བྲག་ཕུག་ངོས་ཀྱི་ས་པཎ་རྣམ་ཐར།
རྩོམ་པ་པོ། བཞག་ཚ།
ས་པཎ་ཕུག་ཅེས་པའི་འཇམ་མགོན་ས་པཎ་གྱིས་འཇམ་དབྱངས་ལྷ་ལྔས་ཞལ་གཟིགས་སའི་སྒྲུབ་ཕུག་སྟེ། མུ་སྟེགས་པའི་སྟོན་པ་འཕྲོག་བྱེད་དགའ་བོ་སོགས་སྟོན་པ་དྲུག་ཚར་གཅོད་པར་བྱེད་པའི་ཡུལ། སྔ་མར་མངའ་རིས་ཁོངས་སུ་གཏོགས་ལ། "མངའ་རིས་གུང་ཐང"་ཞེས་པ་ལྟར་ལོ་རྒྱུས་ཡིག་ཆ་ཁག་ཏུ་ཁོད་ཡོད། ད་སྐབས་བོད་ལྗོངས་གཞིས་རྩེའི་ཁོངས་སུ་གཏོགས་ལ་སྐྱིད་གྲོང་རྫོང་མང་ཡུལ་གུང་ཐང་ཚོང་འདུས་གྲོང་ཚོ་རུ་ཡོད་འདུག ཡུལ་སྡེ་འདིས་"ལྷ་ལྔ་ཕུག་"མ་གཏོགས་འབོད་མཁན་མི་འདུག ལྷ་ལྔ་ཕུག་ཅེས་པ་ནི། སྒྲུབ་ཕུག་འདིའི་ནང་ལྷ་ལྔ་ཡོད་པ་ཙམ་ལས་གཞན་གང་ཡང་རྒྱུ་མཚན་མི་འདུག ས་སྐྱ་གོང་མ་སྣ་ལྔའི་སྐུ་འདྲ་ཆ་ཚང་བ་རྙིང་བ་ཞིག་དང་། དཀར་སེང་སེང་གི་མཆེད་རྟེན་ལྔ་འདུག འཇམ་མགོན་ས་པཎ་གྱི་རྣམ་ཐར་ནང་འཇམ་དབྱངས་ལྷ་ལྔས་ཞལ་གཟིགས་མཛད་མྱོང་བས། འདི་དག་དད་པའི་རྟེན་དུ་མཆོད་རྟེན་ལྔ་རུ་བཞེངས་ཡོད་པར་ཚོར་སྣང་བྱུང་།
ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འདི་ཉིད་ས་ཆེན་གྱི་སྲས་བཞི་པ་འཁོན་དཔལ་ཆེན་འོད་པོའི་སྲས་སུ་རབ་བྱུང་གསུམ་པའི་ཆུ་སྟག་ལོར་གཙང་དུ་སྐུ་འཁྲུངས། རྗེ་བཙུན་གྲགས་པ་རྒྱལ་མཚན་ལས་ས་སྐྱ་གོང་མའི་གསུང་བཅུད་མདོ་སྔགས་ཀྱི་ཟབ་གནད་མ་ལུས་པ་གསན། དགུང་ལོ་ཉེར་གསུམ་ནས་བཟུང་ཁ་ཆེ་པཎ་ཆེན་མཁན་སློབ་ལས་རིག་གནས་ཆེ་ཆུང་བཅུ་ལ་སྦྱངས་པ་མཐར་ཕྱིན་མཛད་པས་པཎྜི་ཏའི་མཚན་སྙན་ཐོབ་ཅིང་། འདི་གངས་ལྗོངས་ཀྱི་པཎྜི་ཏ་དང་པོ་དེ་ཡིན་པར་ལོ་རྒྱུས་ཡིག་ཆ་ཁག་ཏུ་འཕྲུལ་སྣང་མི་འདུག་པའི་བདེན་དོན་ཞིག་རེད། བོད་ཀྱི་ལོ་རྒྱུས་དང་རིག་གནས་ལོ་རྒྱུས་ཐོག་ཏུ་མཚན་སྙན་གྲགས་ཆེ་ཞིང༌། བོད་མི་རིགས་ལ་ཉེན་ཁ་ཆེ་བའི་འགག་རྩའི་དུས་སྐབས་འཛམ་གླིང་ལ་སྙན་གྲགས་ཆེ་བའི་ཧོར་གོ་དན་གྱི་སར་ཕེབས་ནས་ཉེན་ཁ་ལས་གྲོལ་མཁན་དང་། དགོན་སྡེའི་ལོ་རྒྱུས་ཐོག་ཏུ་འབྱུང་བར་དཀའ་བའི་རྩོད་གླེང་ཆེན་མོའི་མཛད་རྒྱས་འཛམ་གླིང་ལ་སྤེལ་མཁན་ཁོང་ཡིན་པ་དེང་སང་ན་གཞོན་དག་གི་ཤེས་དགོས་པའི་དོན་ཚན་གཅིག་རེད་སྙམ་པའི་བཤད་སྤོབས་ནུས། འདི་ནི་ང་ཚོས་མི་རིགས་གཞན་ལ་ངོམ་ཆོག་ཆོག་ཏུ་ཡོད་པའི་གངས་ལྗོངས་ཤེས་རིག་གི་སྙིང་སྟོབས་ཤིག་མ་ཡིན་ནམ། འདི་ནི་ང་ཚོའི་ཆོས་ཀྱི་ལོ་རྒྱུས་ཁྲོད་དུ་འབྱུང་བར་དཀའ་བའི་གཟི་བརྗིད་ཀྱིས་འགྱིང་བའི་གངས་རི་ཞིག་མ་ཡིན་ནམ། འདི་ནི་གྲུབ་མཐའ་དང་ཆོས་རྒྱུད་གང་གི་དབྱེ་བ་ཙམ་མ་ཡིན་པར་བོད་ཡུལ་ཐུན་མོང་གི་ནང་བསྟན་ལོ་རྒྱུས་ཐོག་ཏུ་མ་ཤེས་ཐབས་མེད་ཀྱི་གནས་ཆེན་ཞིག་ཅི་ལ་མི་འོས། གནས་ཡུལ་འདི་ནི་ཉམས་པར་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་དགོས་པའི་གནས་ཤིག་རེད་སྙམ་པའི་སྣང་བ་ཞིག་བྱུང་སོང་།
དགུང་ལོ་ཆུང་དུས་ནས་བཟུང་ཚད་མ་རིག་པ། བཟོ་རིག་པ། སྐར་རྩིས། སྒྲ་རིག་པ། གསོ་བ་རིག་པ། ཕར་ཕྱིན། དབུ་མ། འདུལ་བ། མངོན་པ་མཛོད་སོགས་མདོ་ཕྱོགས་དང༌། གསང་སྔགས་རྒྱུད་སྡེ་བཞི་ལ་སོགས་པ་ཤེས་པའི་རྐང་གྲངས་ཙམ་མ་ཡིན་པར་ལག་ལེན་ཐོག་མཁས་པའི་སྤོབས་པ་མངོན་ཐུབ་པའི་མཁས་པར་གྱུར་ཞིང་དེའི་སྙན་གྲགས་རྒྱ་གར་ཡུལ་གྲུ་ཀུན་ཏུ་ཁྱབ་པ་གྱུར་པའི་བོད་ཀྱི་གནས་ལྔ་རིག་པའི་པཎྜིཏའི་མཚན་གྱི་ཅོད་པན་གསོལ་བའི་ས་པཎ་ཀུན་དགའ་རྒྱལ་མཚན་ཁོང་སྤྱི་ལོ«1207»དང་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་«1238»ལོར་སྐྱིད་གྲོང་དུ་ཕེབས་ཏེ་བྲག་ཕུག་འདིར་སྐུ་མཚམས་ལ་བཞུགས་སྐབས། རྒྱ་གར་ལྷོ་ཕྱོགས་ཀྱི་མུ་སྟེགས་པའི་སྟོན་པ་འཕྲོག་བྱེད་དགའ་བོ་འཁོར་དང་བཅས་པ་སྐྱིད་གྲོང་དུ་སླེབས་ཀྱང་བོད་ཀྱི་མཁས་པ་འཇམ་མགོན་ས་པཎ་དང་རྒྱལ་ཕམ་རྩོད་གླེང་བྱེད་རྒྱུ་ཡིན་ཚུལ་འུར་སྒྲོག་བྱས། བསྟན་པ་དཔང་དུ་བཙུགས་ཏེ་གལ་ཏེ་སུ་ཞིག་ཕམ་སོང་ན་དེ་ཉིད་རྒྱལ་ཁ་ཐོབ་མཁན་དེའི་བསྟན་པའི་རྗེས་སུ་ཞུགས་དགོས་པ་རེད། དེ་ནས་འཇམ་མགོན་ས་པཎ་དང་འཕྲོག་བྱེད་དགའ་བོ་གཉིས་ལུང་དང་རིགས་པའི་ལམ་ནས་རྩོད་པ་བྱས། འཕྲོག་བྱེད་དགའ་བོའི་ལོག་རྟོག་གི་རི་བོ་བསྙིལ་བར་བྱས་ཏེ་སྨྲ་བ་མེད་པར་བསྒྱུར་བས་ཕྱོགས་ལས་རྣམ་པར་རྒྱལ་ཞིང་། དེའི་དཔང་རྟགས་ཁོའི་རལ་པ་བྲེགས་ནས་དཔལ་ལྡན་ས་སྐྱ་གོང་ས་སྐྱའི་དབུ་རྩེ་རྙིང་མའི་མགོན་ཁང་ནང་དུ་ཡོད་པར་གྲགས། དེ་ནི་གཅིག་མཐུན་གྱི་ལོ་རྒྱུས་ཤིག་རེད། ངས་འདི་ནས་འཇམ་མགོན་ས་པཎ་གྱི་སྙིང་སྟོབས་ལས་འཇམ་དབྱངས་སྒྲུབ་ཕུག་ཅིག་མཇལ་སོང་།
རྩོད་པ་བྱས་པའི་དུས་ཆོས་རྗེ་ས་པཎ་གྱི་ཕྲག་གོང་གཡས་པའི་སྟེང་འཇམ་དབྱངས་དམར་སེར་དངོས་སུ་བྱོན་ཏེ་རྩོད་པའི་གྲོགས་མཛད་དེ། འཕྲོག་བྱེད་དགའ་བོ་འཁོར་བཅས་མི་སྨྲ་བའི་བརྟུལ་ཞུགས་ལ་བཀོད་པས། འཕྲོག་བྱེད་དགའ་བོས། "བློ་གྲོས་སྟོབས་ལྡན་རིགས་པའི་ང་རོ་ཅན།། ཁྱོད་མིན་ཁྱོད་ཀྱི་ཕྲག་པ་གཡས་པའི་སྟེང་།། དམར་སེར་རལ་གྲི་ཅན་དེ་མ་ཐུབ་པས།། དེ་བས་ཁྱོད་རྒྱལ་ང་ནི་ཕམ་པར་གྱུར།།"ཅེས་བརྗོད་ནས་རང་གི་གྲུབ་མཐའ་འདོར་བར་མི་འདོད་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་ནས་བྲོས་ཀྱང་། ཆོས་རྗེ་ས་པཎ་གྱིས་རྡོ་རྗེ་ཕུར་པའི་ལྟ་སྟངས་མཛད་པ་ཙམ་གྱིས་རྫུ་འཕྲུལ་ཉམས་ཏེ་རྗེ་ཉིད་ཀྱི་སྐྱབས་འོག་ཏུ་ཚུད་པའི་ལོ་རྒྱུས་ནི། བོད་ཀྱི་གཙུག་ལག་རིག་གཞུང་ཁྲོད་དུ་བརྗིད་སྟོབས་ཀྱིས་འགྱིང་བའི་གངས་རི་ཞིག་དང་ཅི་འདྲ་མཚུངས།
ཆུང་བྱིས་དུས་ཀྱི་བླ་རྒན་དག་གི་ངག་རྒྱུན་ལས། འཇམ་མགོན་ས་པཎ་དང་མུ་སྟེགས་འཕྲོག་བྱེད་དགའ་བོ་ཉིན་བདུན་ལ་རྩོད་པ་བྱས་ཤིང་ཉིན་དྲུག་ལ་འཇམ་མགོན་ས་པཎ་ཕམ་ཞིང་ཉིན་ཐ་མ་རུ་ཁོང་གིས་སྒྲུབ་ཕུག་འདི་ནས་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་བསྒྲུབས་ཏེ་འཇམ་དབྱངས་ལྷ་ལྔ་ཞལ་གཟིགས་པས་འཇམ་མགོན་ས་པཎ་དང་འཇམ་དབྱངས་དབྱེ་མེད་དུ་རྩོད་པས། འཕྲོག་བྱེད་དགའ་བོས་ང་ཁྱོད་དང་རྩོད་པ་བྱས་ན་མི་སྐྲག རལ་གྲི་ཁུར་མཁན་དེ་ལ་སྐྲག་སོང་། ཅེས་པའི་ངག་རྒྱུན་འདི་ཡང་ཡུལ་འདི་ནས་གྱེས་པ་ཞིག་ཡིན་པར་གཞི་ནས་ཤེས་སོང་། ངག་རྒྱུན་འདིའང་ལོ་རྒྱུས་དང་འབྲེལ་བའི་རྒྱབ་ལྗོངས་ཤིག་ཡོད་རྒྱུ་སྙམ་ནས་བཀོད་པ་ཙམ་ཡིན།
གནས་འདི་ཉིད་དེང་སང་ཧ་གོ་མཁན་ནི་ཇེ་ཉུང་དང་། གནས་ཡོད་སའི་སྒྲུབ་ཕུག་ནི་ཁང་སྟོང་ལ་འགྱུར་བའི་ཉེན་ཁ། ཐ་ན་སྒྲུབ་ཕུག་འདིའི་མཚན་ཡང་འགྱུར་བཞིན་འདུག་སྙམ་པའི་སྐྱོ་སྣང་དཔག་ཏུ་མེད་སྐྱེས་ཤིང་། རང་ཉིད་སྒྲུབ་ཕུག་འདིར་ཡུད་ཙམ་ལ་བསྡད་དེ་«འཇམ་མགོན་ས་སྐྱ་པནྜི་ཏའི་བླ་མའི་རྣམ་འབྱོར་ཉམས་སུ་ལེན་ཚུལ་མཁྱེན་བརྩེ་ནུས་མཐུའི་ཆར་འབེབས་ཞེས་བྱ་བ» ཡོང་གྲགས་སུ«ས་འཇམ་སྦགས་སྒྲུབ» ཚར་གཅིག་འདོན་ནས་རང་གི་ཤེས་རབ་འཕེལ་བ་དང་བློ་སྟོབས་རྒྱས་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཇམ་མགོན་ས་པཎ་དབྱེ་མེད་དུ་གསོལ་འདེབས་སྨོན་ལམ་བྱས་ཏེ་རི་འདབས་སུ་ལོག་པ་ཡིན།
2024/9/13 ཡུལ་གུང་ཐང་ནས་ཟིན་བྲིས་བཏབ།