ཡོང་ཁུངས། ས་དཔྱད་རྣོན་མོ་མཛུབ་ཚུགས། ས་དཔྱད་ཕྱོགས་བསྒྲིགས།
༄༄། །ས་དཔྱད་རྣོན་མོ་མཛུབ་ཚུགས་ཞེས་བྱ་བ་བཞུགས་སོ།། ས་དཔྱད་རྣོན་མོ་མཛུབ་ཚུགས་ལ། ༈ །དང་པོ་ནམ་མཁའ་བར་སྣང་བརྟག་ཐབས་ནི། ནམ་མཁའ་འཁོར་ལོ་རྩིབས་བརྒྱད་འདྲ། །ཡང་ན་ཟླུམ་པོའམ་གྲུ་བཞི་ལ། །རྒྱ་ཆེ་ཉི་ཟླ་བགྲོད་ཐག་རིང་། །བྱངཕྱོགས་ནམ་མཁའ་མི་མངོན་ཞིང་། །ཤར་ལྷོ་ནུབ་གསུམ་གསལ་ན་བཟང་། །ཟླ་གམ་ནར་མོ་གྲུ་གསུམ་ངན། །གཅན་གཟན་སོ་བསྣོལ་འདྲ་བ་དང་། །བུག་དང་རལ་བ་ངན་པ་ཡིན། ཉི་ཟླ་ཆུ་ཡིས་ཁྱེར་བ་དང་། །ཉི་ཟླས་སྐྱ་ལམ་བཏོད་པ་ངན། །ཉི་ཟླ་ཡང་ཤར་ཡང་འགྲིབ་ན། །འཕྲལ་རྒུད་བར་ཆད་མང་བ་ཡིན། །བར་སྣང་ཟླ་གམ་འདུག་པ་བཟང་། ༈ །གཉིས་པ་ས་གཞི་དཔྱད་པ་ལ། །ས་གཞི་པདྨ་འདབ་བརྒྱད་འདྲ། །བྱང་སྐྱབས་རྒྱབ་རི་ཉེ་ཞིང་མཐོ། །མདུན་དུ་ཆུ་མིག་འོལ་ཁ་བཀྲམ། །རི་བྲན་འདུད་འདྲ་མདུན་རི་འགྱང་། །དམའ་ལ་རྩེ་མོ་བྱོལ་པ་དགོས། ཤར་ཕྱེས་ལྷོ་སྤུང་ནུབ་འདན་པ། །བྱང་རི་ཡོལ་བ་བྲེས་འདྲ་བཟང་། །ཕུ་མདའ་ནར་ལོ་ཚེ་རིང་ས། །དཀྱིལ་འཁོར་འདྲ་ན་བན་བོན་བཟང་། །རལ་གྲི་འདྲ་ན་སྐྱེས་པར་བཟང་། །གྲུ་བཞི་བྱིས་པ་རྒྱ་གྲམ་ནི། །བཙད་པོར་བཟང་ཞིང་རྡོར་དྲིལ་དབྱིབས། །བན་ངྷེར་བཟང་ལ་འདུག་ཉལ་འདྲ། །ཕྱུགས་ནོར་འཕེལ་བའི་ས་ཡིན་ནོ། །ཕུ་ན་སྤང་ལྗོངས་རྩི་ཤིང་ལྡན། །མདའ་རི་ཕྱག་རྒྱ་བསྣོལ་འདྲ་བཟང་། །ཡར་སྤུངས་འོག་བརྟན་ཅི་བསམ་འགྲུབ། ༈ །གསུམ་པ་རི་ཡི་བརྟག་ཐབས་ལ། །ལྷུན་སྟུག་ཁོད་སྙོམས་ཡ་ཡོ་མེད། །རྩེ་མཐོ་གཡའ་གངས་ནགས་གསུམ་འཛོམས། །རོང་དང་ཆུ་ལྡན་སྐད་ཤ་རྒྱས། །སྲོག་ཆགས་མཐའ་དག་དང་ལྡན་ཞིང་། ཉི་མའི་མདངས་ཐོབ་ཟེར་ཡང་སྡུད། །མདོར་ན་མཚན་ཉིད་ཐམས་ཅད་ལྡན། །དེ་ནི་རི་ཡི་རྒྱལ་པོ་ཡིན། །རྒྱལ་པོའི་རྟགས་སུ་ལ་ཐོད་ནི། །དབྱར་མི་འཇུ་བའི་གངས་ཤིག་དགོས། །བཙུན་མོའི་རྟགས་སུ་བྲང་རྒྱན་ནི། །དགུན་མི་སྐམ་པའི་མཚོ་ཞིག་དགོས། །དེ་ནི་རི་ཡི་བཙུན་མོར་འདོད། །གདན་དང་མཐུ་བ་འཛོམ་པ་གཅེས། །དེ་རྣམས་མེད་ན་འབངས་ཀྱི་རི། །བྲག་སྒུ་བ་མདུན་ལ་དགྱེ་བ་རྒྱབ། །ནགས་རི་མདུན་ལ་སྤང་རི་རྒྱབ། །མཐུ་བ་ཡོད་པ་མདུན་ལ་མེད་པ་རྒྱབ། །བྲག་ཆུ་ཡོད་པ་མདུན་ལ་མེད་པ་རྒྱབ། །མདོར་བསྡུས་རྩེ་མོ་གར་སྒུ་མདུན། །རྒྱ་ཆེ་རྩེ་སྦོམ་ཕྲག་པ་རྒྱབ། །བྲག་ཆ་སྐད་ཆེ་ཕོ་རི་ཡིན། །རི་རྒྱ་ཆུང་ཞིང་རྩེམོ་ཕྲ། །བྲག་སྐེད་ཕྲ་བ་མོ་རི་ཡིན། །དེ་ལྟར་ཀུན་ལ་ཤེས་པར་བྱ། ༈ །བཞི་པ་ཀུན་དང་ལྡན་པའི་ས་ལྔ་ནི། །རི་བཟང་རྩ་བ་ཆུ་ཡིས་བསྐོར། །གཡས་གཡོན་གཉིས་ནས་ཆུ་མིག་བབས། །རྩེ་ན་ན་བུན་རྒྱུན་མི་འཆད། །དམུ་ཐག་གནམ་དུ་འཐེན་པའི་ས། །བྲག་དཀར་རྩེ་ན་གངས་དཀར་ཐོད། །རི་སྣས་ཐང་བསྐོར་ཐང་མཐར་འཁྱིལ། །དབུ་ཞྭ་རྐང་ལྷམ་འཛོམས་པའི་ས། །འོག་ཏུ་ཐང་ངམ་ཞིང་ཆེན་ལ། །ལམ་དང་རི་བྲག་མང་པོ་བརྩེགས། །རིན་ཆེན་གདན་ཐབས་ཕྱག་རྩེ་ལ། །མདུན་དུ་མཚོ་དང་མེ་ཏོག་རྒྱས། །རིན་ཆེན་མཎྡལ་ཚོམ་བུའི་ས། །ཡང་ན་འོག་ནས་དིལ་འབུར་མངོན། །གསང་ཤ་སྡེར་དུ་བཏོན་པའི་ས། །འདི་རྣམས་འཛོམ་པའི་སར་བཏབ་ན། །ཚེ་རིང་ནོར་རྣམས་འཕེལ་བའི་ས། ༈ །ལྔ་པ་བཟང་ཞིང་རག་པ་ལྔ་བསྟན་པ་ནི། །བཙན་གཉན་རྩེ་འཛིན་དག་ལ་རག །རྩེ་མཐོ་རྒྱ་ཆེ་བཟང་བ་ཡིན། །ཚེ་རིང་དམུ་ཐག་དག་ལ་རག །སྒང་རྒྱུད་མ་ཆད་འབྲེལ་ན་བཟང་། ། འཕན་རྨང་ས་དང་ཆུ་ལ་རག །ལུང་པ་ཆུ་བཟང་མང་འབབ་བཟང་། །ཕྱུག་དང་དབུལ་བ་ལེན་ལ་རག །ཆུ་མདོ་ཞིག་རལ་མེད་པ་བཟང་། །དཔའ་སྡར་སྲུང་མདའ་བཞི་ལ་རག །ཕྱོགས་བཞིར་སྲུང་བཞི་ཚང་ན་བཟང་། ༈ །དྲུག་པ་རྩེ་འཛིན་བདུན་བསྟན་པ་ནི། །བྲག་དཀར་གངས་དཀར་རྩེ་རྣོ་བཟང་། །སྤང་རི་རྒྱ་ཆེ་ལྷུན་སྟུག་ལེགས། །གཡའ་རི་རྫ་རི་རྒྱ་ཆེ་འབྲིང་། །བྲག་དམར་ཟུར་དང་རྩེ་རྣོ་འབྲིང་། ། བྲག་ནག་རྟ་སོ་མདུང་རྩེ་ངན། ། ས་སྔོན་ས་སེར་གཡའ་མ་ཅན། ། རུང་ཙམ་ཡིན་ཕྱིར་བཟང་པོ་བླངས། ༈ །བདུན་པ་གདབ་པའི་ཐབས་ལྔ་ནི། །ཚེ་རིང་འདོད་ན་བྲག་ལ་གདབ། །ལྷུན་འཐུག་རྩེ་མོ་རྣོ་ན་བཟང་། རྨང་པོ་འཕེན་འདོད་ཤིང་ལ་གདབ། །ཚལའཐུག་རྒྱ་ཆེ་སྐྱོན་མེད་བཟང་། །དབུལ་པོ་ཕྱུག་འདོད་ན་བར་གདབ། །རྒྱ་ཆེ་ཕོ་ཁ་བསྒྱུར་འདྲ་བཟང་། །བརྟན་པར་འདོད་ན་ཐང་ལ་གདབ། །ཤས་འཐུག་འདེབས་དམིགས་འབུར་ན་བཟང་། །སྲིད་ཀྱི་མགྱོགས་པོ་ཆུ་ལ་གདབ། །མདུན་འབབ་རྒྱུན་ཆད་མེད་ན་བཟང་། ༈ །བརྒྱད་པ་གཅེས་པའི་ས་རྣམས་བསྟན་པ་ནི། །གངས་རི་བྲག་དཀར་རྒྱུད་རིང་ཞིང་། །ལྷུན་འཐུག་རྩེ་མོ་རྣོ་བ་དེ། །རྒྱལ་རིགས་གྲགས་པའི་ས་རུ་གཅེས། །ནམ་མཁའ་གྲུ་བཞི་གནས་པ་ནི། སྐུ་རྒྱན་བརྩེགས་པའི་ས་རུ་གཅེས། །གཡའ་རི་སྨུག་པོ་ལྷུན་ཆགས་པ། །རྗེ་རིགས་བློན་པོའི་ས་རུ་གཅེས། །ནགས་རི་སོག་ཁ་འདྲ་བ་ནི། །བག་མ་བརྩེ་ཆེན་ས་རུ་གཅེས། །འབྲུ་ཡི་ཕུང་པོ་སྤུངས་འདྲ་བ། །རྒན་པོ་རྣམས་ཀྱི་ས་རུ་གཅེས། །ན་བ་རྒྱ་ཆེ་ཤསབཟང་བ། །ཕྱུག་པོ་ནོར་འདོད་ས་རུ་གཅེས། །ནེའུ་གསིང་རྟ་གནག་གཉིས་ཀྱི་ས། །སོ་རིང་ཕར་ཚུར་འདུག་པ་ནི། །བེའུ་ལུག་ཕྱུགས་ཕྲན་རུ་གཅེས། །བྲག་བཟང་རི་བོ་རྩེ་རྒྱལ་ནི། །དཔའ་རྩལ་ཅན་གྱི་ས་རུ་གཅེས། །ཆུ་མིག་ལུ་མ་དྲག་འབབ་པ། །བུ་སྲིང་སྨན་གྱི་ས་རུ་གཅེས། །གངས་དཀར་ལེའུ་བརྩེགས་པ་ནི། །ཡིག་ཚང་གསེར་གཡུ་ས་རུ་གཅེས། །མདུན་དུ་མགྱོགས་པོའི་ཆུ་འབབ་པ། །མི་འཕན་སྲིད་ཀྱི་ས་རུ་གཅེས། ༈ །དགུ་པ་བཟང་བདུན་བསྟན་པ་ནི། །ཕོ་ཡི་དུར་ས་མཁར་གྱི་ས། །མཐོ་ལ་རྔམ་པ་བཟང་བ་ཡིན། །མོ་ཡི་དུར་ས་ཁང་པའི་ས། །དམའ་ལ་དབྱིབས་པ་བཟང་བ་ཡིན། །ཕྱག་རྩེ་སུམ་བརྩེགས་གདན་ཐོག་དེ། །དགེ་བཤེས་རྒྱལ་རྒྱུད་ས་རུ་བཟང་། །མཆོད་རྟེན་པོ་ཏི་བརྩེགས་འདྲ་དེ། །རབ་བྱུང་བཙུན་པའི་ས་རུ་བཟང་། །གཡུང་དྲུང་རྔ་གཤང་བསྒྲིགས་འདྲ་དེ། །ཕྱག་རྒྱལ་བོན་གྱི་ས་རུ་བཟང་། །མཐོ་ཞིང་ཡངས་པའི་ས་མིག་དེ། །ཚེ་རིང་བཀྲ་རྒན་ས་རུ་བཟང་། །དམའ་ལ་ཡངས་པའི་ས་མིག་དེ། །བུད་མེད་རྒན་པའི་ས་རུ་བཟང་། །ཚེ་རིང་བུ་མང་རིམ་པར་བསྟོད། ། ཤི་ལུགས་བཟང་ངན་དག་ལའང་དཔག །དེའང་ཁང་དུར་ཀུན་ལའོ། ༈ །བཅུ་པ་མི་ཐུབ་ས་རྣམས་བསྟན་པ་ནི། །དགོས་ཕྱིར་གདབ་པ་རྒྱལ་ལ་བཤད། །འབྲོང་གི་རྭ་བར་འདྲ་བ་འམ། །བྱ་ཁྱུང་ནོར་བུ་རྨ་བྱའི་མདོངས། །ཆེ་བཙན་ལྡན་པ་མ་ཡིན་པའི། །སྐྱེ་བོ་གཞན་གྱིས་ཐུབ་དཀའ་ཡང་། ། དཔའ་རྩལ་འདོད་ན་དེ་ལ་གདབ། །རྒྱལ་མཚན་རྩེ་དང་གདུགས་ཀྱི་ཏོག། །བུམ་པའི་ཁ་རྒྱན་འདྲ་བ་གསུམ། །དགེ་བའི་བཤེས་གཉེན་མ་ཡིན་པའི། ། བཙུན་པ་ཕལ་གྱིས་ཐུབ་པར་དཀའ།།དཔུང་པ་ཞན་ན་དེ་ལ་གདབ། །རྒྱལ་པོའི་ཐུགས་ཀ་གླང་ཆེན་གཙུག །སེང་གེའི་གཡུ་རལ་རྣམ་པ་གསུམ། །རྒྱལ་རིགས་ས་བདག་མ་ཡིན་པའི། །བློན་འབངས་གཞན་གྱིས་ཐུབ་པར་དཀའ། །མི་དཔུང་ངན་ན་དེ་ལ་གདབ། །སྟག་གི་འཛུམ་དང་ཁྲ་ཡི་གཤོག །གཅན་གཟན་གདུག་པའི་སྙིང་ག་གསུམ། །དྲག་རྩལ་ལྡན་པ་མ་ཡིན་པའི། །ཕལ་པ་གཞན་གྱིས་ཐུབ་པར་དཀའ། །ཡ་རབས་འདོད་ན་དེ་ལ་གདབ། །རྨ་བྱའི་མདངས་འདྲ་མི་ཐུབ་སྟེ། །དུག་འཁྲིས་མང་དང་བཀྲག་མེད་དང་། །གཟི་བྱིན་མེད་ན་དེ་ལ་གདབ། །རྟ་ཡི་རྔོག་མ་མི་ཐུབ་སྟེ། །རྟ་གྲི་མང་ན་དེ་ལ་གདབ། །རྨོག་གི་སྤྱི་བོ་མི་ཐུབ་སྟེ། །མཚོན་གྲི་མང་ན་དེ་ལ་གདབ། །འཁོར་ལོའི་ལྟེ་བ་མི་ཐུབ་སྟེ། །གཉའ་ནོན་མང་ན་དེ་ལ་གདབ། །མཆོད་རྟེན་བུམ་པ་མི་ཐུབ་སྟེ། །མཐོན་པོ་མར་ལྷུང་དེ་ལ་གདབ། །ཁྱུང་གི་གཤོག་རུ་མི་ཐུབ་སྟེ། །མཛེ་ཕོ་མང་ན་དེ་ལ་གདབ། །ཕྱག་རྩེ་སུམ་བརྩེགས་གདན་ཁྲི་དེ། །ཡོན་ཏན་ལྡན་པ་མ་གཏོགས་པ། །ཡོན་ཏན་མེད་པས་ཐུབ་པར་དཀའ། ། མཐོ་ཡངས་གཉན་པའི་ས་མིག་དེ། །ཚེ་རིང་བཀྲ་རྒན་མ་གཏོགས་པ། །གཞོན་ནུ་ཕལ་གྱིས་ཐུབ་པར་དཀལ།།སྤང་ཐང་ན་བ་ཆེན་པོ་དེ།།ཕྱུག་པོ་ནོར་ལྡན་མ་གཏོགས་པ། །དབུལ་པོ་ཕལ་གྱིས་ཐུབ་པར་དཀའ། །ནགས་ཚལ་འཐུག་པོའི་སྤང་གཤོང་དེ། །འཕན་པོ་བུ་མང་མ་གཏོགས་པ། །རྨང་པོ་རྣམས་ཀྱིས་ཐུབ་པར་དཀའ། །ས་བདག་ཀླུ་གཉན་བཟང་པོའི་གནས། །མི་རྒྱུད་གཙང་བ་མ་ཡིན་པའི། །སྐྱོན་ཅན་རྣམས་ཀྱིས་ཐུབ་པར་དཀའ། །རི་ཞབས་ཐང་མཐའ་ཆུས་བསྐོར་བ། །བྲན་རིགས་ངན་པ་མ་གཏོགས་པ། །ཡ་རབས་དྲ་མས་ཐུབ་པར་དཀའ། །དེ་ཡང་ཁང་དུར་ཀུན་ལའོ། །
འོག་གི་རྩ་གཉིས་ཨང་རྟགས་དབྱེ་འབྱེད་བྱས་ཏེ་རྒྱབ་སྐྱོར་བྱེད་ཆོག
▽