ང་ཚོའི་ས་ཆ་སོ་སོའི་མི་ཚང་མའི་རང་ཉིད་ཀྱི་ཁྱིམ་གཞིས་ལ་འགྱུར་ལྡོག་ག་འདྲ་ཞིག་བྱུང་བཞིན་ཡོད་པ་དང་། ཇི་ལྟར་བྱས་ནས་སྲོལ་རྒྱུན་གྱི་སྐྱེ་ཁམས་ལྟ་བ་སྤྱད་དེ་གད་སྙིགས་ཀྱི་གནད་དོན་ཇེ་ཉུང་དུ་གཏོང་བ་དང་། རང་ཉིད་ཀྱིས་ནུས་ཤུགས་གང་འདྲ་ཞིག་འདོན་ཐུབ་མིན་དེ་ཤེས་རྟོགས་བྱ་ཆེད། ང་ཚོའི་མཐོ་སྒང་གི་མི་དང་དྲེད་མོང་བར་གྱི་འགལ་བར་ཞིབ་འཇུག་དང་མཚོ་སྔོན་ས་ཁུལ་གྱི་དྲེད་འགོག་ལས་གཞིའི་ཉམས་མྱོང་རྒྱུད་དེ་༼ མཐོ་སྒང་གི་གད་སྙིགས་དང་རི་སྐྱེས་སྲོག་ཆགས་བར་གྱི་འབྲེལ་བའི་ལག་དེབ།༽ འདི་ལེགས་སྒྲུབ་བྱས་པ་ཡིན།
སྤྱི་ལོ་༢༠༢༤ལོའི་ཟླ་༤ཚེས་༢༢ཉིན་ནི་འཛམ་གླིང་སྤྱིའི་སའི་གོ་ལའི་ཉིན་མོ་ཐེངས་ང་ལྔ་བ་ཡིན་ལ་བརྗོད་དོན་ནི་“ཕྱོགས་ཀུན་ནས་འགྱིག་རྫས་གཏན་འགོག་”བྱེད་རྒྱུ་དེ་ཡིན། ང་ཚོས་གོ་ལ་འདིར་ལོ་རེར་ཁྱོན་བསྡོམས་འགྱིག་གི་གད་སྙིགས་ཏུན་དུང་ཕྱུར་༤ཙམ་བཟོ་བཞིན་ཡོད།
ད་ལྟའི་བར་དུ་གོ་ལའི་ཁྱོན་ནས་འགྱིག་རྫས་གད་སྙིགས་ཏུན་དུང་ཕྱུར་༧༠ལྷག་ཙམ་བཟོས་ཟིན་པ་དང་།དེའི་ནང་དུ་འགྱིག་ཐུམ་དང་འགྱིག་དམ་སོགས་རྒྱུན་མཐོང་གི་འགྱིག་རྫས་གད་སྙིགས་ཏེ་ང་ཚོས་དུས་རྒྱུན་བཀོལ་སྤྱོད་བྱེད་བཞིན་པ་དག་ཡིན།
འགྱིག་རྫས་གད་སྙིགས་ལས་གཞན་ད་དུང་གློག་རྡུལ་གད་སྙིགས་དང་ཟས་ལྷག་སོགས་གད་སྙིགས་སྣ་ཚོགས་ཀྱིས་ང་ཚོ་འཚོ་སྡོད་བྱེད་སའི་ཁྱིམ་གཞིས་ཆེན་མོ་འདི་ཡོངས་སུ་ཁེབས་བཞིན་ཡོད།
དེང་སྐབས་གད་སྙིགས་མེར་བསྲེགས་ས་དང་ས་འོག་ཏུ་འཇུག་ས་སོགས་ཡོད་ནའང་དེ་དག་གིས་སའི་གོ་ལར་གནོད་སྐྱོན་བཟོ་བཞིན་ཡོད། སྙིགས་མེད་དུད་བརྒྱ་སྡེ་ཁུལ་གྱི་མཁན་པོ་འཇམ་དབྱངས་ཤེས་རབ་ལགས་ཀྱིས། སའི་གོ་ལ་གཅིག་མ་གཏོགས་མེད་ལ་ང་ཚོས་གད་སྙིགས་རྣམས་ཁང་བ་གཅིགནས་ཁང་བ་གཞན་ཞིག་ལ་སྤར་བ་ལས། གད་སྙིགས་སྔར་བཞིན་སའི་གོ་ལས་རྒྱབ་དུ་ཁུར་ཡོད་པ་དང་མཚུངས་ཞེས་གསུང་བ་ལྟར།
ཞིབ་འཇུག་བྱས་པ་ལྟར་ན་གད་སྙིགས་སྣ་ཚོགས་ཤིག་ནི་རི་སྐྱེས་སྲོག་ཆགས་མང་པོའི་ཁ་ཟས་ཀྱི་འབྱུང་ཁུངས་སུ་གྱུར་ཡོད། གད་སྙིགས་སྤུངས་ས་ཁ་ཤས་སུ་དྲེད་ཕྲུག་གིས་དྲེད་མོང་གི་རྗེས་དེད་དེ་གད་སྙིགས་རྒུམ་སྟངས་སློབ་ཀྱིན་པ་མཐོང་དུ་ཡོད་ལ། གད་སྙིགས་ཟོས་པའི་དྲེད་མོང་གི་རྟུག་པའི་ནང་དུ་འགྱིག་ཁུག་དང་ཐ་ན་ཤེལ་ཆག་སོགས་ཀྱང་ཡོད་པས། གད་སྙིགས་ཀྱིས་དྲེད་མོང་སོགས་རི་སྐྱེས་སྲོག་ཆགས་མང་པོའི་ཚེ་སྲོག་དང་བདེ་ཐང་ལ་རྒོལ་བཞིན་ཡོད།
དྲེད་མོང་ལས་གཞན་ད་དུང་མཐོ་སྒང་གི་བྱ་རྒོད། ཁྱི་ལྡོམ། གཡི་སོགས་ཀྱང་གད་སྙིགས་སྤུངས་སར་སླེབས་བཞིན་ཡོད། མཐོ་སྒང་ས་ཆ་ཁ་ཤས་སུ་དྲེད་མོང་ཁྱིམ་དུ་འཛུལ་ནས་གཟན་ཆས་འཚོལ་བའི་རྩ་བའི་རྒྱུ་རྐྱེན་ནི་ཁ་ཟས་གསོག་ཉར་དང་གད་སྙིགས་དོ་དམ། དྲི་མ་འགོག་སྒྲིབ་བྱེད་སྟངས་ཀྱི་གནད་དོན་ལ་ཐུག་ཡོད། གད་སྙིགས་སྤུངས་ས་དང་རི་སྐྱེས་སྲོག་ཆགས་ཀྱི་འབྲེལ་ལམ་ལེགས་པོར་བཀག་ནས་རི་སྐྱེས་སྲོག་ཆགས་ཀྱིས་མིའི་རིགས་ཀྱི་ཁ་ཟས་ལ་བརྟེན་དྲགས་པའི་གནད་དོན་སེལ་ཐུབ་ན། མི་དང་གཅན་གཟན་བར་གྱི་འགལ་བ་ཇེ་ཉུང་དུ་བཏང་ནས་གཅན་གཟན་རི་དྭགས་ཚོགས་རྣམས་ཕྱིར་རང་བྱུང་ཁམས་སུ་ལོག་ཕེབས་གཏོང་དགོས།
མཐོ་སྒང་གད་སྙིགས་ཀྱི་སྤྱིའི་གནས་ཚུལ།
མཚོ་བོད་མཐོ་སྒང་ནི་གནའ་ནས་ད་བར་དྲེད་མོང་གི་ཁྱིམ་གཞིས་ལྟ་བུ་ཡིན་མོད། མཐོ་སྒང་གི་ཁོར་ཡུག་དང་འབྲོག་པའི་འཚོ་བར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་དྲེད་མོང་གི་འཚོ་བའི་གོམས་གཤིས་ལའང་འགྱུར་བ་བྱུང་སྟེ། མིའི་རིགས་དང་མིའི་ཁ་ཟས། གད་སྙིགས་སོགས་ལ་ཆ་རྒྱུས་ཡོད་པར་གྱུར།
ལོ་རབས་བརྒྱད་ཅུ་བ་ནས་བཟུང་བཟོ་ལས་ཅན་གྱི་ཐོན་རྫས་མཐོ་སྐང་དུ་བསླེབ་མགོ་བརྩམས། ལོ་རབས་དགུ་བཅུའི་སྨད་ནས་བཟུང་བཟོ་ལས་ཅན་གྱི་ཐོན་རྫས་འབྲོག་ཁུལ་དུ་བསླེབས་པ་མང་ནས་མང་དུ་ཕྱིན།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས》ནང་དུ་དྲེད་མོང་ནི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཞག་ནས་སྲུང་སྐྱོབ་བྱེད་འགོ་བརྩམས།
ལོ་རབས་དགུ་བཅུ་བའི་དཀྱིལ་ཙམ་ནས་འབྲོག་པ་རྣམས་དབྱར་སར་རུ་སྤོ་སྐབས་བཟའ་བཅའ་དང་དངོས་པོ་མང་པོ་དགུན་སའི་ཤུལ་ནས་འཇོག་པའི་གོམས་གཤིས་ཆགས་ཤིང་། དྲེད་མོང་གིས་ཀྱང་རིམ་གྱིས་དགུན་སའི་དངོས་པོ་དེ་དག་ལེན་པར་སྤྱོང་བ་ཐོབ།
གཏེར་ཆུའི་སྣོད་དང་ལྕགས་ཀྲིན།གོན་པ་སོགས་འགྱིག་རྫས་སྣ་ཚོགས་རིམ་བཞིན་འབྲོག་ཁུལ་གྱི་འཚོ་བའི་མཁོ་ཆས་དང་ཐོན་རྫས་སུ་གྱུར།
༢༠༢༠ལོར།རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སྐྱེ་ཁམས་ཁོར་ཡུག་པུའུ་གཉིས་ཀྱིས་《འགྱིག་རྫས་སྦག་བཙོག་བཅོས་སྐྱོང་ལ་སྔར་ལས་ཤུགསསྣོན་བྱེད་པའི་བསམ་འཆར》གསར་དུ་བཏོན། ༢༠༢༡ལོར། ཡུའུ་ཤུའུ་ཁུལ་ཨུ་དང་མི་དམངས་སྲིད་གཞུང་གིས《ཡུའུ་ཤུའུ་ཁུལ་ཡོངས་སུ་གད་སྙིགས་མེད་པ་དང་འགྱིག་རྫས་གཏན་འགོག་གི་ཆེད་དམིགས་ལག་བསྟར་གྲོས་གཞི》ཁྱབ་བསྒྲགས་བྱས་པ་ནས། སྔར་ལས་“སྐྱེ་ཁམས་ལེགས་པར་སྐྱོང་།ལྗང་མདོག་ཁོར་ཡུག་བསྐྲུན་”ཞེས་པའི་དགོངས་དོན་ལག་བསྟར་བྱས།
༢༠༠༠ལོ་ནས་བཟུང་། མེ་མདའ་དོ་དམ་གྱི་བཅའ་ཁྲིམས་སྐུལ་འདེད་བཏང་བས་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ལ་སྔར་ལས་ལྷག་པའི་སྲུང་སྐྱོབ་ཐོབ།དེ་དང་མཉམ་དུ་དྲེད་མོང་ནི་མིའི་ཁ་ཟས་དང་གད་སྙིགས་ལ་ཆགས་ཏེ་མི་ཁྱིམ་ནང་དུ་འཛུལ་བའི་དོན་རྐྱེན་བྱུང་།
༢༠༢༡ལོེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དངོས་སུ་གཙང་གསུམ་མགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ཆོག་མཆན་གནང་བ་ནས། དྲེད་མོང་གི་རིགས་དང་ཁ་གྲངས་ཇེ་མང་དུ་ཕྱིན་ཅིང་། མིའི་རིགས་ཀྱི་ཟས་རིགས་དང་གད་སྙིགས་ལ་བརྟེན་ཆེ་བས། མིའི་སྡོད་ཁང་དུ་འཛུལ་ནས་ཁ་ཟས་འཚོལ་བ་དང་ཐང་སྟོང་དུ་མི་དང་འཕྲད་པའི་སྲིད་ཕྱོད་ཇེ་མཐོར་གྱུར།