སྣེ་གདོང་ཆུས་སློབ་འབྲིང་གིས་སློབ་མའི་ལུས་སེམས་བདེ་ཐང་ཡོང་བའི་ཐད།

政务   2024-11-05 12:43   西藏  


སྣེ་གདོང་ཆུས་སློབ་འབྲིང་གིས་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བའི་
རྨང་རྡོ་སྲ་ཞིང་བརྟན་པ་བཏིང་བ། 

སྣེ་གདོང་ཆུས་སློབ་འབྲིང་དུ་སྐྱོད་སྐབས།  སློབ་གྲྭའི་ཁོར་ཡུག་གཙང་ལ་སྒྲིག་ཆས་འཐུས་ཚང་ཡོད་པ་དང་། ཕྲུ་གུ་ཚོའི་དཔེ་ཀློག་གི་སྒྲ་སློབ་ཁང་གི་ཁུག་ཆ་གང་སར་ཁྱབ་ནས་མི་སེམས་འགུལ་བའི་གླུ་གཞས་མཉམ་གཏོང་ཆེན་པོ་ཞིག་དང་མཚུངས། 
འདི་ནི་སློབ་མ་ཚོས་སྐད་གསངས་མཐོན་པོས་ཀློག་འདོན་བྱེད་བཞིན་པ།


ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་སློབ་འབྲིང་གིས་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ནས་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱ་རྒྱུ་དེ་སློབ་གསོའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ་སློབ་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ་དང་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་མར་སྐྱོན་བྲལ་དང་།  ཞི་མཐུན། ཧུར་བརྩོན་ཡར་སྐྱེད་བཅས་ཀྱི་འཚར་ལོངས་ཁོར་ཡུག་ཧུར་ཐག་བཏོད་ཡོད་པ་རེད།    



འདི་ནི་སློབ་མ་ཚོས་རྒྱུག་ཤར་གློད་ནས་གཟུགས་པོར་སྦྱོང་བརྡར་བྱེད་བཞིན་པ།


 “ཏིང་ཏིང་ཏིང་……” སློབ་ཚན་གྲོལ་བའི་དྲིལ་བརྡ་སྒྲོགས་པ་དང་། སློབ་ཕྲུག་ཚོ་སློབ་ཁང་ནས་དོན་ཏེ་དགའ་སྤྲོའི་ངང་སློབ་གྲྭའི་ཐང་ཆེན་དུ་རྒྱང་བསྒྲགས་ལུས་རྩལ་དང་སྒོར་གཞས་འཁྲབ་རྒྱུ་རེ་སྒུག་བྱེད་བཞིན་མཆིས། 


འདི་ནི་སློབ་མ་ཚོས་སྒོར་གཞས་འཁྲབ་བཞིན་པ།


རྒྱང་བསྒྲགས་ལུས་རྩལ་གྱི་སྙན་འཇེབས་ལྡན་པའི་རོལ་དབྱངས་དང་བསྟུན་ནས་སློབ་མ་ཚོས་སྒོར་གཞས་འཁྲབ་པ་དང་།    ཁོང་ཚོའི་ངོ་གདོང་ནས་ལྷད་མེད་དྭངས་གཙང་དང་བདེ་སྐྱིད་ལྡན་པའི་འཛུམ་མདངས་མངོན་པ་དང་ཐང་ཆེན་ཐོག་ལང་ཚོའི་གསོན་ཤུགས་དང་དགའ་སྤྲོའི་རྣམ་པས་ཁེངས། 



འདི་ནི་སློབ་མ་ཚོས་མིག་སྲུང་ལུས་སྦྱོང་བྱེད་བཞིན་པ།

ལོ་རིམ་བརྒྱད་པའི་འཛིན་གྲྭ་བདུན་པའི་སློབ་མ་རིག་འཛིན་སྒྲོལ་དཀར་གྱིས།


སྔ་དྲོའི་སློབ་གསེང་ལུས་སྦྱོང་གི་བྱེད་སྒོའི་ནང་རྒྱང་བསྒྲགས་ལུས་རྩལ་ཡོད་ལ་སྒོར་གཞས་ཀྱང་ཡོད་པས་ལུས་སྦྱོང་སྣེ་མང་ཕུན་སུམ་ཚོགས་པོ་ཡོད།  ཕྱི་དྲོ་མིག་སྲུང་ལུས་སྦྱོང་ཡོད་པ་དང་།  སློབ་གྲྭས་ད་དུང་དགུན་དུས་ཀྱི་སློབ་གསེང་ལུས་སྦྱོང་ཁྲོད་རྒྱུག་ཤར་གློད་པའི་བྱེད་སྒོ་སོགས་སྤེལ་གྱི་ཡོད་པས།  ང་ཚོའི་གཟུགས་པོ་བདེ་ཐང་ཡོང་ཐུབ་པ་མ་ཟད། སྦྱོང་བརྡར་གྱི་གོམས་གཤིས་ཀྱང་ཡག་པོ་ཞིག་འཇགས་ཐུབ་ཀྱི་འདུག་ཅེས་བཤད།   


འདི་ནི་སློབ་མ་ཚོས་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།

སྣེ་གདོང་ཆུས་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཀྲའོ་ཞང་ལི་ཡིས།


སློབ་གྲྭས་རྒྱལ་དར་འོག་གི་གསུང་བཤད་དང་།    སློབ་གྲྭའི་རྒྱང་བསྒྲགས།   དྲིལ་བསྒྲགས་སྒྲོམ་སྟེགས་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་བདེ་ཐང་དང་འཕྲོད་བསྟེན་གྱི་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་མ་ཟད།    རྒྱལ་ཁབ་ཀྱི་སློབ་ཚན་ཚད་གཞི་གཞིར་བཟུང་ལུས་རྩལ་སློབ་ཚན་བཀོད་སྒྲིག་ནན་པོ་བྱས་ནས་སློབ་མ་ཚོས་ཉིན་ལྟར་ལུས་རྩལ་ཆུ་ཚོད་གཅིག་སྦྱོང་བའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བརྗོད། 


འདི་ནི་སློབ་མ་ཚོས་སློབ་ཚན་ཉན་བཞིན་པ།


སྣེ་གདོང་ཆུས་སློབ་འབྲིང་གི་སེམས་ཁམས་བློ་འདྲི་ཁང་དེ་དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པ་ཞིག་ཡོད་ཅིང་།  གྱང་ཐོག“རང་འབད།   རང་བརྩི།   རང་ཚུགས།   རང་གཅེས།   རང་གཅུན”བཅས་ཀྱི་སྦྱར་ཡིག་བཀལ་ཡོད།    ཁང་པའི་ནང་ལྗང་མདོག་རྩི་ཤིང་སྣ་ཚོགས་དང་རྩེད་ཆས་སོགས་བསྒྲིགས་ཡོད་པས་སློབ་མ་ཚོར་ལྷོད་གཡེང་བག་ཕེབས་ཀྱི་ཁོར་ཡུག་ཡག་པོ་ཞིག་བཏོད་ཡོད་པ་རེད།    



འདི་ནི་སེམས་ཁམས་བློ་འདྲི་ཁང་གི་ཀྲུའུ་རེན་གཞོན་པ་སྐལ་བཟང་ཆུང་བས་སློབ་མའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ནན་ཏན་ངང་ཉན་བཞིན་པ།


“ཉེ་ཆར་སློབ་སྦྱོང་གི་གནོན་ཤུགས་ཆེན་པོ་འདུག་གམ།   འཚོ་བའི་ཁྲོད་དཀའ་ངལ་གང་འདྲ་འདུག”ཅེས་སེམས་ཁམས་བློ་འདྲི་ཁང་གི་ཀྲུའུ་རེན་གཞོན་པ་སྐལ་བཟང་ཆུང་བས་ངང་རྒྱུད་རིང་པོའི་སྒོ་ནས་སློབ་མ་ཚོའི་འཚོ་བ་དང་སློབ་སྦྱོང་ཁྲོད་འཕྲད་པའི་བདེ་སྡུག་ཉན་བཞིན་ཁོང་ཚོར་སེམས་གསོ་གཏོང་གིན་དུ་ཧུར་བརྩོན་ཡར་སྐྱེད་ཀྱི་སེམས་ཁམས་ཞིག་དགོས་པའི་ཁྲིད་སྟོན་བྱེད་ཀྱི་ཡོད།



སྐལ་བཟང་ཆུང་བས།



སློབ་གྲྭས་སེམས་ཁམས་བདེ་ཐང་གི་སློབ་གསོར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།    སློབ་མའི་སེམས་ཁམས་ཀྱི་གནད་དོན་ལ་དབྱེ་ཞིབ་དང་མཛུབ་སྟོན་བྱས་ཏེ།  སེམས་ཁམས་ཟུར་ཁྲིད་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་། སེམས་ཁམས་རིག་པའི་སྐོར་གྱི་བརྙན་ཐུང་སྟོན་པ་མ་ཟད།    ད་དུང་དཀའ་ངལ་ཡོད་པའི་སློབ་མའི་ཁྱིམ་དུ་ཕྱིན་ནས་ཁོ་ཚོའི་སེམས་ཁམས་བདེ་ཐང་ཡོང་བའི་ཁྲིད་སྟོན་བྱེད་ཀྱི་ཡོད།    ཕྱིས་འབྱུང་ང་ཚོས་སེམས་ཁམས་བདེ་ཐང་གི་སློབ་གསོར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་སྔོན་ཐོན་གྱི་སློབ་ཁྲིད་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཏེ་སློབ་མ་ཚོ་འཚར་ལོངས་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་རྒྱུ་ཡིན་ཞེས་བརྗོད།  


འདི་ནི་དགེ་རྒན་གྱིས་སློབ་མའི་ཁྱིམ་དུ་འཚམས་འདྲི་བྱེད་བཞིན་པ།


སྣེ་གདོང་ཆུས་སློབ་འབྲིང་གིས་ད་དུང་རྐང་རྩེད་སྤོ་ལོ་དང་ལག་རྩེད་སྤོ་ལོ་སོགས་སློབ་མས་དགའ་པོ་བྱེད་པའི་ཚོགས་སྤྱིའི་སློབ་ཚན་བཀོད་སྒྲིག་བྱས་ཡོད་པ་དང་འབྲེལ་ལུས་རྩལ་འགྲན་ཚོགས་སོགས་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་བརྒྱུད་སློབ་མའི་སློབ་གསེང་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་སྟེ་ལུས་རྩལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད་པ་རེད། 



འདི་ནི་སློབ་མ་ཚོས་ལག་རྩེད་སྤོ་ལོ་རྒྱག་བཞིན་པ།


སྣེ་གདོང་ཆུས་སློབ་འབྲིང་དུ་སློབ་མ་ཚོས་ཤེས་བྱའི་རྒྱ་མཚོའི་ནང་ལུས་སེམས་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ལམ་བུའི་ཐོག་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད།  སློབ་གྲྭས་ཇུས་འགོད་ཞིབ་ཚགས་བྱས་པའི་སློབ་ཚན་དང་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་སློབ་མ་ཚོའི་གཟུགས་གཞི་བདེ་ཐང་དུ་བཏང་བ་མ་ཟད།  ཁོང་ཚོའི་སེམས་ཁམས་དེ་བས་བདེ་ཐང་དུ་གྱུར་ཡོད།  དེ་གར་སློབ་མ་མི་རེ་ངོ་རེར་རང་ཉིད་ལ་དབང་བའི་གར་སྟེགས་ཤིག་རྙེད་ནས་རང་ངོས་ཀྱི་དགེ་མཚན་མངོན་པ་དང་ཕུགས་འདུན་མངོན་འགྱུར་ཐུབ་ཀྱི་ཡོད། 



འདི་ནི་སློབ་མ་ཚོས་ཞབས་བྲོ་འཁྲབ་བཞིན་པ།

སྣེ་གདོང་ཆུས་སློབ་འབྲིང་གི་སློབ་སྤྱི། སྤྱི་ཁྱབ་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་གཞོན་པ་ཚེ་དབང་རྡོ་རྗེས།



ང་ཚོའི་སློབ་གྲྭས་སློབ་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ་དང་།  དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  ལུས་རྩལ་སྒྲིག་ཆས་འཐུས་ཚང་དུ་གཏོང་བ།  ལུས་རྩལ་བྱེད་སྒོ་དང་འགྲན་བསྡུར་སྒྲིག་འཛུགས་བྱེད་པ་སོགས་ཀྱི་ཐད་ནས་སློབ་གྲྭའི་ལུས་རྩལ་སློབ་གསོར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡོད། སེམས་ཁམས་བདེ་ཐང་གི་སློབ་གསོའི་ཐད་ང་ཚོས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། ཟུར་ཁྲིད་ཁང་འཛུགས་པ།  དགེ་རྒན་གྱི་ནུས་པ་མཐོ་རུ་གཏོང་བ།  བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་བ།  ཁྱིམ་ཚང་དང་སློབ་གྲྭ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཕྱོགས་བསྡུས་བྱེད་ཐབས་སྤྱད་དེ་སློབ་མའི་སེམས་ཁམས་བདེ་ཐང་ཡག་པོ་སྲུང་བཞིན་ཡོད།   ཕྱིས་འབྱུང་ང་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ་ལུས་རྩལ་དང་སེམས་ཁམས་བདེ་ཐང་གི་སློབ་གསོའི་ལས་དོན་དེ་བས་ལེགས་པར་བསྒྲུབ་སྟེ་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་དང་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་དོ།

ཡེ་ཤེས་བཟང་མོས་བསྒྱུར། བསོད་བསྟན་དང་བསོད་དོན་གྱིས་ཞུས།

ཡོང་ཁུངས། ལྷོ་ཁའི་བོད་ཡིག་ཚགས་པར། 

འགན་འཁུར་རྩོམ་སྒྲིག་པ།  བསོད་ནམས་བསྟན་པ།

ལག་བསྟར་རྩོམ་སྒྲིག་པ།   ཡེ་ཤེས་བཟང་མོ།  

ཞུ་དག   བསོད་ནམས་དོན་གྲུབ།

山南发布
བོད་ལྗོངས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་བོད་ཡིག་འགྲེམས་བསྒྲགས་འཕྲིན་སྟེགས།
 最新文章