༄༅།བསྟན་སྲུང་བྲག་བཙན་ཆེན་པོའི་བསྐང་གསོལ་བཞུགས།

文摘   文学   2024-08-16 11:50   青海  

༄༅།བསྟན་སྲུང་བྲག་བཙན་ཆེན་པོའི་བསྐང་གསོལ་བཞུགས།

  ཨ བདག་ཉིད་ཀུན་ཏུ་བཟང་པོ་བསྒོམ། སྤྱི་གཙུག་དབལ་གསས་རྔམ་པ་བསྒོམ།  མགྲིན་པར་ལྷ་རྒོད་ཐོག་པ་བསྒོམ། ཐུགས་ཀར་གཙོ་མཆོག་མཁའ་འགྱིང་བསྒོམ། མདུན་དུ་མེ་རླུང་འཚུབ་མའི་དབུས་སུ་བསྟན་སྲུང་ཨ་བསེྭ་རྒྱལ་བ་ལ་འཁོར་བཙན་དམག་བྱེ་བ་ས་ཡའི་བསྐོར་ནས། བདག་གི་བཀའ་ཉན་གསུང་སྡོད་ལས་བྱེད་པར་བསམ། ༀཱ་ཨ་བྷི་ཤུ་ཙ་ས་མ་ཡ་ཏྲི་ཤམ་རྦད་བྷྱོ། ཨེ་ཏཾ་བྷ་ལིང་ཏ་ཁ་ཧི་ཁ་ཧི། ཀྱེ། སྲ་བརྟན་བྲག་གི་མངའ་བདག་པོ། །བྱང་ཤར་གསས་མཁར་དམར་པོའི་བདག །སྲོག་གཅོད་ཤན་པ་ལས་ཀྱི་ཀེང་། །བྲག་བཙན་སྟོང་སྡེ་རྗེ་བོ་ཡིན། །ཏྲི་ནད་ཤན་པའི་མངའ་བདག་པོ། །ཡབ་ནི་ཨ་བསྭེ་རྒྱལ་བ་སྟེ། །ཡུམ་ནི་ས་སྲིན་མ་མོ་ཡིན། །སྲས་ནི་བྲག་བཙན་དགྲ་འདུལ་རྩལ། ཁྱེད་ནི་སྲོག་བདག་དམར་པོ་ཡིན། ཤན་པ་སྟོང་སྡེ་འཁོར་གྱིས་བསྐོར། །སེམས་ཅན་སྲོག་ལ་དབང་ཡང་མཛད། །འཇིགས་པའི་མི་དམར་མདུང་ཙམ་ཞིག །དབུ་ལ་རལ་བ་དམར་པོ་གཟེངས། །སྐུ་ལ་དར་བེར་དམར་པོ་གསོལ། ཕྱག་ན་བཙན་ཞགས་མདའ་ལྟར་འཕེན། །བྲག་བྱ་འུག་པ་ཁྲ་རུ་འགྱེད། །བཙན་རྟ་དམར་པོ་བཅིབ་ཅིང་རྒྱུག །གཟས་པའི་དགྲ་བོ་མྱུར་དུ་སྒྲོལ། །གཡུང་དྲུང་དགྲ་འདུལ་དྲག་པོ་རྗེ། །ཁྱེད་ལ་ད་ནངས་དེ་ནི་དྲོ་འདྲེན་ནོ། །དོ་དུབ་ཀྱི་ནི་སྐྱེམས་གསོལ་ལོ། དམ་རྫས་མཆོད་པ་འདི་བཞེས་ལ། །གཡུང་དྲུང་བོན་གྱི་བསྟན་པ་སྲུངས། །བདག་གི་སྡོང་དང་གྲོགས་མཛོད་ཅིག །ཉི་མ་ཕྱོགས་བཅུ་གར་འགྲོ་ཡང་། སྔོན་ནས་བསུས་ལ་རྒྱབ་ནས་སྐྱོབས། །མི་ནོར་རྫས་གསུམ་ཁྱེད་ལ་བཅོལ། དཀོར་བདག་སྒྲ་བླ་ཁྱོད་ཀྱིས་མཛོད། །སྡང་དགྲ་གདོན་བགེགས་རྡུལ་དུ་རློགས། །མི་ནོར་ཟས་གསུམ་དབང་དུ་སྡུས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད།།ཅེས་བརྗོད་ལ་གཏོར་མ་འབུལ་ལོ། །འདི་ལ་བརྩོན་ན་ལུས་དང་གྲིབ་མ་བཞིན་དུ་འཁོར། ཕྱི་རབས་དོན་དུ་རིག་འཛིན་ཆེན་པོ་སྟོང་རྒྱུང་མཐུ་ཆེན་གྱིས། མང་མཁར་ལྕགས་འཕྲང་ནས་གདན་དྲངས་པའོ། །དགེའོ།།

  ༄༅།། ཀྱེ། ཡབ་ནི་ཨ་བསྭེ་རྒྱལ་བ་མཆོད། །ཡུམ་ནི་ས་སྲིན་མ་མོ་མཆོད། །སྲས་ནི་གཡུང་དྲུང་དགྲ་འདུལ་མཆོད། །ཤན་པ་དམར་པོ་མི་རྐུན་མཆོད། །གསོད་བྱེད་དམར་པོ་ཁ་དགུ་མཆོད། །ཤན་པ་ཁ་རྔམ་དམར་པོ་མཆོད། །སྲིང་མོ་བཙན་ལྕམ་དམར་མོ་མཆོད། །སྲུ་མོ་ཀླུ་སྨན་ཆེན་མོ་མཆོད། །བཀའ་བློན་བཙན་དང་བྲག་བཙན་མཆོད། མྱུར་མགྱོགས་བཙན་གྱི་ཤན་པ་མཆོད། །ལས་བྱེད་བཙན་གྱི་ཤན་པ་མཆོད། །ཕོ་ཉ་བཙན་གྱི་དམག་ཚོགས་མཆོད། །འཁོར་གྱི་བཙན་དམག་འབུམ་སྡེ་མཆོད། །སྡོང་ཟླ་ས་བདག་ཀླུ་གཉན་མཆོད། །དམག་དཔུང་ལྷ་སྲིན་སྡེ་བརྒྱད་མཆོད། །དཔུང་ཟླ་སྐྱེས་བུའི་དམག་ཚོགས་མཆོད། །དམ་ཅན་བྲག་བཙན་འཁོར་བཅས་ཀྱིས། །མཆོད་པ་དམ་པ་འདི་བཞེས་ལ། །བསྟེན་པའི་ལྷ་སྲུང་རྟེན་ལ་བཞུགས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བདག་ཅག་སྒྲུབ་གཤེན་འཁོར་བཅས་ཀྱི། །ཆགས་ཉམས་འགལ་འཁྲུལ་བྱང་བར་མཛོད། །འཁོན་འགྲས་འགལ་འཁྲུལ་བཟོད་པར་གཟོལ། །ཕྲག་དོག་རུ་ང་མ་མཛད་ཅིག །དཔལ་དང་གྲགས་པའི་དངོས་གྲུབ་སྩོལ། །བཀྲ་ཤིས་བསམ་པ་འགྲུབ་པར་མཛོད། །ཚེ་ནོར་ལོངས་སྤྱོད་རྒྱས་པར་མཛོད། །བདེ་སྐྱིད་དར་རྒྱས་དངོས་གྲུབ་སྩོལ།།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章