱུར།
ཨ་ཨཱོྃ་ཧཱུྃ། རཾ་ཡཾ་ཁཾཿཨ་ཧ་ར་ཨ། ཨཱོྃ་པུར་པ་ཡ། ཧཱུྃ་རཊྣ་བྲུཾ། བསྭོ་ཨ་པུར་པ་ཕཊཿ བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཧེ་རགྴ་པྲ་ཕུད་དྲང་། བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། སད་གེ་གྱ་ནོཾ་ཧྲིག མུ་ཡེ་ཧ་ར་ར་ཡོ་ཛ། ཧྲིག་གོ་སད་གེ་རགྴ་བརྟན་དུ་ཧྲུན། བསྭོ་ཨཱོྃ་ཨཱ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། མ་མིག་ཁྲི་སེག་སད་དོ་ཝང་ལ་རྐོ་ཕུང་ཧྲུན། སད་དོ་དམུ་རླང་ཨིན་ཏིང་ཧྲུན། སད་དོ་ཤེ་ཐུན་ཁྲི་སེག་ཧྲུན། བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། སད་དོ་རྐོ་ཕུང་ཨུ་དུག་གཤའ་ཡ་ནི།སད་དོ་ཨག་ཤོ་ཨུ་དུག་གཤའ་ཡ་ནི། སད་དོ་ཁྲི་སེག་ཨུ་དུག་གཤའ་ཡ་ནི། ཐོ་ཡེ་ཧྲིག་གོ་ཧ་ལ་ཤག་དུལ་ནན། བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། བོང་ངེ་རི་རང་ཟད་མིན་ཁ་ཐུན་ནོ། གཡུ་འབྲང་ཏིང་མུར་དང་ར་ཁ་ཐིམ་མོ། ཟུར་ནཾ་ཟད་མིན་ཧ་ར་ཐིམ་ཐིམ་ཡེ་ཐུན་ཨ༑ བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཨ་མ་མ་ཧ་ལ་རཾ་ཛ་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཧེ་རགྴ་གེ་དུ་གྲན་ལ་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཧ་ལ་རཾ་ཐུན་ཆ་ལ་འདར་ཤག་ཡེ་ཐུན་ཨ་མ་ཛ་ལ་སད་ཐུན་ཁ་ཐུན་ཁ་ཐུན་བྷྱོ་བྷྱོ། བསྭོ། དགུང་སྔོན་འདི་ཡི་ཡང་མ་ཡང་སྟེང་ན། །བཞི་བཅུ་རྩ་ལྔ་ཐེག་པའི་ཡང་གོང་གི །རང་བཞིན་མི་འགྱུར་དབྱིངས་ཀྱི་གསས་མཁར་ན། །ཏིང་འཛིན་རྣམ་གསུམ་སྐུ་གསུམ་འཕྲོ་འདུ་ལས། །དཀར་པོ་གནས་འཛིན་ཐུགས་ཉིད་ཞི་བའི་ལྷ། །ཐུགས་ཉིད་མི་བཟད་ཐུགས་ཀྱི་ངང་ཚུལ་ལས། །ཐུགས་རྗེས་དོན་དུ་ཁྲོས་པའི་རྟགས་བསྟན་པ། །བདག་ཉིད་སྲིད་པ་ཁྲོས་པའི་སྟོབས་ཆེན་དང་། །མཁའ་ལ་རང་བཞིན་ཁྲོས་པའི་སྟོབས་ཆེན་དང་། །དབྱིངས་ལས་ཐུགས་ཉིད་ཁྲོས་པའི་སྟོབས་ཆེན་དང་། །དབལ་གསས་རྔམ་པ་ཁྲོ་རྒྱལ་མཁའ་འགྱིང་ཁ། །མི་བཟད་དབུ་དགུ་ཕྱག་ནི་བཅོ་བརྒྱད་པ། །སྐུ་ནི་འཇིགས་བྱེད་དབལ་གསས་རྔམ་པའི་སྐུ། །གསུང་ནི་མི་བཟད་ལྷ་རྒོད་ཐོག་པའི་གསུང་། ཐུགས་ནི་ཐུགས་རྗེ་མཁའ་འགྱིང་ཁྲོ་བོའི་ཐུགས། །སྐུ་མདོག་མཐིང་ནག་རིན་ཆེན་བཻཊཱུ་འོད། །གཡས་དཀར་གཡོན་དམར་དབུས་ཞལ་མཐིང་ལ་ནག །གཡས་པ་དཀར་བ་ཐབས་མཆོག་ཡབ་ཀྱི་ཞལ། །གཡོན་པ་དམར་བ་ཤེས་རབ་ཡུམ་གྱི་ཞལ། །དབུས་ཞལ་མཐིང་བ་ཡབ་ཡུམ་ལྷུན་གྱིས་གྲུབ། །དབུས་མཐིང་དབུ་ཡི་དབུ་རྒྱན་དུ། །དབལ་གྱི་སེང་ཆེན་རྔམ་པའི་དབུ། །གཡས་དཀར་ཐབས་ཀྱི་དབུ་རྒྱན་དུ། །དབལ་སྟག་ཚོང་མ་རྔམ་པའི་དབུ། །གཡོན་དམར་ཤེས་རབ་རྔམ་པའི་དབུ། །གཟིག་ཆེན་ཐིག་ལེ་རྔམ་པའི་དབུ། །སྤྱི་གཙུག་དབུ་ཡི་ཐོར་ཚུགས་ནི། །དབལ་གྱི་ཁྱུང་ཆེན་རྔམ་པའི་དབུ། །སྟག་ཆེན་དབུ་ཡི་ཐོར་ཚིགས་ནི། །སྒྲ་རྒྱལ་འབྲུག་ཆེན་རྔམ་པའི་དབུ། །གཟིག་ཆེན་དབུ་ཡི་ཐོར་ཚུགས་ནི། །མཆོང་སྐྱེན་ཆུ་སྲིན་རྔམ་པའི་དབུ། །དབུ་དགུ་རྔམ་རྔམ་པས་ཆེ་བཙན་འདུལ། །རལ་བ་དམར་སེར་གྱེན་ལ་འཁྱིལ། །ལྷ་གཤེན་ཁ་ལོ་གྱེན་ལ་འཁྱིལ། །བཅོ་བརྒྱད་ཕྱག་གི་དང་པོ་ན། །དུག་ལྔར་འདེབས་པའི་དབལ་ཕུར་བསྣམས། །འཁོར་བའི་རྒྱ་མཚོ་གཏིང་ནས་སྐེམ། །གཡས་ཀྱི་ཕྱག་བརྒྱད་དང་པོ་ན། །རིག་པ་མི་ནུབ་རྒྱལ་མཚན་བསྣམས། །འཁོར་བའི་བདུད་ལས་རྒྱལ་བར་མཛད། །དེ་འོག་རལ་ཀྱུ་བསམ་ཆོད་བསྣམས། །དགྲ་བགེགས་སྐྱེ་ཤི་རྩད་ནས་གཅོད། །དེ་འོག་ཤ་འབལ་ཁ་ཆེན་བསྣམས། །དགྲ་བགེགས་སྤྱི་ནས་རྟིང་དུ་འགེམས། །དེ་འོག་སྲིད་པའི་བ་དན་ཕྱར། །ཡེ་ཤེས་ལྷ་ཡི་དམག་དཔུང་སྡུད། །དེ་འོག་གར་མདུང་ཟངས་རིང་བསྣམས། །ཡེ་ཤེས་བློ་ཡི་གྱོང་ཁེངས་འབུག །དེ་འོག་ཁྱུང་གི་རུ་མཚོན་བསྣམས། །ཚམ་རྔ་དགྲ་དང་བགེགས་ལ་མཛད། །དེ་འོག་དབལ་སྟག་རྔམ་པ་འགྱེད། །དགྲ་བོ་འབྲོས་ལམ་ཤུལ་ཡང་གཏུབ། །ཐ་མས་གནམ་ལྕགས་ཐོག་མདའ་བསྣམས། །དགྲ་བགེགས་སྤྱི་རྟིང་ཟང་ཐལ་བྱེད། །གཡོན་གྱི་ཕྱག་བརྒྱད་དང་པོ་ན། །ཐབས་དང་ཤེས་རབ་མདའ་གཞུ་བསྣམས། །ཐབས་ཤེས་དབྱིངས་ལ་རོལ་བར་མཛད། །དེ་འོག་ཟིན་ཐུབ་ཞགས་པ་བསྣམས། །འཁོར་བ་དོང་ནས་འདྲེན་པར་མཛད། །དེ་འོག་ལྕགས་ཀྱུ་འབྲོས་འདེབས་བསྣམས། །ན་རག་འདམ་ནས་འདྲེན་པར་མཛད། །དེ་འོག་ཟངས་ཀྱི་ཤ་ཟུང་བསྣམས། །དགྲ་བགེགས་སྙིང་གི་དཀྱིལ་ནས་འཛིན། །དེ་འོག་ལྕགས་སྒྲོག་རྒྱུད་མ་བསྣམས། །དགྲ་བགེགས་འཆིང་ཞིང་སྡོམ་པར་བྱེད། །དེ་འོག་བྱི་ལ་འཇུ་སྐྱེན་བསྣམས། །དགྲ་བགེགས་བླ་རྟགས་ཤོད་མས་འདེབས། །ཐ་མ་ངམ་ལན་བྲག་ཆེན་འཛིན། །དགྲ་བགེགས་གནོད་ཅིང་གཟིར་བར་བྱེད། །ཞབས་བཞི་འདོར་སྟབས་བགྲད་པ་ཡིས། །དྲེགས་པ་ལྷ་སྲིན་གཟིར་ཞིང་གནོན། །སྲིན་པོའི་པགས་རློན་གྱོན་པ་ཡིས། །ཆེ་བཙན་དྲེགས་པ་སྐྲག་ཏུ་འཇུག །དཔའ་རྔམ་སྟག་གི་ཤམ་བུ་བཏགས། །ཉོན་མོངས་བདུད་ལ་དཔའ་མཚོན་འཇུག །སྡང་མིག་སྤྱན་ནས་གློག་དམར་འཁྱུག །ཁྱུད་འཁོར་སྙན་ནས་འབྲུག་སྒྲ་སྒྲོགས། །འཛིང་གཉེར་ཤངས་ནས་རླུང་ནག་འཚུབས། ལྗགས་ལས་དབལ་གྱི་སེར་ཆེན་འབེབས། །ཐུགས་ཀྱི་ཆོ་འཕྲུལ་ཕྱོགས་བཅུར་འགྱེད། །བ་སྤུར་གསེར་གྱི་ཚ་ཚ་འཁྲུག །དབལ་གྱི་མེ་རི་འོད་དུ་འབར། །དབུ་དགུས་ས་དགུ་ཟིལ་གྱིས་གནོན། །ཕྱག་གིས་ཁམས་གསུམ་དབང་དུ་སྡུད། །ཞབས་ཀྱིས་སྟོང་གསུམ་ཟིལ་གྱིས་གནོན། །ཐུགས་རྗེ་ཉི་མ་ཟླ་བ་དང་། །དྲེགས་པ་ལྷ་བདུད་གདན་ལ་བརྗིད། །ཀླུ་བདུད་གདུག་པ་འདུལ་བའི་ཕྱིར། །རྒྱལ་རིགས་དཀར་པོས་དབུ་ལ་བརྒྱན། །རྗེ་རིགས་སེར་པོས་སྙན་ཆ་མཛེས། །བྲམ་ཟེ་དམར་པོས་མགུལ་ཆུ་བྱས། །དམངས་རིགས་ལྗང་ཁུས་དཔུང་རྒྱན་འཁྲིལ། །གདོལ་བ་ནག་ཁྲས་ཞབས་ལ་འཁྱུད། །རིན་ཆེན་མཛེས་པའི་ཆུན་རྒྱན་ལ། །སྦལ་བ་ཁྲ་བོས་མདུད་ཁེབ་ཅན། །ས་བདག་ས་སྲིན་དབང་དུ་སྡུས། བསྭོཿདང་ཆ༔དང་ཧཿསྒྲ་སྒྲོགས། །སྟོང་ཁམས་སྲིད་གསུམ་གཡོ་ཞིང་འཁྲུག །དབལ་གསས་རྔམ་པ་ཁྲོ་རྒྱལ་མཁའ་འགྱིང་ཁ། །མི་མངོན་དབྱིངས་ནས་འབར་བའི་སྐུ་བསྐྱོད་ལ། །ཡེ་ཤེས་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །ཐུགས་རྗེའི་སྤྱན་གྱིས་བར་ཆད་ཟློག་ཏུ་གསོལ། །ཚམ་རྔམ་དྲག་པོ་དགྲ་དང་བགེགས་ལ་མཛོད། །མི་མཐུན་རྐྱེན་དང་བར་ཆད་ཟློག་ཏུ་གསོལ། །འཇིག་རྟེན་ལྷ་སྲིན་ཕོ་མོ་ལས་ལ་ཆུག །མཁའ་ཀློང་དབྱིངས་སུ་ཐམས་ཅད་བསྒྲལ་དུ་གསོལ། །གཡུང་དྲུང་ཚེ་ཡི་ལྷ་ལ་ཕྱག་འཚལ་བསྟོད། །བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། །ཨ་མ་མ་ཧ་ལ་རཾ་ཛ་ཐུན་བྷྱོ་ཐུན་བྷྱོ། བསྭོ། དེ་དང་གཉིས་མེད་འཁྲིལ་བའི་ཡུམ་ཆེན་ནི། །རྔམ་མོ་ཡུམ་ཆེན་དབྱིངས་ཀྱི་མཚན་དྲུག་མ༑ ༑གསས་མཁར་རྒྱས་པའི་གཙོ་མོ་མཛད་ཙམ་ན། །ས་ཏྲིག་ཨེར་སངས་རྒྱལ་མོ་དབྱིངས་ཀྱི་ཡུམ། །སྨན་ཕྲན་འབུམ་གྱི་གཙོ་མོ་མཛད་ཙམ་ན༑ ༑གནམ་ཕྱི་གུང་རྒྱལ་ནམ་མཁའི་མཛོད་འཛིན་མ། །ཡེ་གཤེན་གཙུག་ཕུད་སྐུ་ལས་སྤྲུལ་ཙམ་ན། །བཟང་ཟ་རིང་བཙུན་ལྷ་མོ་དར་གྱི་ཡུམ། །གསས་མཁར་ཞི་བའི་གཙོ་མོ་མཛད་ཙམ་ན། ཐུགས་རྗེ་བྱམས་མ་སྐྱེ་འགྲོ་གསོ་བའི་མ། །ལྷ་རྒོད་ཐོག་པའི་སྒྲོལ་ཡུམ་མཛད་ཙམ་ན། །ལྷ་ཟ་མཚན་དྲུག་སྲིད་པའི་དབང་མོ་ཆེ། །སྐུ་མདོག་ལྗང་ནག་ཁྲོས་པའི་རང་བཞིན་ལ། །དཀར་སེར་དམར་ལྗང་མཐིང་ཀའི་རྫུ་འཕྲུལ་སྟོན། །དབུ་སྐྲ་ཐོན་མཐིང་ནམ་མཁའི་དབྱིངས་སུ་སྤྲུག །སྨིན་མ་གློག་སྟོང་བར་སྣང་མཁའ་ལ་འཁྱུག །ཉི་ཟླའི་སྤྱན་མིག་ནམ་མཁའི་དབྱིངས་སུ་གཟིགས། །ཁྱུད་འཁོར་སྙན་ནས་ཆུ་རླུང་འབྲུག་སྒྲ་སྒྲོགས། །འཛིང་གཉེར་ཤངས་ནས་བསྐལ་བའི་བུ་ཡུག་འཚུབས། །རྐན་སྒྲ་ལྗགས་ལ་དྲག་པོའི་ཐོག་རྒོད་འདྲིལ། །བ་གའི་ཀློང་ནས་ཁྲོ་མོ་འབུམ་ཕྲག་འགྱེད། །གཡས་པས་གནམ་ས་གའུས་སྐྱེ་འགྲོ་གསོ། །གཡོན་པས་བདུད་རྩི་གསོས་ཀྱི་བུམ་པ་འཛིན། །ཞབས་ལ་བསྐལ་པ་རླུང་གི་འཁོར་ལོ་སྐོར། །ཉི་ཟླ་ཐོད་དུ་བཅིངས་ཤིང་གཟའ་སྐར་ཕྲེང་བ་བགྲང། །ལྷོ་སྲིན་གོས་སུ་གྱོན་ཅིང་གཞའ་ཚོན་རྒྱན་དུ་འཁྱིལ། །ཤེས་རབ་ཐབས་ལ་དགྱེས་པའི་སྤྱན་ཟུར་ཅན། །ལན་རེ་སྐུ་ཡི་སྤྲུལ་པ་མཛད་ཙམ་ན༑ ༑མི་བཟད་སྐུ་ཡིས་རྫུ་འཕྲུལ་ཐབས་དང་ལྡན། །དབུ་བརྒྱ་བསིགས་པས་མཐོ་རིས་ཐར་ལམ་འདྲེན། །ཕྱག་སྟོང་མཚོན་ཆས་ཁམས་གསུམ་དབྱིངས་སུ་སྒྲོལ། །ཞབས་བརྒྱ་བགྲད་པས་ངན་སོང་འཇིགས་སྒོ་གཅོད། །སྤྱན་བརྒྱ་ལྡོག་པས་ལྷ་སྲིན་འཇིགས་ཤིང་སྐྲག །སྙན་བརྒྱ་གདེངས་པས་ཆུ་རླུང་བསྐལ་བར་འཁྲུག །ཤངས་བརྒྱ་གཉེར་བས་ཆེ་བཙན་བྲན་དུ་ཁོལ། །ལྗགས་བརྒྱ་བརྐྱངས་པས་མེ་ཆུ་ས་རླུང་བརློབ། །ཞལ་བརྒྱ་གདངས་པས་བདུད་སྲིན་ཁྲོག་རླགས་ཟ། །ཚེམས་བརྒྱ་གཙིགས་པས་དུག་གསུམ་རྩད་ནས་གཅོད། །གསུང་བརྒྱ་བསྒྲགས་པས་སྟོང་གསུམ་སྒྲ་ཡིས་འགེངས། །ཐུགས་ཀྱི་དགོངས་པའི་ཆོ་འཕྲུལ་ཕྱོགས་བཅུར་འགྱེད། །དམུ་སླས་སེག་རི་ཕྱོད་ཀྱི་སྒྲ་སྒྲོགས་ཤིང་། །རྔམ་མོ་ཡུམ་ཆེན་གནས་ནས་བསྐྱོད་པའི་ཚེ། །འཁོར་གྱི་མ་བཙུན་འབུམ་ཕྲག་དེ་བཞིན་ཉིད། །སྣང་སྲིད་དགྲ་བགེགས་དབང་དུ་བསྡུ་རུ་གསོལ། །བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཁ་ཐུན་བྷྱོ། མུ་ཐུན་བྷྱོ། མུ་ཁ་ཐུན་བྷྱོ་ཐུན་བྷྱོ། བསྭོ་ཨཱོྃ་ཨ་ཐུན་ཉེ་ལོ་ཡོ་ཐུན་སྤུངས་སོ་ཐད་དོ་ཐུན། ཧེ་རགྴ་གྲན་ལ་ཧྲིག་གོ་ཐུན་བྷྱོ། སྣི་རྩེ་གྲན་ལ་ཧྲིག་གོ་ཐུན་བྷྱོ། ཝེར་ཧྲིམ་གྲན་ལ་ཧྲིག་གོ་ཐུན་བྷྱོ། ཤ་འབལ་གྲན་ལ་ཧྲིག་གོ་ཐུན་བྷྱོ། ཙཀྲ་གྲན་ལ་ཧྲིག་གོ་ཐུན་བྷྱོ། མུ་མར་གྲན་ལ་ཧྲིག་གོ་ཐུན་བྷྱོ། ཨུ་དུག་གྲན་ལ་ཧྲིག་གོ་ཐུན་བྷྱོ། ཏིང་མུར་གྲན་ལ་ཧྲིག་གོ་ཐུན་བྷྱོ། ཏལ་ཟང་གྲན་ལ་ཧྲིག་གོ་ཐུན་བྷྱོ༑ ཕུ་ཏལ་གྲན་ལ་ཧྲིག་གོ་ཐུན་བྷྱོ། བསྭོ་ཨཱོྃ་ཨ་ཐུན་ཧྲིག་གོ་རཾ་ནི་ཧྲོ་མར་ཚངས། བསྭོ་ཨཱོྃ་ཨ་ཐུན་ཧྲིག་གོ་ཡཾ་ནི་ལི་ཐུན་འདུ། བསྭོ་ཨཱོྃ་ཨ་ཐུན་ཧྲིག་གོ་ཁཾ་ནི་ཏིང་མུར་ཤན། རྐོ་ཕུང་དུབ་དུབ་ཧ་ལ་ཤག་དུལ་ནན། མུ་ཡེ་ཧ་ར་ཐིམ་ཐིམ་ཡེ་ཨ། སད་དོ་སད་མིན་ཐིམ་ཐིམ་ཡེ་ཁ་ཁ་ཁ་ཐུན་བྷྱོ། མ་མ་ཡག་ཟུར་མུ་ཡེ། ཧྲོ་ཡོ་ཁྲི་རྩེ་དྲུག་སྣི་ཞི་ལོ་ཐིམ་ཐིམ་ཡེ་ཐུན་ཨ། ཐོ་ཡེ་ཧྲིག་གོ་ཧ་ལ་ཤག་དུལ་ནན། ཨ་ཧ་ར་སད་དོ་ཐུན་འདུ། ཏིང་འབྱུང་ཧ་ར་མུ་ཡེ་ཚེ་བྲུཾ་འདུ། ཛ་ཅི་ཧ་ར། ཉེ་ལོ་ཧ་ར། མུ་ཡེ་ཧ་ར་ཨ།
ན་མོ་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང༌། བཀའ་མདོ་རྒྱུད་ལུང་མན་ངག་རྣམས་ཀྱི་བཀའ་བདེན་པ་དང༌། གཤེན་རབ་གཡུང་དྲུང་སེམས་དཔའ་རྣམས་ཀྱི་བཀའ་བདེན་པ་དང༌། རྒྱུད་གསུམ་འཛིན་པའི་བླ་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས། བདག་ཅག་སྒྲུབ་གཤེན་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་རྣམས་ལ་ཡས་ཀྱི་བདུད་གཡོས་པ་བཟློག་ཅིག མས་ཀྱི་སྲི་ལང་བ་བཟློག་ཅིག བྱེའོ་བཙན་འདྲོལ་བ་བཟློག་ཅིག མཐོན་པོའི་དམུ་བརྩོད་པ་བཟློག་ཅིག རྒྱལ་པོའི་སྨྱོ་འབོག་གཏོང་བ་བཟློག་ཅིག གཤིན་རྗེའི་འཁོར་ལོ་བསྐོར་བ་བཟློག་ཅིག ས་བདག་ཀླུ་གཉན་གྱི་གཏད་དུ་བཅུག་པ་བཟློག་ཅིག སྲིན་པོའི་ཙ་ཀྲ་བསྐོར་བ་བཟློག་ཅིག བན་བོན་གྱི་བྱད་ཁ་གཏོང་བ་བཟློག་ཅིག ཕྲ་མེན་གྱི་ངན་སྔགས་བསྐོར་བ་བཟློག་ཅིག བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག གློ་བུར་ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག་ཅིག ནད་རིགས་བཞི་བརྒྱ་རྩ་བཞི་བཟློག་ཅིག གདོན་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག་ཅིག ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག་ཅིག ཕོ་བརྒྱའི་མདའ་བདར་བ་བཟློག་ཅིག མོ་བརྒྱའི་དུག་གཡོས་པ་བཟློབ་ཅིག ཀིང་ཀང་དང་བཞི་གཤེད་བཟློག་ཅིག ལོ་ངན་དང་ཟླ་ཟུར་བཟློག་ཅིག ལྟས་ངན་དང་དགྲ་ཐན་བཟློག་ཅིག མོ་ངན་དང་རྨི་ངན་བཟློག་ཅིག བོན་ཟོར་དང་ཆོས་ཟོར་བཟློག་ཅིག ཕུར་བུའི་དབལ་སོ་བཟློག་ཅིག དྲང་སྲོང་གིས་དམོད་པ་གཏོང་བ་བཟློག་ཅིག མུ་སྟེགས་ཀྱི་ངན་སྔགས་བཟློག་ཅིག བདུད་ཀྱི་ཆོ་འཕྲུལ་ངན་པ་བཟློག་ཅིག མི་མཐུན་པའི་འགལ་རྐྱེན་བར་ཆད་ཐམས་ཅད་གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་ཞི་བར་གྱུར་ཅིག། །།
རྒྱ་ཀོང་ཙེ་འཕྲུལ་རྒྱལ་གྱིས་ལྷ་སྲིན་ཕམ་རྒྱལ་རྩོད་དུས་གསུངས་པ་ནི། ཞི་བར་གྱུར་ཅིག་བདུད་ཀྱི་སྡེ། །སྟོང་པར་གྱུར་ཅིག་ངན་སོང་གསུམ། །དར་ཞིང་རྒྱས་གྱུར་གཡུང་དྲུང་བོན། །དེ་བཞིན་ཡོངས་ཁྱབ་སེམས་ཅན་རྣམས། །བྱང་བར་གྱུར་ཅིག་སྡིག་དང་སྒྲིབ། །འཕེལ་བར་གྱུར་ཅིག་དགེ་བའི་ཚོགས། །བཀྲ་ཤིས་ཐོབ་ཅིག་ཡོན་གྱི་བདག །ཐོས་པར་གྱུར་ཅིག་སྟོན་པའི་བཀའ། །བཙན་པར་གྱུར་ཅིག་སྨོན་ལམ་མཐའ། །ཕྱོགས་བཅུའི་དུས་གསུམ་བདེ་བར་གཤེགས། །བདག་དང་མཐའ་ཡས་སེམས་ཅན་རྣམས། །གཉིས་མེད་ངང་ལ་མཉམ་གྱུར་ཅིག །སྟོན་པའི་ཐུགས་རྗེ་ཆེ་བར་ཤོག ལྷ་ཡི་སྨོན་ལམ་བཙན་པར་ཤོག །བོན་གྱི་བསྟན་པ་དར་བར་ཤོག །སེམས་ཅན་བདེ་སྐྱིད་འཛོམས་པར་ཤོག །མུ་དགེ་སྡིག་ཚོགས་ནུབ་པར་ཤོག །སྲིན་གྱི་དམོད་པ་རྒུད་པར་ཤོག །འཁོར་བ་སེམས་ཅན་ཐམས་ཅད་ཀྱང༌། །སྡུག་བསྔལ་མྱ་ངན་རྒྱུན་ཆད་ནས། །བཀྲ་ཤིས་དམ་པ་ཐོབ་པར་ཤོག ། ཅེས་མདོ་གཟེར་མིག་ལས་བྱུང་བའོ། །བདེར་གཤེགས་སྤྱན་དྲངས་ཕྱག་འཚལ་མཆོད་པ་ཕུལ་བ་དང༌། །བཤགས་དང་སྡོམ་དང་གསོལ་བ་བཏབ་པ་དང༌། །སྨོན་ལམ་བཏབ་པའི་དགེ་བ་ཅི་བསགས་པ། །འགྲོ་བ་རྣམས་དང་ཐུན་མོང་སྤྱིར་བྱས་ཏེ། །ཀུན་ཀྱང་བླ་མེད་འབྲས་བུ་འཐོབ་བྱའི་ཕྱིར། །བདག་གཞན་དོན་དུ་བྱང་ཆུབ་ས་ལ་བསྔོ། །སྔ་རབས་འདས་པའི་གཤེན་རབ་ཐམས་ཅད་ཀྱིས། །དམིགས་པ་མེད་པར་བསྔོས་པ་ཇི་བཞིན་དུ། །བདག་གཞན་དགེ་རྩ་བསོད་ནམས་ཅི་བསགས་པ། །བདག་ཀྱང་དེ་བཞིན་དུ་དམིགས་པ་མེད་པར་ཡོངས་སུ་བསྔོ་བར་བགྱིའོ། ྋ །རྗེ་རྒྱལ་བ་འདུས་པའི་ངོ་བོ་ཉིད། །བླ་མ་རྣམས་ཀྱི་བྱིན་རླབས་ཀྱིས། །འཇིག་རྟེན་གྱི་སྣང་བ་ལ་མི་ཆགས་པར། །ཆགས་མེད་ཀྱི་རང་གྲོལ་ལ་སྤྱོད་པར་ཤོག །སྒྱུ་ལུས་ལ་ཞེན་པ་མི་ཆགས་པར། །སྒྱུ་མ་ཡི་མཚན་ཉིད་འཛིན་པར་ཤོག །འདོད་ཡོན་ལ་ཞེན་པ་མི་ཆགས་པར། །ཆོག་ཤེས་ཀྱི་གཏེར་ལ་སྤྱོད་པར་ཤོག །བར་ཆད་ཀྱི་རྐྱེན་ཁར་མི་འཆོར་བར། །རང་སེམས་ལ་ངེས་ཤེས་འཁྲུངས་པར་ཤོག །ཐ་སྙད་ཀྱི་ཚིག་ཕྱིར་མི་འབྲང་བར། །དོན་ཟབ་ཀྱི་རོ་མཆོག་མྱོང་བར་ཤོག །ཀུན་རྫོབ་ཀྱི་སྣང་བ་ལ་མི་འགག་པར། །དོན་དམ་གྱི་ཞེན་ཡུལ་གྲོལ་བར་ཤོག །ཐབས་ཀྱི་ལམ་མཆོག་རྙེད་པ་དང༌། །ཤེས་རབ་ཀྱི་ས་གནས་བགྲོད་པར་ཤོག །སྟོང་གསལ་དུ་སྣང་བ་ལྷན་ཅིག་ཏུ། །སྣང་སྟོང་དུ་རང་ངོ་འཕྲད་པར་ཤོག །རྣམ་སྨིན་གྱི་ལུས་རྒྱ་ཞིག་པའི་དུས། །འོད་གསལ་དུ་མ་བུ་འཕྲད་པར་ཤོག །མཁྱེན་པའི་ཉི་མ་ཤར་བ་དང༌། །བརྩེ་བའི་འགྲོ་ལ་ཕན་པར་ཤོག །སྒོ་གསུམ་གྱི་རྣམ་སྨིན་ཀུན་བྱང་ནས། །སྐུ་གསུམ་གྱི་འབྲས་བུ་སྨིན་པར་ཤོག །བསམ་སྦྱོར་དག་པའི་སྨོན་ལམ་འདི། །སྨོན་པ་བཞིན་དུ་འགྲུབ་པར་ཤོག ྋ །སྨོན་ལམ་འདི་བཏབ་དགེ་བའི་མཐུ་དཔལ་གྱིས། །ནད་མུག་མཚོན་གྱི་བསྐལ་པ་ཞི་བ་དང༌། །དཔལ་འབྱོར་བསོད་ནམས་ཕུན་སུམ་ཚོགས་པ་ཡིས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །སངས་རྒྱས་བསྟན་པ་རབ་དར་ནས། །སེམས་ཅན་དཔལ་འབྱོར་ཕུན་སུམ་ཚོགས། །ཡིད་བཞིན་ནོར་བུའི་རྒྱ་མཚོ་ལྟར། །དུས་ནམ་རྟག་ཏུ་བཀྲ་ཤིས་ཤོག ། ཅེས་བདབ་བོ། །གཤེན་རབ་རྣམ་པར་རྒྱལ་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་སྐུ་ལ་ཕྱག་འཚལ་ལོ། ། བསྭོ་མུ་ཡེ་སྤྲོས་ཁྱུང་ཡེ་ལམ་ཀྲི་ཁྲི་ཏར་དར་གསལ་འབར་འོད་དཔག་རམ་སྭཱཧཱ། བསྭོ་དམུ་ར་ཏ་ཧན་ཝེར་ནི་བྲུཾ་ཧྲུན། མུ་ཏྲེ་མུ་ཏྲེ་མུ་ར་མུ་ཏྲེ། མུ་ཡེ་མུ་ཡེ་ཧ་ར་མུ་ཡེ། མུ་སྤྲོས་མུ་སྤྲོས་ཝེར་རོ་མུ་སྤྲོས། མུ་ནི་གྱེར་ཏོ་ཡེ་ཁྱབ་ཁར་རོ། སྤྲོས་བདལ་ཧྲི་ཧྲོ། ཝེར་ནི་ཝེར་རོ། ཤུད་ལ་ཝེར་རོ་ན་ཧུ་ཏ་ཀ ཤུད་དྷོ་ཤུད་དྷོ་དུ་ཤུད་དྷོ་ཡ། ས་ལེ་ས་ལེ་ཏྲི་ས་ལེ་ཡ། སང་ངེ་སང་ངེ་སུ་སང་ངེ་ཡ། དམུ་ར་ཏ་ཧན་ཁྲི་ཙེ་དྲུང་མུ། ཧ་ཧ་བྲུཾ་བྲུཾ། ཧོ་ཧོ་ལམ་ལམ། ཧཱུྃ་ཧཱུྃ་ཕཊཿཕཊཿ སྒོ་གསུམ་དག་པའི་དགེ་བ་གང་བགྱིས་པ། ཁམས་གསུམ་སེམས་ཅན་རྣམས་ཀྱི་དོན་དུ་བསྔོ། །དུས་གསུམ་བསགས་པའི་ལས་སྒྲིབ་ཀུན་བྱང་ནས། །སྐུ་གསུམ་རྫོགས་པའི་སངས་རྒྱས་མྱུར་ཐོབ་ཤོག། །