ཟླ་10ཚེས་31ཉིན། རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་སྤེལ་བའི་ཟླ་11པའི་ཟླ་སྟོད་ཀྱི་གནམ་གཤིས་སྔོན་བརྡར་གཞིགས་ན། ཟླ་11པའི་ཟླ་སྟོད་ཀྱི་དུས་དཀྱིལ་དུ་རང་ལྗོངས་ཀྱི་དབུས་རྒྱུད་དང་ཤར་རྒྱུད་དུ་ཆར་ཆུ་འབབ་ཚད་མང་དུ་འགྲོ་བ་དང་། དྲོད་ཚད་ལ་འགྱུར་ལྡོག་ཆེ་བ། ལྷགས་པ་ཆེན་པོ་ཡང་སེ་རྒྱག་པ་བཅས་ཀྱི་གནམ་གཤིས་སྟོན་རྒྱུ་རེད།
ཉིན་བཅུའི་རིང་གི་ཆར་ཆུ་འབབ་ཚད། ལྷ་སའི་ཤར་རྒྱུད་དང་། གཞིས་རྩེའི་བྱང་རྒྱུད། ལྷོ་ཁའི་དབུས་རྒྱུད་བཅས་སུ་ཅུང་མང་བ་དང་། ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ་རེད།
ཉིན་བཅུའི་རིང་གི་ཆ་སྙོམས་དྲོད་ཚད། མངའ་རིས་དང་ནག་ཆུའི་ནུབ་རྒྱུད་དུ་ཅུང་མཐོ་བ་དང་ས་ཆ་གཞན་དག་ལ་རྒྱུན་གཏན་ལྟར་ཡིན་པ་རེད།
གནམ་གཤིས་གཙོ་བོ་སྟོན་ཚུལ།
ཟླ་11ཚེས་1དང་2ཉིན། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། ཆབ་མདོ་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཐོལ་ཆར(གངས)འབབ་རྒྱུ། དེ་མིན་གྱི་ས་ཆར་གནམ་དྭངས་ནས་སྤྲིན་པ་ཉུང་བ་འཁོར་རྒྱུ།
ཟླ་11ཚེས་3ནས་6ཉིན་བར། ཉིང་ཁྲི་དང་། ལྷོ་ཁ། ཆབ་མདོ། གཞིས་རྩེའི་ལྷོ་རྒྱུད། ལྷ་སའི་ཤར་རྒྱུད་དང་ནུབ་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ལ་ཆར་པ(གངས)ཆེན་པོ་འབབ་རྒྱུ། གཞིས་རྩེའི་བྱང་རྒྱུད་དང་ཤར་རྒྱུད། ནག་ཆུའི་དབུས་རྒྱུད་དང་ཤར་རྒྱུད། ལྷ་སའི་བྱང་རྒྱུད་དང་དབུས་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཆ་ཁ་ཤས་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། ལྗོངས་ཡོངས་ཀྱི་ནུབ་རྒྱུད་ནས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ།
ཟླ་11ཚེས་7ནས་10ཉིན་བར། ཉིང་ཁྲི་དང་ལྷོ་ཁའི་ལྷོ་རྒྱུད་ལ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ་དང་། ས་ཆ་གཞན་དག་ལ་གནམ་དྭངས་ནས་སྤྲིན་པ་ཉུང་བ་འཁོར་རྒྱུ།
ཉིན་བཅུའི་ནང་། མངའ་རིས་དང་། ནག་ཆུ། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ་དང་། གཞིས་རྩེའི་བྱང་རྒྱུད་དང་། ལྷ་ས། ལྷོ་ཁ། ཆབ་མདོ་བཅས་སུ་ལྷགས་པ་རིམ་པ་5ཡས་མས་ཡུད་ཙམ་རྒྱག་རྒྱུ།
དོ་ཁུར་དང་གྲོས་འགོ
1.ཟླ་11པའི་ཟླ་སྟོད་ཀྱི་དུས་མཇུག་ཏུ། ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་རྒྱུད་བཅས་ཀྱི་ས་བབ་མཐོ་བའི་ས་ཆར་ལྷགས་པ་རིམ་པ་7ནས་8བར་རྒྱག་རྒྱུ་ཡིན་པས། འགྲིམ་འགྲུལ་སྐྱེལ་འདྲེན་དང་། གུར་སོགས་གནས་སྐབས་སྐྲུན་དངོས། ཕྱི་རོལ་གྱི་བྱེད་སྒོ་སོགས་ལ་འགོག་རྐྱེན་མི་ཐེབས་པ་བྱེད་དགོས།
2.ཟླ་11པའི་ཟླ་སྟོད་ཀྱི་དུས་དཀྱིལ་དང་དུས་མཇུག་ཏུ། རང་ལྗོངས་ཀྱི་ནུབ་རྒྱུད་ནས་ཤར་རྒྱུད་དུ་དྲོད་ཚད་ཧྲེ་ཧྲི་ཏུའུ་4ནས་8བར་ཆག་རྒྱུ་ཡིན་པས། གྲང་ངར་ཆེ་བའི་ས་ཁུལ་དུ་དྲོ་ཇུས་ཡག་པོ་བྱེད་དགོས་པ་དང་། ས་བབ་མཐོ་བའི་ལམ་རྒྱུད་དུ་གངས་གསོག་ཐེབས་པ་དང་འཁྱགས་པ་རྒྱག་སླ་བས་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་ལ་དོ་སྣང་བྱེད་དགོས།