༄༅།།རྣམ་རྒྱལ་གཏོར་མའི་སྨོན་ལམ།

文摘   历史   2024-08-26 16:15   青海  

༄༅།།རྣམ་རྒྱལ་གཏོར་མའི་སྨོན་ལམ།

  བདག་གཞན་དགེ་བའི་རྩ་བ་འདིས།། ལས་དང་བག་ཆགས་ཀུན་བྱང་ནས།། རིགས་དྲུག་འཁོར་བའི་རྒྱུན་ཆད་དེ།། ཐར་པའི་བདེ་གནས་ཐོབ་པར་ཤོག། ལས་ཀྱི་ས་བོན་མ་ཟད་པར།། གལ་ཏེ་འཁོར་བར་སྐྱེ་སྲིད་ན།། སྐྱེ་གནས་ངན་པའི་སྒོ་ཆོད་ཅིང་།། དལ་འབྱོར་མི་ལུས་ཐོབ་པར་ཤོག། ཆུང་ནས་དད་པའི་སེམས་བསྐྱེད་ཅིང་།།རྒྱུན་དུ་དགེ་བའི་ལས་ལ་བརྩོན།། མཐུན་རྐྱེན་ཕུན་སུམ་ཚོགས་པ་ཡིས།། བར་ཆད་རྐྱེན་རྣམས་ཞི་བར་ཤོག། བླ་མ་དམ་པ་རྣམས་བསྟེན་ཅིང་།། ཉན་ཐོས་བསམ་པའི་རྒྱུད་སྦྱངས་ནས།། སྡེ་སྣོད་རྣམས་ལ་མ་རྨོངས་པར།། བླ་མའི་ཐུགས་རྗེས་ཟིན་པར་ཤོག། ལུས་ངག་ཡིད་གསུམ་བསླབ་བྱ་ལ།། དོན་དང་ལྡན་པར་རབ་གནས་ཤིང་། ཉེས་པའི་དྲི་མས་མ་གོས་པར།། རང་རྒྱུད་ཡོངས་སུ་དག་པར་ཤོག། ཟང་ཟིང་འབྱོར་བ་ཅི་མཆིས་པ།། ཆུད་མི་ཟོས་དང་ལུས་གསོ་དང་།། ཞིང་དག་བསམ་པ་དག་པ་ཡིས།། མི་ཆགས་ཡོངས་སུ་བཏང་བར་ཤོག། འགྲོ་བའི་དོན་ལ་བློ་གཏད་ཅིང་།། དེ་ཉིད་མངོན་དུ་གྱུར་པ་ཡི།། འཁོར་བའི་འཇིགས་པ་ཐམས་ཅད་ལ།། ཡི་དམ་ལྷ་ཡིས་སྐྱོབ་པར་ཤོག། ཚིག་བོར་དོན་ལ་འཇུག་བྱེད་ཅིང་།། རང་སེམས་ལས་སུ་རུང་བ་ཡི།། སྐྱེ་མེད་རྟོགས་པའི་ཤེས་རབ་ཀྱིས།། རང་རིག་ཡེ་ཤེས་འཆར་བར་ཤོག། བྱང་ཆུབ་སེམས་དང་མི་འབྲལ་བར།། རང་བས་གཞན་དོན་གཙོར་བྱེད་ཅིང་།། གཡུང་དྲུང་སེམས་དཔའི་སྤྱོད་པ་བཞིན།། འགྲོ་བའི་དོན་ལ་བརྩོན་པར་ཤོག། འདོད་པས་གདུང་བའི་སེམས་ཅན་རྣམས།། ཅི་འདོད་རེ་བ་བསྐང་དོན་དུ།། བདག་གི་ལུས་དང་ལོངས་སྤྱོད་དང་།། སྲོག་ལའང་མི་ཆགས་ཕན་ཐོགས་ཤོག། སེམས་ཅན་མི་སྲུན་གང་ཞིག་གིས།། བདག་ལ་ཇི་སྲིད་གནོད་བྱས་ཀྱང་།། བསམ་ངན་སྦྱོར་བ་མ་ཡིན་པར།། སླར་ཡང་དེ་ལ་ཕན་ཐོགས་ཤོག། སེམས་ཅན་རྣམས་ཀྱི་དོན་ཆེད་དུ།། ཕ་རོལ་ཕྱིན་དང་ཚད་མེད་སོགས།། བདེ་བར་གཤེགས་པས་བསྟན་པ་བཞིན།། བདག་གིས་རྒྱུན་དུ་སྤྱོད་པར་ཤོག། སྡུག་བསྔལ་གྱུར་པའི་སེམས་ཅན་རྣམས།། བདེ་བར་འདྲོངས་པའི་ནུས་ལྡན་ཏེ།། བདག་གི་མིང་ཙམ་ཐོས་ནས་ཀྱང་།། མོས་ཤིང་ཡོངས་སུ་འདུད་པར་ཤོག། འཁོར་བ་ཇི་སྲིད་གནས་ཀྱི་བར།། དེ་སྲིད་སྙིང་རྗེའི་རྒྱུན་བསྲིངས་ནས།། བྱམས་པའི་ཕན་གདག་རིམ་པ་ཡིས།། སྐྱོ་ངལ་མེད་པའི་དོན་བྱེད་ཤོག། ནམ་མཁར་ཁྱབ་པའི་སེམས་ཅན་རྣམས།། བདག་གི་གདུལ་བྱར་ཀུན་གྱུར་ཏེ།།འཁོར་བའི་ཆུ་བོ་ལས་བསྒྲལ་ནས།། མྱང་འདས་ས་ལ་འཁོད་པར་ཤོག། རིགས་དྲུག་སེམས་ཅན་ཐམས་ཅད་ཀྱང་།། རང་རང་སྡུག་བསྔལ་ཀུན་ཞི་ནས།། བདེ་བ་ཕུན་སུམ་ཚོགས་ལྡན་ཏེ།། དེ་དག་རྒྱུན་མི་འཆད་པར་ཤོག། སྡུག་བསྔལ་སྡུག་བསྔལ་ལས་གྱུར་པའི།། ངན་སོང་གསུམ་པོའི་ལས་ཟད་ནས།། གང་ཞིག་གང་གི་བདེ་བ་ཡིས།། ཐར་བའི་ཁ་ལོ་བསྒྱུར་བར་ཤོག། སེམས་ཅན་རྣམས་ཀྱི་སྐལ་པ་བཞིན།། དེ་དག་འདྲེན་པར་སྤྲུལ་བ་ཡིས།། གང་ལ་ཅི་འདུལ་སྒྲ་ཐོས་ཤིང་།། སྤྱོད་ཅིང་རྟོགས་པའི་སྐལ་ལྡན་ཤོག། བདག་ནི་རང་གཞན་དོན་སྒྲུབ་ཅིང་།། སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་རྫོགས།། ཡེ་ཤེས་ལྔ་དང་ལྡན་པ་ཡིས།། འབྲས་བུ་སྐུ་གསུམ་ཐོབ་པར་ཤོག། འབྲས་བུ་སྐུ་གསུམ་ཐོབ་ནས་ཀྱང་།། ཐབས་མཁས་བདེ་གཤེགས་སྤྲུལ་བ་ཡིས།། འགྲོ་དྲུག་བདེ་བར་འདྲེན་པ་ལ།། ཐུགས་རྗེའི་བྱིན་རླབས་རྒྱུན་མི་འཆད་པར་ཤོག།

ཅེས་པ་འདི་ནི་བསོད་ནམས་ཚོགས་བསགས་པའི་ཡན་ལག་ཡིན་པར་ལུང་ནས་བཤད་དོ།།བཀའ་ལ་བརྟེན་ནས་མེ་སྟོན་ཤེས་རབ་འོད་ཟེར་གྱིས་རང་གཞན་དོན་དུ་བསྡེབས།བདག་ལ་མོས་པ་རྣམས་ཀྱིས་འདི་ཉིད་དང་དུ་ལོངས།འགལ་འཁྲུལ་ཅི་མཆིས་བཟོད་པར་གསོལ།ཚོགས་བསགས་པའི་ཡན་ལག་གོ།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章