༄༅། ། མནའ་བཤགས་ཉོན་མོངས་དུག་འཇོམས་གསེར་གྱི་ཉི་མ་བཞུགས།

文摘   2024-08-04 08:40   云南  

༄༅།  མནའ་བཤགས་ཉོན་མོངས་དུག་འཇོམས་གསེར་གྱི་ཉི་མ་བཞུགས།

 ༄༅། །། ཨེ་མ་ཧོ། བོན་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས། སྒྱུ་ལུས་གཟུགས་ཀྱི་ཕུང་པོ་གཞིས།མནའ་ཡི་སྡིག་སྒྲིིབ་གང་བསགས་པ། ཀུན་ཏུ་བཟང་པོའི་སྐུ་ལ་མཐོལ་ལོ་བཤགས། བདག་ཉིད་ཚེ་འཕོས་འཆི་མ་ཐག ། བདེ་བ་ཅན་དུ་སྐྱེ་བར་ཤོག ༧ ལུས་ཀྱིས་བསགས་པའི་མནའ་ཡི་སྒྲིབ་པ་རྣམས། ཉོན་མོངས་རི་ཡི་གྲིབ་མ་འདྲ། སྟོང་ཉིད་ངང་དུ་སངས་གྱུར་ཅིག ། སངས་རྒྱས་སྟོང་གི་ཞལ་མཐོང་ཤོག ། བདེ་བ་ཅན་དུ་སྐྱེ་བར་ཤོག ། ངག་གིས་བསགས་པའི་མནའ་ཡི་སྡིག་སྒྲིབ་རྣམས། མུན་པ་ནག་པོའི་གུར་ཁང་འདྲ། ཡེ་ཤེས་ལྷ་ཡི་སྐུ་ལ་མཐོལ་ལོ་བཤགས། མནའ་ཡི་རྣམ་སྨིན་དག་ནས་ཀྱང་། བདག་ཉིད་ཚེ་འཕོས་འཆི་མ་ཐག ། རྣམ་པར་ཤེས་པའི་ངོ་བོ་ཉིད། དབུ་མ་བདེ་བའི་ལམ་ནས་ཐོན། བདེ་བ་ཅན་དུ་སྐྱེ་བར་ཤོག། ཡིད་ཀྱིས་བསགས་པའི་མནའ་ཡི་སྡིག་སྒྲིབ་རྣམས། ཉོན་མོངས་ལས་ཀྱི་འདམ་རྫབ་འདྲ། རྒྱལ་བ་ཞི་ཁྲོའི་ཚོགས་ལ་མཐོལ་ལོ་བཤགས། རང་རིག་ལྷ་ཞལ་མཇལ་གྱུར་ཅིག ། བར་དོའི་འཁྲུལ་སྣང་ཆོད་གྱུར་ཅིགབདེ་བ་ཅན་དུ་སྐྱེ་བར་ཤོག ། ༧ སེམས་ཀྱིས་བསགས་པའི་མནའ་ཡི་སྡིག་སྒྲིབ་རྣམས། དུག་ཚེར་དག་གི་ལོ་མ་འདྲ། རྒྱལ་བ་རིགས་ལྔའི་སྐུ་ལ་མཐོལ་ལོ་བཤགས། མནའ་ཡི་རྣམ་སྨིན་དག་ནས་ཀྱང་། རང་ལུས་འཇའ་འོད་འགྲུབ་པར་ཤོག ། ཐར་པའི་ལམ་ལ་བགྲོད་པར་ཤོག བདེ་བ་ཅན་དུ་སྐྱེ་བར་ཤོག ། ༧ རྩ་བའི་བླ་མའི་སྐུ་ལ་མནའ་ཐོ་བཞག་པ་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། གཤིན་ཆུ་རབ་མེད་བྲེང་ཆད་འདྲ།ཕ་སྤུན་ཚང་ཟླ་ཉེ་བ་གྲྭ་རོགས་ལ། བརྒྱ་འབོད་བྱས་ཀྱང་དོན་མེད་འདྲ། རྩ་བའི་བླ་མའི་སྐུ་ལ་མཐོལ་ལོ་བཤགས། ཐར་པའི་ལམ་སྣ་འདྲེན་དུ་གསོལ། བདེ་བ་ཅན་དུ་སྐྱེ་བར་ཤོག ། ༧ ཕ་མའི་སྐུ་ལ་མནའ་ཐོ་བཞག་པ་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། ཉི་ཟླ་གཟའ་འཛིན་དུས་གཅིག་འདྲ། འཇིག་རྟེན་མུན་པས་འཇོམས་དང་མཚུངས། རྒྱལ་བ་རྒྱ་མཚོའི་སྐུ་ལ་མཐོལ་ལོ་བཤགས། སྟོང་ཉིད་ཉི་མ་འཆར་བར་ཤོག ། འཇའ་ཚོན་རྒྱལ་མཚན་འཛུག་པར་ཤོག ། ཉི་ཟླ་དུས་གཅིག་ཤར་བ་བཞིན། འཇིག་རྟེན་མུན་པ་གསལ་བར་ཤོག །རང་ལུས་བོན་སྐུ་འཐོབ་པར་ཤོག ། བདེ་བ་ཅན་དུ་སྐྱེ་བར་ཤོག ༧ མཆེད་དང་ལྕམ་དྲལ་སྐུ་ལ་མནའ་ཟོས་ན། གནས་ཁང་དཀྱིལ་གདུང་ཆག་དང་མཚུངས། རང་ལུས་ཞབས་སུ་མནན་དང་འདྲ། ཡེ་གཤེན་བརྒྱད་ཀྱི་སྐུ་ལ་མཐོལ་ལོ་བཤགས། ལྷ་དང་ལྷ་མོ་རྣམས་དང་དབྱེར་མེད་ཤོག ། མནའ་ཡི་རྣམ་སྨིན་དག་ནས་ཀྱང་། བདེ་བ་ཅན་དུ་སྐྱེ་བར་ཤོག ། ༧ མཚམས་མེད་ལྔ་ཡི་དོན་དུ་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས།དམྱལ་ཁམས་བཅོ་བརྒྱད་དུག་འདམ་འདྲ། ཁྱི་ཕག་དག་གི་ལུས་ལེན་འོང་། ངན་སོང་དམྱལ་བའི་གནས་སུ་སྐྱེ། དེ་དུས་དྲན་པ་ཡབ་སྲས་གསུམ་ཡང་དྲན་པར་མཛོད། དྲན་པ་ཡབ་སྲས་གསུམ་ལ་གསོལ་བ་འདེབས།འཆི་ཁ་འཕོ་བ་ཟིན་པར་བྱིན་གྱིས་རློབས། བར་དོའི་འཁྲུལ་སྣང་ཆོད་པར་བྱིན་གྱིས་རློབས། བར་དོ་རང་འོད་ཤེས་པར་བྱིན་གྱིས་རློབས། སྒྲ་འོད་ཟེར་གསུམ་རང་འོད་ཤེས་པར་བྱིན་གྱིས་རློབས། བདེ་ཆེན་རང་ས་ཟིན་པར་བྱིན་གྱིས་རློབས། མི་ཟས་དེ་ལ་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། ཁྲོ་ཆུ་འཁར་བའི་ཆུ་དང་འདྲ། ཚེ་དབང་རིག་འཛིན་ཐུགས་རྗེས་གཟིགས། ཤར་པ་རྣལ་འབྱོར་ལམ་སྣ་དྲོངས། མནའ་ཡི་རྣམ་སྨིན་བྱང་གྱུར་ཅིག ། བདག་ཉིད་ཚེ་འཕོས་འཆི་མ་ཐག ། བདེ་བ་ཅན་དུ་སྐྱེ་བར་ཤོག ། རང་ཟས་མི་ལ་མ་ཤོར་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། ཁྱི་ཕག་ལྟ་བུའི་ལུས་ལེན་འོང་། དེ་ཡི་སྡིག་སྒྲིབ་བྱང་ཐབས་དོན། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ལ། གསོལ་བ་ནང་ནུབ་བཏབ་གྱུར་ན། བདུད་རྩིའི་ཟས་ལ་ལོངས་སྤྱོད་འོང་། ཕྱི་མ་བདེ་ཆེན་གནས་སུ་སྐྱེ། སྐད་ཅིག་སངས་རྒྱས་མྱུར་འགྲུབ་ཤོག ། ༧ འོག་རྟ་ཁལ་མཛོ་དེ་ལ་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། སྦྲུལ་ནག་རེ་འབྱམས་ལུས་སུ་སྐྱེ།འཇིགས་སྐྲག་ཆེན་པོ་རྒྱུན་མི་འཆད། ཡེ་གཤེན་བཅུ་གསུམ་ཐུགས་རྗེས་གཟིགས། བ་རབ་གླིང་བཞིས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ༧ མི་བདེན་ཚིག་ལ་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། ལྐུགས་པ་ཁ་མེད་འོན་འཐིབ་ལོང་བའི་ལུས་སུ་སྐྱེ། བོན་ཆོས་ལ་སོགས་སྒྲ་མི་གྲགས། དེ་འདྲའི་མཐའ་འཁོབ་གནས་སུ་འཁྱམས། གསལ་བ་རང་བྱུང་ཐུགས་རྗེས་གཟིགས། དགེ་ལྷ་གར་ཕྱུག་ལམ་སྣ་དྲོངས།བདེ་བ་ཅན་དུ་སྐྱེ་བར་ཤོག ། ༧ དབྱེན་དང་ཁ་ལྕེ་དེ་ལ་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས།ཆུ་བྱ་ཀང་ཀའི་ལུས་སུ་སྐྱེ་བར་ཤོག ། ཚ་གྲང་དམྱལ་བའི་འཁྲུལ་སྣང་རྒྱུན་མི་འཆད། བྱེ་བྲག་དངོས་མེད་ཐུགས་རྗེས་གཟིགས། དགའ་བ་དོན་གྲུབ་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། བྲེ་དང་སྲང་ལ་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། གཤིན་ཆུ་ཟམ་པའི་འོལ་རོལ་དུ། དུག་འདམ་ཁ་ཟའི་ལུས་སུ་སྐྱེ། བདུད་རྩིའི་ཟས་ལ་ཟ་དབང་མེད། བསྐལ་པ་ཆགས་འཇིག་མ་སོང་བར། བདུད་རྩིའི་ཆུ་ལ་འཐུང་དབང་མེད། གཏེར་འཛིན་ལྷ་མོའི་ཐུགས་རྗེས་གཟིགས། བདུད་རྩི་རྒྱལ་བས་ལམ་སྣ་དྲོངས། ཟད་མེད་གཏེར་ལ་སྤྱོད་པར་ཤོག ། བདེ་བ་ཅན་དུ་སྐྱེ་བར་ཤོག ། ༧ ཁང་ཞིང་དེ་ལ་མི་བདེན་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། རྡོ་རྗེ་བྲག་རིའི་གནས་སུ་སྐྱེ། བསྐལ་པ་ཆགས་འཇིག་མ་སོང་བར། མི་ལུས་ལེན་པའི་དུས་མཐའ་མེད། ས་ཏྲིག་ཨེར་སངས་ཐུགས་རྗེས་གཟིགས། ཐུགས་རྗེ་བྱམས་མས་ལམ་སྣ་དྲོངས།མནའ་ཡི་སྒྲིབ་པ་བྱང་གྱུར་ཅིག ། བདེ་བ་ཅན་དུ་སྐྱེ་བར་ཤོག ། རིན་ཆེན་གསེར་དངུལ་དག་ལ་མི་བདེན་མནའ་ཟོས་ན། དེ་ཡི་རྣམ་སྨིན་བག་ཆགས་རྣམས། ཡི་དྭགས་བཀྲེས་སྐོམ་ལུས་སུ་སྐྱེ། གསང་བ་ངང་རིང་ཐུགས་རྗེས་གཟིགས། ཏི་སངས་རང་ཞིས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། མི་གཙང་བུད་མེད་དག་ལ་འབགས་པ་ཡི། མི་བདེན་ཚིག་ལ་མནའ་ཟོས་ན། ན་རག་འདམ་རྫབ་གནས་སུ་སྐྱེ། རྟག་ཏུ་སྤྲང་མོ་དབང་པོ་མ་ཚང་བ་དང་འབྲེལ་བ་འོང་། སྦྱིན་པ་བྱམས་མས་ཐུགས་རྗེས་གཟིགས། སྟོབས་ཀྱི་བྱམས་མས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། ༧ ལྷ་ཁང་མཆོད་རྟེན་ཚ་ཚའིམདུན་དུ་མནའ་ཟོས་ན། རུས་སྦལ་རྡོ་གཟན་ལུས་སུ་སྐྱེ། སྐལ་པ་ཆགས་འཇིག་མ་སོང་བར། རི་རབ་ཕ་བོང་ནང་དུ་ལུས། རི་རབ་ཁུར་རྩ་ཁུར་བའི་སྣང་བ་འཆར། ཤེས་རབ་བྱམས་མས་ཐུགས་རྗེས་གཟིགས། བརྩོན་འགྲུས་བྱམས་མས་ལམ་སྣ་དྲོངས།བདེ་བ་ཅན་དུ་སྐྱེ་བར་ཤོག ། གསུང་རབ་གླེགས་བམ་དེ་ལ་མནའ་ཟོས་ན། མེ་མུར་འོབས་ཀྱི་ནང་དུ་སྐྱེ།ཐར་པ་ཐོབ་པའི་དུས་ཀྱང་མེད། ཚུལ་ཁྲིམས་བྱམས་མས་ཐུགས་རྗེས་གཟིགས། བསམ་གཏན་བྱམས་མས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། ཀུ་རེའི་ཚུལ་དུ་མནའ་ཟོས་ན། བུད་མེད་མཛེ་རིགས་ལུས་སུ་སྐྱེ།རྟག་ཏུ་མི་གཙང་བ་ཡི་ལས་འཕྲོ་འོང་། ཀླུ་སྒྲུབ་ཡེ་ཤེས་སྙིང་པོའི་ཐུགས་རྗེས་གཟིགས། བློ་གྲོས་ཐོགས་མེད་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། ཕོ་ཏོང་མོ་ཏོང་བསླུ་བྲིད་བྱུང་། ཁ་དུམ་མ་སྤང་མ་ཟོས་ན། དུད་འགྲོ་བོང་བུ་ཕོ་མོའི་ལུས་སུ་སྐྱེ། དཔྱིད་ཀྱི་རྒྱལ་མོས་ཐུགས་རྗེས་གཟིགས། དབྱར་གྱི་རྒྱལ་མོས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། གྲོང་རོགས་ཁྱིམ་འཚེས་ཐམས་ཅད་ལ། སྣོད་དཔྱད་དག་ལ་མི་བདེན་མནའ་ཟོས་ན། ལྷ་མིན་འཐབ་རྩོད་གནས་སུ་སྐྱེ། ལུས་ངན་ཐམས་ཅད་ཀུན་སྤངས་ནས། ལྕེ་རྒྱལ་པར་ཏིའི་ཐུགས་རྗེས་གཟིགས། ཡེ་གཤེན་གཙུག་ཕུད་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། བཤས་ཚོང་དེ་དག་ཐམས་ཅད་ལ། དོན་དང་མི་བདེན་མནའ་ཟོས་ན། བསད་བཅད་ཡང་ཤི་ཡང་སོས་གནས་སུ་སྐྱེ།ཚ་གྲང་སྡུག་བསྔལ་རྒྱུན་མི་འཆད། ལུས་ངན་ཐམས་ཅད་ཀུན་སྤངས་ནས། འདུལ་བ་གཤེན་དྲུག་ཐུགས་རྗེས་གཟིགས། གཙུག་གཤེན་རྒྱལ་བས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། ལ་བཙས་སྒང་སྣ་ཆུ་མིག་ན། དོན་དང་མི་བདེན་མནའ་ཟོས་ན། འབུ་སྲིན་སྡིག་པའི་ལུས་སུ་སྐྱེ། ལུས་ངན་ཐམས་ཅད་ཀུན་སྤངས་ནས།སྟོན་གྱི་རྒྱལ་མོས་ཐུགས་རྗེས་གཟིགས། དགུན་གྱི་རྒྱལ་མོས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག །གཉེན་དང་ཉེ་བ་དག་ལ་མི་བདེན་མནའ་ཟོས་ན།། རྣག་ཁྲག་རྐྱལ་པའི་ལུས་སུ་སྐྱེ། ལུས་ངན་ཐམས་ཅད་ཀུན་སྤངས་ནས། ཐབས་ཀྱི་བྱམས་མས་ཐུགས་རྗེས་གཟིགས། ནམ་མཁའི་ལྷ་མོས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། ར་ལུག་བ་གླང་ཚོང་བྱས་ནས། མི་བདེན་ཚིག་ལ་མནའ་ཟོས་ན། ལྟས་ངན་རྔ་མོང་ལུས་སུ་སྐྱེ། ལུས་ངན་ཐམས་ཅད་ཀུན་སྤངས་ནས། ཁྲི་རྨངས་རྒྱལ་བའི་ཐུགས་རྗེས་གཟིགས། བདུད་རྩི་རྒྱལ་བས་ལམ་སྣ་དྲོངས། བདེ་བ་ཅན་དུ་སྐྱེ་བར་ཤོག ། ཉེས་མེད་མགོ་སྐོར་བྱེད་ཅིང་མནའ་ཟོས་ན། རྟག་ཏུ་གཟའ་ཡི་ལན་ཆགས་འོང་། ན་ཚ་རྟག་ཏུ་རྒྱུན་མི་འཆད། དྲན་པ་ནམ་མཁའི་ཐུགས་རྗེས་གཟིགས། འོད་ལྡན་འབར་མས་ལམ་སྣ་དྲོངས། མནའ་ཡི་སྒྲིབ་པ་བྱང་གྱུར་ཅིག ། ཐུགས་རྗེའི་ཉི་མ་འཆར་བར་ཤོག ། བར་དོའི་ལམ་འཕྲང་བགྲོད་བར་ཤོག ། བདེ་བ་ཅན་དུ་སྐྱེ་བར་ཤོག ། ཁ་མནའ་དང་པོ་བྱས་པ་ན། འཇིག་རྟེན་རྨོས་མཛོའི་ལུས་སུ་སྐྱེ། ཤར་ཕྱོགས་སངས་རྒྱས་སྐུ་ལ་གསོལ་བ་འདེབས། མནའ་ཡི་སྒྲིབ་པ་བྱང་ནས་ཀྱང་།བདེ་བ་ཅན་དུ་སྐྱེ་བར་ཤོག ། མནའ་ཡི་སྡིག་སྒྲིབ་ཐམས་ཅད་སོགས། ལུས་ཀྱི་མནའ་ཡི་སྡིག་སྒྲིབ་བྱང་ནས་ཀྱང་། ཀུན་ཏུ་བཟང་པོའི་སྐུ་དང་དབྱེར་མེད་ཤོག ། ཡེ་ཤེས་ཉི་མ་འཆར་བར་ཤོག ། མནའ་ཡི་སྡིག་སྒྲིབ་ཐམས་ཅད་དག ། ངག་གི་མནའ་ཡི་སྒྲིབ་པ་བྱང་ནས་ཀྱང་། སངས་རྒྱས་སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས་ལ་སོགས། དབྱེར་མེད་གཅིག་ཏུ་འགྲུབ་པར་ཤོག ། བདེ་བ་ཅན་དུ་སྐྱེ་བར་ཤོག ། ཡིད་ཀྱི་མནའ་ཡི་སྒྲིབ་པ་བྱང་ནས་ཀྱང་། རིགས་ལྔའི་སྐུ་དང་དབྱེར་མེད་ཤོག ། བདེ་བ་ཅན་དུ་སྐྱེ་བར་ཤོག ། སེམས་ཀྱི་མནའ་ཡི་སྒྲིབ་པ་བྱང་ནས་ཀྱང་། སངས་རྒྱས་རྒྱལ་བ་རྒྱ་མཚོའི་སྐུ་དང་དབྱེར་མེད་ཤོག ། རང་ལུས་རྒྱལ་བའི་དཀྱིལ་འཁོར་འགྲུབ་པར་ཤོག ། འཇིག་རྟེན་སྒྱུ་ལུས་གཟུགས་ཀྱི་ཕུང་པོ་ལ། ལྷ་སྐུ་སངས་རྒྱས་མྱུར་འགྲུབ་ཤོག ། བདེ་བ་ཅན་དུ་སྐྱེ་བར་ཤོག ། རང་ལུས་རྒྱལ་བའི་དཀྱིལ་འཁོར་འདི། རིགས་ལྔའི་སྐུ་དང་དབྱེར་མེད་ཤོག ། བདེ་ཆེན་ཞིང་ཁམས་གནས་སུ་སྐྱེ་བར་ཤོག ། སྐད་ཅིག་རྫོགས་སངས་རྒྱས་པར་ཤོག ། བླ་མེད་འབྲས་བུ་འཐོབ་པར་ཤོག ། ནུབ་ཕྱོགས་མངོན་པར་དགའ་བའི་ཞིང་དུ་སྐྱེ་བར་ཤོག ། མནའ་བཤགས་གསེར་གྱི་ཉི་མ་ལ་སོགས་མནའ་ཡི་སྙིང་པོ་བརྗོད། ཨ་འབུར་མུ་ཡེ་སངས་སངས། ཡ་གུང་ཡེ་གུང་སངས་སངས། དུ་ར་ཨ་མནའ་སངས་སངས། མནའ་དང་སྡིག་སྒྲིབ་སངས་སངས། དཀོར་དང་བག་ཆགས་སངས་སངས། བོན་ཉིད་ཀློང་དུ་སངས་སངས། བདེ་བའི་བྱིན་རླབས་འཇུག་པར་ཤོག ། སྐྱོབས་པའི་ལྷ་དང་མཇལ་བར་ཤོག ། རང་སེམས་ཀུན་ཏུ་བཟང་པོའི་ཞལ་མཐོང་བར་གྱུར་ཅིག ། མནའ་བཤགས་གསེར་གྱི་སྤུ་གྲི་འདི།ཉིན་རེ་ཚར་ཉི་ཤུ་རྩ་གཅིག་རེ་བརྗོད། མནའི་རྣམ་སྨིན་ཉི་མས་བ་མོ་འཇོམས་པ་བཞིན་དུ་དག་པ་ཐེ་ཚོམ་མེད་པའོ།གནམ་མཚོའི་དོ་ལ་སྟོང་རྒྱུང་མཐུ་ཆེན་དབེན་གནས་མཛད་པའི་དུས། མཚོའི་ཕར་ཁ་ལ་ཧོར་ཁྲོ་བོ་བཀྲ་ཤིས་རྟ་སྔོན་པོ་ཞིག་བཞོན། ཤ་ཁྱི་རྒྱ་རྐྱ་ཞིག་ཁྲིད། མདའ་གཞུ་འཁོར་གསུམ་བཏགས་ནས་ལམ་མདོ་ནས་སྟོང་རྒྱུང་མཐུ་ཆེན་ལ་གསོལ་བ་འདེབས་ཟེར་ཞིང་རྒྱུག་འོང་། ཞང་ཞུང་སྟོང་རྒྱུང་མཐུ་ཆེན་ནི་སྔ་དགོང་ས་ལེ་འོད་ཀུན་བཟང་གི་དགོངས་པ་ལྟར་བཞུགས་པའི་དུས། ཧོར་ཁྲོ་བོ་བཀྲ་ཤིས་ཀྱིས་ལུང་པ་སྔོན་པོ་ཞིག་ནས་ཤེའུ་ཆུང་ཞིག་བཟུང་སྟེ་བསད་བསམ་ནས་འདུག་པས། ཧོར་ཁྲོ་བོ་བཀྲ་ཤིས་ཀྱི་སྤྱི་གཙུག་ཏུ་སྟོང་རྒྱུང་མཐུ་ཆེན་ཞལ་འཛུམ་དང་ལྡན་པར་བཞུགས། ཕོ་ངན་ལེ་ལམ་ཤེའུ་ཆུང་འདི་ཚེ་ཐར་གཏོང་དགོས་གསུངས། ཐུགས་རྗེས་བཟུང་དགོས་སློད་པའི་མནའ་ཐོ་ཞུས། སྒང་སྣ་ཡར་ཁུགས་སུ་ལམ་བཙས་མདུན་དུ་ཚེ་ཐར་གཏོང་ཞུས་པས། ཚེ་ཐར་མ་བཏང་བར་བསད་དེ་བཏང་། དེའི་རྣམ་སྨིན་གྱིས་ལོ་དགུ་ལ་མུན་པ་འཁྲིགས་ཉིན་ལ་ཉི་མ་མ་མཐོང་། མཚན་ལ་ཟླ་བ་མ་མཐོང་། ལོ་དགུ་ལ་ཉི་ཟླ་མ་མཐོང་ན་རག་འདམ་རྫབ་ནང་དུ་ཉལ་དགོས་བྱུང་། དེའི་དོན་དུ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གྱིས་མནའ་སྒྲིབ་འབྱང་ཐབས་མཛད་པའོ། །། །དགེའོ།བཀྲ་ཤིས།

苯教文化大观
གཡུང་དྲུང་བོན་གྱི་རིག་གནས་ལ་རྒྱུས་ལོན་བྱེད་འདོད་ན་འཕྲིན་སྟེགས་འདིར་གཟིགས་རོགས།
 最新文章