ཨ་སྟོང་རྒྱག་པ་དེ་གཟའ་གྲིབ་ཕོག་པ་ཡིན་མིན་བརྡར་ཤ་གཅོད་པར་རྒྱུ་རྐྱེན་གཉིས་ཡོད།
1.ཨ་སྟོང་ཡང་ཡང་རྒྱག་པ། ཨ་སྟོང་ཡང་ཡང་རྒྱག་པ་མ་ཟད་རྒྱུན་ལྡན་གྱི་རྒྱུ་རྐྱེན་དཔེར་ན། གཉིད་མ་འདང་བ་དང་ངལ་གསོ་དང་ལས་ཀའི་ཆོས་ཉིད་འཁྲུག་པ་སོགས་ཀྱིས་ཨ་སྟོང་རྒྱག་པ་མིན་པར། ལྷག་པར་དུ་མགོ་ཡུ་འཁོར་བ་དང་མགོ་ན་བ་སོགས་ཀྱི་ནད་རྟགས་ཡོད་དུས་གཟའ་གྲིབ་ཕོག་པའི་ཉེན་ཁ་ཡོད་པས་ཡིད་གཟབ་ཆེན་པོ་བྱེད་དགོས།
2.ཀླད་པའི་ཁྲག་རྩའི་ནད་ཀྱི་ཉེན་ཁ་ཆེན་པོ་ཡོད་པའམ། ཀླད་པ་ཁྲག་རྩའི་ནད་ཕོག་རྒྱུའི་སྔ་ལྟས་ཀྱང་ཡོད། ཀླད་པའི་ནང་གི་ཁྲག་རྩ་གཙོ་བོ་ནི་སྦོམ་པ་ནས་ཕྲ་བར་གྱུར་ཏེ་རིམ་གྱིས་ཀླད་པ་ཁྱོན་ཡོངས་ལ་མཁོ་སྤྲོད་བྱེད་པ་ཡིན་ཞིང་། ཁྲག་རྩ་འདི་དག་གིས་ལུས་ཡོངས་ཀྱི་ཁྲག་རྒྱུན་གྱི་20%ཟིན་ཡོད། ལོ་ཆེ་རུ་འགྲོ་བ་དང་བསྟུན་ནས་ཁྲག་རྩ་དེ་དག་ཇེ་ཕྲ་དང་ཁྲག་རྩའི་ནང་ངོས་ཇེ་མཐུག ཁྲག་རྩ་ཇེ་དོག་བཅས་སུ་འགྲོ་བས་ཀླད་པར་ཁྲག་མཁོ་འདོན་བྱེད་ཚད་འདང་གི་མེད། དོན་དངོས་ཐོག་ཁྲག་མཁོ་འདོན་བྱེད་པ་ནི་དབྱང་རླུང་མཁོ་འདོན་བྱེད་པ་ཡིན།
མ་གཞི་ཨ་སྟོང་བརྒྱབ་ན་མིའི་ལུས་པོར་བཟང་ཆ་གཉིས་ཡོད་དེ། དབུགས་འབྱིན་རྔུབ་བྱས་རྗེས། ལུས་ཕུ་ནང་གི་དབྱང་རླུང་བརྗེ་རེས་སྔར་ལས་མང་བ་བྱེད་པ་དང་། ག་རྒྱུན་ནང་དུ་དབྱང་རླུང་འདུས་ཚད་ཀྱང་སྔར་ལས་མཐོ་བ་ཡོད།
དབུགས་འབྱིན་རྔུབ་བྱེད་སྐབས་བྲང་ཁོག་གི་གནོན་ཤུགས་ཆུང་དུ་འགྲོ་བ་དང་། ཀ་ལིའི་ནང་ངོས་ཀྱི་གནོན་ཤུགས་ཀྱང་ཆུང་དུ་ཕྱིན་ནས་ཁྲག་གི་བཞུར་ཚད་མང་དུ་འགྲོ་གི་ཡོད། འོན་ཀྱང་དོགས་ཟོན་བྱེད་དགོས་པ་ཞིག་ལ། གལ་ཏེ་ཀླད་པར་དུས་ཡུན་རིང་པོར་དབྱང་རླུང་མ་འདང་བའི་སྐབས་སུ་ཨ་སྟོང་བརྒྱབ་ནས་དབྱང་རླུང་ཁ་སྣོན་བྱེད་ཀྱི་ཡོད། དེ་དུས་ད་དུང་དབྱང་རླུང་མ་འདང་ན་གཟའ་གྲིབ་ཕོག་རྒྱུའི་སྔ་ལྟས་ཡིན།
དེ་མིན་ད་དུང་། དུས་ཚོད་གཏན་འཁེལ་ཐོག་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོས་རང་ཉིད་ཀྱི་ཁྲག་ཤེད་དང་ཁྲག་མངར། ཁྲག་ཚིལ་སོགས་ཀྱི་བདེ་ཐང་དམིགས་ཚད་ལ་དོ་སྣང་བྱེད་དགོས་ཤིང་། གལ་ཏེ་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ན་དུས་ཐོག་སྨན་པ་བསྟེན་ནས་ནད་གཞི་ཇེ་ལོད་དུ་མི་འགྲོ་བར་བྱེད་དགོས།