རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཟླ་11ཚེས་2ཉིན་ཟུར་གསལ་བྱས་པར། 2024ལོའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱེད་པའི་ས་གནས་ས་ཐོག་གི་གྲོས་མོལ་གྱི་སྤྱིའི་མཇུག་འབྲས་དེ་སྔོན་དང་སྤྱིའི་ཆ་ནས་གཅིག་མཚུངས་ཡིན་པ་དང་། སྔོན་དཔག་དང་མཐུན་ཡོད། “རྒྱ་སྐྱེད”རྗེས་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་གསར་པ་དེ་སྔོན་དཔག་བྱས་ན་ད་ལོའི་ཟླ་11པའི་ཟླ་མཇུག་ཏུ་ཕྱི་ཕྱོགས་སུ་ཡོངས་བསྒྲགས་བྱ་རྒྱུ་དང་། དུས་སང་ཟླ་1ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། ད་ལོ་ནི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ལོ་བདུན་བསྟུད་མར་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱས་པ་ཞིག་ཡིན་པ་དང་། “ལོ་རེར་ལེགས་སྒྲིག་ཐེངས་རེ་བྱེད་པའི”རྣམ་པའི་འོག འདས་ཟིན་པའི་ལོ་6ནང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་རིམ་རྩིས་བྱས་ན་སྨན་སྣ་ཁ་744གསར་དུ་བཅུག་ཡོད། མིག་སྔར་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་དཀར་ཆག་རེ་ཞུ་དང་ཞིབ་དཔྱད་བྱེད་པ་ནས་ཚོད་རྩིས་དང་གྲོས་མོལ་བྱེད་པའི་བར་གྱི་ཚད་ལྡན་གོ་རིམ་རབ་དང་རིམ་པ་བཟོས་ནས། དཀར་ཆག་ནང་བཅུག་པའི་སྨན་རྫས་དེ་དག་གཞི་རྩའི་འགན་ལེན་དགོས་མཁོ་དང་འཚམ་པ་དང་། རིན་གོང་དང་ནད་ཐོག་སྨན་བཅོས་ཀྱི་རིན་ཐང་ཕན་ཚུན་འཚམ་པའི་འགན་ལེན་བྱས་ཡོད། དཀར་ཆག་ལེགས་སྒྲིག་གི་དུས་འཁོར་དེ་དེ་སྔོན་གྱི་ལོ་8ནས་ལོ་1བར་ཐུང་དུ་བཏང་བ་དང་། ལོ་ལྟར་གྲོས་མོལ་ནང་ཞུགས་པའི་སྨན་གྱི་སྣ་ཁ་ཡང་2018ལོའི་སྣ་ཁ་18ནས་ཉེ་བའི་ལོ་གཉིས་ཀྱི་སྣ་ཁ་100ཡན་བར་མང་དུ་བཏང་ཡོད་པས། སྨན་གསར་པ་80%ཙམ་ཁྲོམ་རར་བཏོན་རྗེས་ཀྱི་ལོ་གཉིས་ནང་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་ཡོད། འགྱུར་ལྡོག་དེ་དག་ཐད་ཐེན་ཅིན་སློབ་ཆེན་གསོ་རིག་པུའི་སྨན་རྫས་ཚན་རིག་དང་ལག་རྩལ་སློབ་གླིང་གི་འགོ་འཛིན་གཞོན་པ་ཝུའུ་ཅིང་གིས། “འགན་བཅོལ་ནང་ཞུགས་མཁན་གྱི་སྣ་མང་ཅན་གྱི་དགོས་མཁོ་དང་སྨན་དོན་མི་སྣའི་ནད་ཐོག་སྨན་སྤྱོད་ཀྱི་དགོས་མཁོ། དེ་བཞིན་སྨན་རྫས་ཐོན་ལས་འཕེལ་རྒྱས་གསར་གཏོད་ཀྱི་དགོས་མཁོ་བཅས་དོ་སྙོམས་ཡོང་བའི”ཕྱོགས་གསུམ་མཉམ་རྒྱལ་གྱི་དམིགས་ཚད་མངོན་འགྱུར་བྱུང་ཡོད་ཅེས་གསུངས་ཡོད། ཝུའུ་ཅིན་གྱིས། ལོ་གཅིག་ལ་ལེགས་སྒྲིག་ཐེངས་རེ་བྱས་པ་བརྒྱུད་ཆ་རྐྱེན་དང་འཚམ་པའི་སྨན་གསར་པ་དང་སྨན་ཡག་པོ་དུས་ཐོག་ཏུ་སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ་དེས། ནད་པས་མྱུར་སྐྱོབ་དང་སྲོག་སྐྱོབ་ཀྱི་སྨན་བཅོས་སྨན་རྫས་གསར་པ་གང་མགྱོགས་སྤྱོད་ཐུབ་པ་དང་དུས་མཚུངས། ཁེ་ལས་ནས་ཞིབ་འཇུག་གསར་སྤེལ་ཐད་བཏང་བའི་མ་དངུལ་གང་མགྱོགས་ཚུར་བསྡུ་བྱེད་ཐུབ་ཀྱི་ཡོད། དོན་དངོས་ཐོག་ང་ཚོའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་བཀོལ་སྤྱོད་ནུས་པ་ཡང་ཇེ་མཐོར་གཏོང་ཐུབ་ཅེས་གསུངས་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས། སྨན་བཅོས་འགན་བཅོལ་གྱི་གྲོས་མོལ་བྱེད་སྐབས་ཕྱི་ནང་གི་མ་རྩ་དང་ཁེ་ལས་ཀྱི་གཞི་ཁྱོན། དབང་བའི་ལམ་ལུགས་ཀྱི་ངོ་བོ་བཅས་ལ་དབྱེ་བ་མེད་པར་ཆ་རྐྱེན་དང་མཐུན་པའི་སྨན་རྫས་ཚང་མ་རང་བདག་ངང་རེ་ཞུ་བྱེད་ཆོག་ཅེས་བཤད་ཡོད། དཀར་ཆག་ནང་བཅུག་པའི་སྨན་རྫས་ཐད། སྨན་བཅོས་འགན་སྲུང་སྡེ་ཚན་གྱིས་དོན་འཁྱོལ་ལག་བསྟར་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས། སྨན་བེད་སྤྱོད་ཀྱི་གོ་ཆོད་རང་བཞིན་ཆེ་རུ་གཏོང་དགོས། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས། གྲོས་མོལ་བྱས་པའི་སྨན་རྫས་ཁག་ངེས་པར་དུ་དོ་དམ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། སྨན་བཅོས་འགན་བཅོལ་གྱི་འབྲེལ་ཡོད་གཏན་འབེབས་དང་བླང་བྱར་བརྩི་སྲུང་ནན་པོ་ཞུས་ཏེ། ནད་གཞིར་གཞིགས་ནས་སྨན་བཅོས་བྱེད་པ་དང་། ལུགས་དང་མཐུན་པའི་སྨན་བཅོས་བྱེད་པ། དགོས་མཁོ་ལྟར་ཉོ་བ་བཅས་བྱེད་དགོས་ཞེས་བཤད་ཡོད།ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་བསྟན་པ།
ལག་བསྟར་རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ།
ཞུ་དག ཡེ་ཤེས་བཟང་མོ།