མཐོ་སྒང་གི་གད་སྙིགས་ཀྱིས་སྤྲད་པའི་ཉེན་ཁ།
མཐོ་སྒང་གི་གད་སྙིགས་དང་གྲོང་ཁྱེར་གྱི་གད་སྙིགས་ལ་རིགས་ཀྱི་སྒོ་ནས་ཁྱད་པར་ཆེན་པོ་མེད་ལ་གཙོ་བོ་སྲ་གཟུགས་ཅན་གྱི་སྙིགས་རོ་ཡིན། དཔེར་ན་འབྲོག་པའི་འཚོ་བར་སྟབས་བདེ་བསྐྲུན་པའི་གཅིན་སྟན་དང་གློག་རྡུལ་ཐོན་རྫས་སོགས་གད་སྙིགས་གསར་བའི་རིགས་དེ་དག་གིས་ཉམ་ང་བའི་མཐོ་སྒང་གི་སྐྱེས་ཁམས་ལ་ཤུགས་རྐྱེན་མང་དུ་ཐེབས་བཞིན་ཡོད།
རི་སྐྱེས་སྲོག་ཆགས་ལ་གད་སྙིགས་ཀྱི་གནོད་འཚེ་ཐེབས་བྱེད་གཙོ་བོ་ནི། རི་སྐྱེས་སྲོག་ཆགས་དགའ་ཤོས་ཀྱི་ཟས་རིགས་དང་ཟས་སྙིགས། དཔེར་ན། རུས་ཀོག་དང་མར་གྱི་འགྱིག་སྣོད། སྐོམ་ཆུའི་དམ་བེ། སྟབས་ཐུག་གི་ཁུག་མ་སོགས་ཡིན།
རི་སྐྱེས་སྲོག་ཆགས་དྲེད་མོང་ལ་ཤན་ཤུགས་ཐེབས་པ་མ་ཟད་འབྲོག་པ་རང་གི་ནོར་ལུག་ལའང་ཐེབས་བཞིན་ཡོད། ཞིབའཇུག་བྱས་པ་ལྟར་ན། གད་སྙིགས་ཟོས་ནས་ཤི་བའི་ནོར་གནག་གི་ཁོག་པ་གཤག་སྟེ་བལྟས་པ་ན་གྲོད་ཁོག་དུ་གད་སྙིགས་རྒྱ་མ་བཅུ་ཕྲག་ཙམ་ཡོད་པས། ང་ཚོའི་གད་སྙིགས་ཀྱིས་ང་ཚོའི་འཚོ་བར་ངན་ཤུགས་ཐེབས་བཞིན་ཡོད་པ་ཤེས་ཐུབ།
གད་སྙིགས་ཀྱིས་རང་བྱུང་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན།
ཆུ་ལ་ཐེབས་པའི་ཤུགས་རྐྱེན། གད་སྙིགས་གང་བྱུང་དུ་སྤུངས་པའམ་ས་འོག་དུ་ལེགས་པོར་མ་བཅུག་ཚེ་དེའི་ནང་དུ་ཡོད་པའི་ཆར་ཆུའི་ཟགས་ཁུ་དེ་ཉེ་འཁོར་གྱི་ཆུ་ནང་དུ་བཞུར་ནས་འབག་བཙོག་བཟོ་བཞིན་ཡོད།
ས་གཞིར་ཐེབས་པའི་ཤུགས་རྐྱེན། འཚོ་བའི་གད་སྙིགས་ས་ལ་སྤུངས་པའམ་ས་འོག་ཏུ་སྦས་ཚེ་ཞུ་མ་ཐུབ་པར་རུལ་སུངས་སུ་གྱུར་ཏེ་ས་གཞིར་འབག་བཙོག་བཟོ་བཞིན་འདུག
མཁའ་དབུགས་ལ་ཐེབས་པའི་ཤུགས་རྐྱེན། འཚོ་བའི་གད་སྙིགས་ས་ལ་སྤུངས་པས་རུལ་སུངས་སུ་གྱུར་པའི་གནོད་ཅན་གྱི་མཁའ་དབུགས་དང་དངོས་རྫས་ཕྲ་མོ་རླུང་གིས་བསྐྱོད་ཅིང་། གང་བྱུང་དུ་མེ་ལ་སྒྲོན་པས་གནོད་འཚེ་ཅན་གྱི་གྲུབ་རྒྱུ་འབོར་ཆེན་ཐོན་པ་དང་། ས་འོག་ཏུ་བཅུག་པས་མི་གཙང་བའི་དབུགས་སྣ་ཚོགས་ཡོང་ཉེན་ཆེ་བས། འདི་དག་ཐམས་ཅད་ཀྱིས་ཉེ་འཁོར་གྱི་མཁའ་དབུགས་ལ་གནོད་འཚེ་ཐེབས་སྲིད་པ་མ་ཟད་ཐ་ན་མེ་སྐྱོན་ཡང་འབྱུང་སྲིད།
མིའི་ལུས་ཕུང་ལ་ཐེབས་པའི་ཤུགས་རྐྱེན། འཚོ་བའི་གད་སྙིགས་ཀྱིས་གོང་སྨོས་འབག་བཙོག་དེ་དག་བརྒྱུད་ནས་མིའི་བདེ་ཐང་ལ་གནོད་སྐྱོན་ཐེབས་ངེས། དུས་ལྟར་གཙང་མར་དབོར་མི་ཐུབ་པའི་གད་སྙིགས་ཀྱི་ནང་ནས་དུག་སྦྲང་དང་ནད་རྒྱུ་སྐྱེ་དངོས་ཕྲ་མོ་སོགས་བྱུང་སྟེ་ང་ཚོའི་ལུས་ཕུང་བདེ་ཐང་ལ་གནོད་འཚེ་ཐེབས་སྲིད།