དེ་རིང་རྒན་ལགས་ལ་ཆེས་བརྗོད་འདོད་པའི་སྐད་ཆ་ནི།

民生   2024-09-10 18:05   西藏  

དགེ་རྒན་གྱི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས།
༄༅། །རྒན་ལགས་ཀྱི་བཀའ་མོལ།

དེ་རིང་ནི་ལོ་གཅིག་དུས་གཅིག་གི་དགེ་རྒན་དུས་ཆེན་རེད།
ངས་སེམས་གཏིང་ནས་རྒན་ལགས་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ།
དཀར་གཙང་གི་མཇལ་དར་ཁྱེད་ལ་བསྒྲོན་ན་འདོད།
རྒན་ལགས་ཀྱི་ལྷག་བསམ་ནི་ཁ་བཏགས་ལས་ཀྱང་དཀར་བ་ཡོད།
སྙན་ཞིང་འཇེབས་པའི་གླུ་དབྱངས་ཁྱེད་ལ་འབུལ་ན་འདོད།
རྒན་ལགས་ཀྱི་བཀའ་མོལ་ནི་གླུ་དབྱངས་ལས་ཀྱང་སྙན་པ་ཡོད།
མཛེས་ཤིང་ཡིད་དུ་འོང་བའི་རི་མོ་ཞིག་ཁྱེད་ལ་འབུལ་ན་འདོད།
རྒན་ལགས་ཀྱི་མཛེས་པའི་བཞིན་རས་ནི་སློབ་བུའི་སེམས་ཀྱི་ཟླ་བ་ཡིན།
དགེ་བའི་བཤེས་གཉེན་ལ་བསྟོད་པའི་རྩོམ་ཡིག་ཞིག་ཁྱེད་ལ་འབུལ་ན་འདོད།
རྒན་ལགས་ཀྱི་མཛད་འཕྲིན་ནི་རླབས་ཆེན་ཉི་མའི་འོད་ཟེར་དང་འདྲ།

དེ་རིང་རྒན་ལགས་ལ་སེམས་ཀྱི་སྐད་ཆ་མང་པོ་ལབ་རྒྱུ་ཡོད།
ཡིན་ནའང་། ཆེས་བརྗོད་འདོད་པའི་སྐད་ཆ་ནི།
རྒན་ལགས་སྐུ་ལས་ཁག་སོང་། ཞེས་པ་དེ་ཡིན།
རྒན་ལགས་སྐུ་ལས་ཁག་སོང་།
ཁྱེད་ནི་དཔྱིད་ཀྱི་སྦྲང་ཆར་དང་འདྲ།
ང་ཚོ་ནི་དཔྱིད་ཀྱི་སྦྲང་ཆར་གྱིས་གསོས་པའི་རྩྭ་ཡི་མྱུ་གུ་རེ་རེ་ཡིན།
རྒན་ལགས་ཀྱིས་ང་ཚོར་དབྱར་གྱི་གཏམ་རྒྱུད་དང་སྟོན་གྱི་འབྲས་བཟང་བསྩལ་བྱུང་།

རྒན་ལགས་སྐུ་ལས་ཁག་སོང་།
ཁྱེད་ནི་དྲོ་འཇམ་ཉི་མ་ཡིན།
ང་ཚོ་ནི་ཉི་འོད་འོག་ཏུ་འཚར་ལོངས་བྱུང་བའི་མེ་ཏོག་རེ་རེ་ཡིན།
རྒན་ལགས་ཀྱིས་ང་ཚོར་མི་ཡུལ་གྱི་དྲོད་ཁོལ་དང་བརྩེ་བ་གནང་བྱུང་།

རྒན་ལགས་སྐུ་ལས་ཁག་སོང་།
ཁྱེད་ནི་སློབ་བུ་བརྒྱ་སྟོང་གི་སློབ་དཔོན་ཡིན།
ང་ཚོ་ནི་དགེ་རྒན་བཟང་པོའི་དགེ་ཕྲུག་ཡིན།
རྒན་ལགས་ཀྱིས་ང་ཚོའི་རྨོངས་པའི་མུན་པ་སེལ་སོང་།
རྒན་ལགས་ཀྱིས་ང་ཚོའི་ཐེ་ཚོམ་གྱི་དྲ་བ་བཅད་སོང་།
རྒན་ལགས་ཀྱིས་ང་ཚོར་ཤེས་རིག་གི་དགའ་སྟོན་བསྩལ་བྱུང་།
རྒན་ལགས་ཀྱིས་ང་ཚོར་རིག་པའི་གཤོག་ཟུང་གནང་བྱུང་།


མདོར་ན། རྒན་ལགས་བཀའ་དྲིན་ཆེ།
རྒན་ལགས་ཀྱི་བསླབ་བྱ་ནི་དྭངས་གཙང་གི་ཆུ་མོ་དང་འདྲ།
རྒན་ལགས་ཀྱི་སློབ་གསོ་ནི་རིན་ཐང་བྲལ་བའི་ནོར་བུ་དང་འདྲ།
རྒན་ལགས་ཀྱི་བཀའ་དྲིན་ནི་མཚོ་མོ་ལས་ཀྱང་ཟབ།
རྒན་ལགས་ཀྱི་བཀའ་དྲིན་ནི་རི་བོ་ལས་ཀྱང་མཐོ།
རྩོམ་པ་པོ། བཞད་གངས་སྐྱེས། 


驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章