༄༄། །ས་དཔྱད་རྣོན་མོ་མཛུབ་ཚུགས་ཞེས་བྱ་བ་བཞུགས་སོ།།

文摘   2024-08-27 08:50   甘肃  
ཡོང་ཁུངས། ས་དཔྱད་ཕྱོགས་བསྒྲིགས།

༄༄། །ས་དཔྱད་རྣོན་མོ་མཛུབ་ཚུགས་ཞེས་བྱ་བ་བཞུགས་སོ།།
  བཅུ་གཅིག་ཕོ་མོ་བརྟག་པ་ནི། །རི་ཡི་ཕོ་མོ་རྩེ་མོས་དབྱེ། །རི་རྩེ་སྦོམ་པ་ཕོ་ལ་ཕྲ་བ་མོ། །ཤིང་གི་ཕོ་མོ་འབྲས་བུའི་དབྱེ། །འབྲས་བུ་ཡོད་པ་ཕོ་ལ་མེད་པ་མོ། །རྡོ་བྲག་ཕོ་མོ་ཟུར་གྱི་དབྱེ། །ཟུར་ཅན་ཕོ་ལ་ཟུར་མེད་མོ། །ཆུ་ཡི་ཕོ་མོ་འབབ་འཁྱིལ་དབྱེ། །དྲག་འབབ་ཕོ་ལ་དལ་འཁྱིལ་མོ། །ལམ་ནི་ཁ་དབྲག་དག་གི་དབྱེ། །ལམ་གཅིག་ཕོ་ལ་ཁ་དབྲག་མོ། །ན་བ་ཕོ་མོ་ཆུ་ཡིས་དབྱེ། །མགོ་ཉུང་ཕོ་ལ་མགོ་མང་མོ། །ས་ཆའི་ཕོ་མོ་འབུར་གཤོང་དབྱེ། །འབུར་བ་ཕོ་ལ་གཤོང་བ་མོ། འདེབས་ཀྱི་ཕོ་མོ་གཡས་གཡོན་དབྱེ། །འདེབས་ཀྱི་གཡས་ཕོ་གཡོན་པ་མོ། །བྱིས་པ་ཕོ་མོ་མགྱོགས་པ་སྤྲད།༈།བཅུ་གཉིས་ཆུ་ཡི་བརྟག་ཐབས་ནི། །བྱང་ནས་ལྷོ་འབབ་དཔལ་གྱི་ཆུ། །ནུབ་ནས་ཤར་འབབ་དབང་ཐང་ཆུ། །ལྷོ་ནས་བྱང་འབབ་ནོར་གྱི་ཆུ། །ཤར་ནས་ནུབ་འབབ་ཅུང་ཟད་ངན། །རེས་འབབ་རེས་སྐམ་དར་རྒུད་ཆེ། །འཁོར་ཞིངའཁྱིལ་ན་གཡང་གི་ཆུ། །ཤག་ཤག་འགྲོ་བ་མགྲོན་གྱི་ཆུ། །དཀར་ལ་གྲིམ་པ་སྲིད་ཀྱི་ཆུ། །དམར་ལ་རྒོད་པ་སྲེད་ཀྱི་ཆུ། །སེར་ལ་ཁམ་པ་ཆུ་སེར་ཆུ། །ནག་ལ་རྙོག་པ་གཅོང་གི་ཆུ། །ཁ་ནས་བབས་པ་དཔལ་གྱི་ཆུ། །སྙིང་ག་ནས་འབབ་དངོས་གྲུབ་ཆུ། །མིག་ནས་བབས་པ་ཉེས་ལྐུགས་ཆུ། །མཚན་མ་ནས་འབབ་མི་ནོར་འཕེལ། །གཡས་གཡོན་ཆུ་འབབ་བཟང་བར་བཤད། །གཡོན་ནས་འབབ་ཅིང་མདུན་དུ་འཁྱིལ། །ཞག་གི་མཚོ་མོ་འཁྱིལ་བ་ཡིན། །རྩེ་འཛིན་རྩེ་མོར་ཆུ་རྡོལ་ན། །མི་རྒྱུད་སྤྲང་པོར་འགྲོ་བར་བཤད། །ཆུ་སྐད་ཆད་ན་རྒྱུད་སྐད་ཆད། ། སྐྱེད་འབྲི་ཆེ་ན་བསོད་ནམས་དར་རྒུད་ཆེ། །ན་ཆུ་ཆུ་རུལ་མྱ་ངན་ངོ། །གཡས་གཡོན་ཆུ་ལྐུགས་མིག་གི་མཆིལ་མ་ཡིན། །ཞབས་སུ་ཆུ་རྡོལ་ངན་པའི་ཐ། །མགོ་མང་རྡོལ་ན་བརྒྱ་སྟོང་འཕེལ། །བྲག་ལས་ཆུ་འབབ་མི་འབྲུ་སྲ། །ལྷོ་རྡོལ་བུ་སྲིང་ཕ་མ་འཚོ། །གཡས་རྡོལ་ཆེ་རྒྱུད་གཡོན་རྡོལ་བུ།།དབུས་རྡོལ་འབྲིང་རྒྱུད་འཕེལ་བའི་ཆུ། །རི་བྲག་ཁ་འདྲ་ནས་འབེབས་ཆུ། །སྒྲ་བཟང་དབང་ཐང་ཆེ་བར་བཤད། །མཇེ་འདྲ་ནས་འབབ་བུ་ཚ་འཕེལ། །རྣ་བ་ནས་འབབ་དཔའ་རྩལ་ཆེ། །ནུ་འདྲ་ནས་འབབ་མི་ནོར་འཕེལ། །གཡས་གཡོན་ཆུ་གཉིས་མདུན་འཁྱིལ་བཟང་། །དུར་གྱི་དབྱིངས་ལས་ཆུ་རྡོལ་ངན། །དོང་དུ་སོང་ན་ཡུལ་མི་བརླག །སྟུ་འདྲ་ནས་འབབ་ནལ་མ་མང་། །ཤིན་ཏུ་སྒྲ་ཆེ་གྱོད་ཆུ་ཡིན། །རྐུབ་འདྲ་ནས་འབབ་དག་དིབ་མང་། །རྫིང་ཁྲོན་དབྱར་སྐྱེས་དགུན་སྐམ་དང་། །ངམ་གྲོག་གཏིང་རིང་ཆུ་འབབ་དང་། །རྩ་དང་ཀོ་མོག་བ་ཚ་ཅན། །ངན་ཆུ་བསགས་དང་མདུན་ཆུ་དང་། །རླན་ཅན་སར་བཏབ་བུ་ཚ་གླེན། །གངས་ལས་ཆུ་འབེབས་འཕེལ་ཀྱང་སྙི། །བཟང་བའི་ཆུ་རྣམས་ཐམས་ཅད་ནི། །གཙང་པོར་སླེབ་དགོས་མ་སླེབ་མིན། ༈ །བཅུ་གསུམ་ཤིང་གི་བརྟག་ཐབས་ནི། །རྩེ་འཛིན་རྒྱབ་རི་གང་རུང་ལ། །ཤིང་སྐམ་གཅིག་སྐྱེས་བདུད་མདའ་ངན། །སྟེང་གི་ཤིང་སྐམ་རྐང་གཅིག་ངན། །གཡས་གཡོན་ནུབ་ཀྱི་ཤིང་སྐམ་གཅིག །ངན་པ་ཡིན་ཞེས་ཞབས་ཀྱི་ཤིང་། །རློན་པ་སྐྱེས་ན་བཟང་བར་རབ། །སྐམ་པོ་གཅིག་སྐྱེས་བཟང་བའི་ཐ། །ཁང་པའི་ཤར་དུ་ཤིང་བྱུང་བཟང་། །ཕུ་རུ་ཤོལ་པོ་བྱུང་ཀྱང་ངོ་། །དུར་སར་ཤིང་སྐྱེས་མི་གྲངས་འཕེལ། །ཤར་དུ་འོམ་བུ་སེང་ལྡིང་བཟང་། །ལྷོ་རུ་གླང་མ་ཐང་ཤིང་ལེགས། །མཚམས་སུ་ཤོལ་པོ་སྐྱེས་པ་དགེ །ས་དགྲ་པར་ཤིང་སྐྱེས་ཐུབ། །ཆུ་ཁམས་ལྷོ་ནུབ་ཤིང་སྐྱེས་ལེགས། །ཤིང་ཁམས་ནུབ་སྐྱེས་མེ་ཁམས་བྱང་། །སར་ཤར་ལྕགས་ཁམས་ལྷོ་སྐྱེས་ཤིང་། །དེ་ཡིས་དགྲ་བཞི་ཐུབ་པར་ངེས། །ཤར་ཤིང་ཁང་པར་འཕྲད་ན་ངན། །ཁམས་ལྔའི་གྲོགས་ཕྱོགས་སྐྱེས་པར་ངན། །ཁང་ལྟག་དུག་ཤིང་སྐྱེས་པ་ངན། །སྐྱོག་མོ་འགོ་འཛིངས་མགོ་སྡུམ་དང་། །དུག་ཤིང་སྐམ་པོ་སྦ་བ་ཅན། །མགུལ་པ་མགུལ་ཉལ་རྩ་བ་རུལ། །ཕྱེད་སྐམ་འབྲུ་སྐམ་ཚེར་མ་ཅན། །རོ་བ་ཆག་པོ་སྲིན་རྗེས་ཅན། །དེ་སོགས་ཁང་དུར་གང་རུང་ངན། །ལན་དང་མདུན་རི་ཤིང་སྤུན་བཟང་། །སེ་བ་རྟ་བཟང་ཉ་བྲིད་གནག །སུ་རུ་ལུག་ལ་སྟག་མ་ར། །གླང་མ་སྤན་མ་བ་དང་གླང་། །ཤིང་སྣ་ཀུན་ཚོགས་ཕུན་སུམ་ཚོགས། །ཤུག་པ་གསེབ་ཀྱི་ཤིང་ཡན་གཅིག། །བྱུང་ན་ངན་ཅིང་ཤིང་ནག་ནི།། ལོ་མ་མེད་པ་དེ་ཡང་ངོ་། །ཤིང་མེད་ཡུལ་ན་ཤིང་མི་དཔྱད། །ཤིངགཅིག་སྐྱེས་པ་མན་ངག་ཡིན། །ཆུ་བྲན་ལུང་པ་དེ་བཞིན་ནོ། །ཤིང་སྒྲོན་ལ་སོགས་གཞན་ནས་འབྱུང་། ༈ །བཅུ་བཞི་བྲག་གི་བཟང་ངན་བཤད། །མདུན་རྒྱབ་གང་བྱུང་བྲག་རི་ནི། །སྒུ་ན་སེང་གེ་ཡིན་པར་དཔྱད། །དགྱེ་ན་རྒྱལ་པོ་ཡིན་པར་དཔྱད། །དེ་བཞིན་དགྱེ་སྒྲ་བྱེ་བྲག་ནི། །སེར་པོ་སྟག་དང་བློན་པོར་དཔྱད། །དམར་པོ་འཕར་སྤྱང་དམག་མིར་འདོད། །ནག་པོ་དོམ་དྲེད་འབངས་སུ་དཔྱད། །སྟེང་གི་ཕ་ཝང་ལེབ་མོ་ནི། །སྤྱི་བོའི་རྡོ་ལེབ་བྱ་བ་ཡིན། །སྟེང་དུ་བྲག་ཐེམ་ཡོད་པ་ལ། །སྣ་གཉིས་མར་ལ་གུག་པ་ནི། །ས་མཁན་ལྟག་བདུད་ཡིན་པས་སྤང་། །གཡས་གཡོན་ཕ་བོང་སྒོ་ཉལ་དེ། །འོག་གི་བྲེ་གུ་སྒོ་ཁྱིའམ། །སྟེང་གི་བྲག་གདོང་གྱེན་སོང་བཟང་། །བྲག་གདོང་དུར་ཟུག་གཟུ་ཕུར་ངན། །འོག་ནས་འཇབ་འདྲ་རྐུན་ངོ་དང་། །བརྟེན་པ་འདྲ་ན་རྟེན་ཕུར་བཟང་། །བྱེ་བྲག་མི་ངོའི་བྲག་ངན་ནི། །ཁ་དོག་དམར་ཁ་གྲི་ངོ་དང་། །དམར་ལ་རྩུབ་པ་རྨ་ཁྲག་ངོ་། །སྤྱང་ལྟོགས་འདྲ་ན་ཆུང་སྲི་ལྡང་། །སྔོ་སྐྱ་ཐལ་སྐྱ་བསེ་རག་གདོང་། །སེར་ནག་སྟུག་པ་གཅོང་ནད་ལྡང་། །དཀར་གསེབ་ནག་པོའི་འབངས་རྗེ་གསོད། །ནག་གསེབ་དཀར་པོ་དེ་ལས་ལྡོག །སྐུ་བོ་བཟང་རིང་ལྷ་ཡི་གདོན། །དཀར་སེར་སྔོ་དང་འདྲེས་པ་བྱོལ། །དབྱིབས་གཟུགས་མི་ཧྲིང་ཁུས་འདེབས་ངན། །ཕག་མོ་ངུས་འདྲ་སྲིན་གྱི་གདོན། །གཅན་གཟན་མཆེ་དང་ངུས་པའི་མཆིལ། །སྡེར་མོའི་རྗེས་སོགས་ངན་པར་བཤད། །འབྲང་རྒྱས་འདྲ་ན་ཚེ་སྟོད་བདེ། །ཚེ་སྨད་སྡུག་བསྔལ་འབའ་ཞིག་འབྱུང་། །རྩེ་གཉིས་དཀར་དམར་ཕ་སྤུན་འཁྲུག །གཤིན་རྗེ་ཁྲོས་འདྲ་ཕུང་བའི་བྲག། །སྤྲང་པོས་ཟོ་བ་ཐོགས་འདྲ་ངན། །མི་ཧྲིང་ཁྲག་ཁུར་སྦྲང་ཟན་ནི། །འཐོར་འདྲ་ཤ་རོ་རྒོག་པ་འདྲ། །མི་རྒན་ཆད་འགྱུར་སྤྲེལ་གདོང་འདྲ། །ནང་དམེ་འོང་བྲག་ཟངས་རྒོག་སྦུབ། །དེ་འདྲ་ཤིན་ངན་སྒོ་ཐད་ནས། །གོམ་པ་ཉེར་ལྔ་ཝ་འཇབ་འདྲ། །ཕུང་སྲི་ཡིན་བཤད་ཁང་དུར་གཉར། །སྤྱང་འདྲ་དེ་ཡང་དེ་ལྟར་རོ། །ཁམས་ལྔའི་དགྲ་སོགས་མདུང་རྩེ་འདྲ། །ཤག་ཤིག་གས་གྲུམ་མགོ་གཏུམ་ངན། །གཟུགས་ལ་ལེགས་པ་ཟུར་རྣོ་བ། །བྲག་ཆད་ལྷུང་ལ་ཁད་པ་དང་།།ཡུགས་ས་ཙོག་གེར་འདུག་འདྲ་དང་།།ཁ་གདངས་ཤོར་འདྲ་ཕན་ཚུན་དུ། །འཐབ་འདྲ་སྤྱང་ཀི་ལུག་འཇབ་འདྲ། །སྡོམ་སྡིག་སྦལ་སྦྲུལ་ཉ་འདྲ་བའི། །ཁ་ཟུར་འདྲ་བར་ཁང་དུར་བཏབ། །མི་ཤིས་འབྱུང་བ་ཐེ་ཚོམ་མེད། །དེ་དག་གཟུགས་ངན་ཁོངས་འཐུས་ཀྱང་། །ས་འབུམ་དགོངས་པ་བཞིན་དུ་སྤྲོས།།བཅོ་ལྔ་ལམ་གྱི་ལེགས་ཉེས་ནི། །ཤར་གྱི་ལམ་དེ་གྲོགས་ལམ་ཡིན། །ལྷོ་ཡི་ལམ་དེ་དཔལ་གཡང་ལམ། །ནུབ་ལམ་བྱང་ལམ་གཤིན་དགྲའི་ལམ། །སྟེང་དུ་ལམ་བྱུང་གཉའ་ཤིང་ངན། །འོག་ནས་འཕྲད་ཟུག་ཕྱག་བརྩེགས་བཟང་། །འོག་ནས་ཐུར་སོང་ཐག་སྣ་ཟུག། །ལམ་སྣ་མང་ཟུག་ཞལ་ལྕེ་དང་། །ཁ་སྨྲས་མང་ཞིང་ཁང་དུར་གཉར། །རྒྱ་གྲམ་ལམ་བྱུང་ཤིན་ཏུ་ངན། །ལམ་གྱི་ཁ་དབྲག་སྟུ་ཚུད་ངན། །ཤར་ལྷོའི་ལམ་དམར་རྟ་ལ་ངན། །

GangriNeichog雪境
雪境生态宣传教育与研究中心,2014年在青海省注册成为一家民间的自然保护机构。我们这群年轻人不止于热情并脚踏实地。在中国西部山区丰富多彩的自然圣境中,“雪境”希望为每一个生命都可以公平持续地共享自然所带来的福祉而努力。
 最新文章