༄༅། །ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།

民生   2024-12-08 17:04   西藏  

༄༅། །ཕ་ཡུལ་ལ་བཅངས་པའི་བརྩེ་སེམས།





གཅིག

    ནམ་རྒྱུན་ཁ་ཐག་རིང་བའི་གཞན་ཡུལ་ནས་ངས་ཕ་ཡུལ་ཡིད་ལ་ཡང་ཡང་དྲན་འོང་། ཕ་ཡུལ། ངའི་ཆེས་ཐོག་མའི་ལྟེ་ཁྲག་དེ་ནས་འཐོར་ཞིང་། ཆེས་ཐོག་མའི་ལང་ཚོ་དེ་ནས་འཚར། ཆེས་ཐོག་མའི་ངུ་སྒྲ་དེ་ནས་གྲགས་ཤིང་། ཆེས་ཐོག་མའི་གོམ་ཁའི་དབུ་ཁྱུད་དེ་ནས་འཐེན།
    ཕ་ཡུལ་ནས་ཕྱི་རོལ་གྱི་འཇིག་རྟེན་ལ་ཕྱོགས་པའི་གོམ་འགྲོས་རེ་རེའི་ཁྲོད། ངའི་ཡིད་མཁར་འཆར་ཡན་གྱི་རི་མོ་སྣ་ཚོགས་འབུས་ཤིང་། འབད་འཐབ་དང་མདུན་སྐྱོད་ཀྱི་ལམ་བུ་རེ་རེར། རྔུལ་ཆུའི་ཐིགས་ཕྲེང་མང་པོ་འདུས་ཡོད། ཕ་ཡུལ་ནི་ངའི་སེམས་ཁམས་དང་ཆེས་ཐག་ཉེ་བའི་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་བསིལ་ཟེར་དེ་ཡིན་པས། ཕ་ཡུལ་ནས་ཕ་མའི་བྱམས་བརྩེ་དང་ཆུང་དུས་ཀྱི་དྲན་ཤེས་སྣ་ཚོགས་དབྱར་གྱི་མེ་ཏོག་དང་སྟོན་གྱི་འབྲས་བུ་བཞིན་གང་འདོད་དུ་འཐུ་ཆོག་ལ། ད་དུང་ལེགས་གྲུབ་ཀྱི་འཛུམ་མདངས་རེ་རེ་དང་། ཕམ་ཉེས་ཀྱི་མིག་ཆུ་རེ་རེ་ཕ་ཡུལ་ནས་ཐག་རིང་ལ་བསྲིངས་པའི་རྐང་རྗེས་ཁྲོད་དུ་མེ་ཏོག་བཞིན་དུ་གཏོར་ཆོག་ཨང་།

གཉིས།

    ངས་འདི་ལྟར་ཕ་ཡུལ་དྲན་དོན་ནི། ངའི་དྲན་ཤེས་ཁྲོད་ཀྱི་ཕ་ཡུལ་ན། ང་ལ་བྱམས་པའི་དྲིན་ཅན་ཕ་མ་དང་། སྙིང་ལ་ཉེ་བའི་ངའི་ཤ་རུས་གཅིག་གི་ཕུ་ནུ་མིང་སྲིང་ཡོད་ལ། ཆུང་ནས་ཐལ་རྩེད་ཁྲོད་དུ་མཉམ་དུ་རྩེད་ཅིང་མཉམ་དུ་འཚར་བའི་ཆུང་གྲོགས་དང་། རྩེད་གྲོགས་རྣམས་ཀྱི་མཛེས་པའི་འཛུམ་ཞལ་དང་སྙན་པའི་དགོད་སྒྲ་འཁྱིལ་བས་ཡིན་ལ། ཕ་མ་བུ་ཕྲུག་རྣམས་མེ་ཐབ་ཀྱི་མཐའ་ལ་འཁོར་ཏེ། ཞིམ་པའི་ཇ་ཆང་དང་བཅུད་ལྡན་ཤ་སྤགས་ལ་རོལ་བཞིན། སྙན་པོའི་ལྷ་སྒྲུང་དང་ངོ་མཚར་གྱི་གཏམ་གླེང་སོགས་བསམ་ན་ཡི་གར་འོང་ཞིང་དྲན་ན་མིག་ལ་མཛེས་པའི་འདས་སོང་གི་འཚོ་བའི་མཛེས་རིས་མང་པོར་ལོངས་སུ་སྤྱོད་ཆོག་པས་ཀྱང་ཡིན།

གསུམ།

    གཞན་ཡུལ་ཟེར་བའི་ཆ་མེད་ཀྱི་གནས་ཤིག་ནས། ངས་ཕ་ཡུལ་ཟེར་བའི་གནས་ཁང་དྲོན་མོ་དེ་ཡང་ཡང་དྲན་འོང་། རྒྱང་རིང་དུ་ལུས་པའི་ཕ་ཡུལ་ལགས། དབྱར་དགུན་དང་ཉིན་མཚན་གྱི་དབྱེ་བ་མེད་པར། ངས་ཁྱེད་རང་འདི་ལྟར་དྲན་དོན་ནི། རྒྱང་རིང་དུ་ལུས་པའི་ཕ་ཡུལ་ན། ངའི་རྟ་ནོར་ལུག་གི་ཕ་གཞིས་སྣུམ་པོ་སྟེ། གཡང་དཀར་ལུག་ཁྱུའི་འབའ་སྒྲ་དང་། འབྲི་གཡག་གི་ངུར་སྒྲ། ཅང་ཤེས་རྟ་ཕོའི་འཚེར་སྐད་ཡོད་པས་ཡིན་ལ། ཁ་དཀར་རྐྱང་གི་རྨིག་སྒྲ་དང་། འཕོངས་དཀར་དགོ་བའི་མགྱོགས་འགྲོས། སྟོབས་ལྡན་འབྲོང་གི་རྭ་རྩེད་སོགས། མདོར་ན། ནོར་འཛིན་གྱི་ཕང་བར་བག་ཕེབས་སུ་འཚོ་བའི་གཅན་གཟན་རི་དྭགས་ཀྱི་ཚོགས་དང་། མཁའ་ན་ལང་ལིང་གཤོག་རྩལ་ངོམ་པར་སྤྲོ་བའི་བྱ་བྱེའུ་སྣ་ཚོགས་ཡོད་ལ། གངས་རི་དང་གཡའ་རི། སྤང་རི་དང་རྫ་རི། གངས་ཆུ་དང་གཡའ་ཆུ། རྫ་ཆུ་དང་ལུ་ཆུ། མཐོན་པོའི་རི་བོ་དང་དྲག་ཏུ་རྒྱུག་པའི་ཆུ་མོ་དང་ལྷུང་ལྷུང་དུ་བཞུར་བའི་ཆུ་ཕྲན་མང་པོས་མཚན་དགུང་གི་སྐར་ཚོགས་བཞིན་དུ། ཐག་རིང་གི་བུ་ཆུང་བདག་ལ་གཡབ་མོ་དང་མིག་འཛུམ་རྒྱག་བཞིན་ཡོད་པས་ཀྱང་ལོས་ཡིན།

བཞི།

    ཕ་ཡུལ་དང་བྲལ་བའི་ཐག་རིང་གི་གྲོང་ཁྱེར་འདི་ནས། ངས་ཐག་རིང་གི་ཐག་རིང་ཞིག་ན་དབེན་འཇགས་གེར་གནས་པའི་ཕ་ཡུལ་དྲན་འོང་། ངས་ཕ་ཡུལ་ཡང་ཡང་དྲན་དོན་ནི། ཕ་ཡུལ་ན་དཔྱིད་དུས་སྤང་ལ་བཞད་པའི་མེ་ཏོག་དང་ཤ་མོ་སྣ་ཚོགས་དང་། མེ་ཏོག་གི་ཟེའུ་འབྲུ་འཐུ་བའི་ཕྱེ་ལེབ་བུང་བ་དང་། སེར་ཤ་དང་དཀར་ཤ་ལ་སོགས་པའི་ཤ་མོ་འཐུ་མཁན་གྱི་བྱིས་པ་མང་པོ་ཡོད་པས་ཡིན་ལ། དབྱར་དུས་ཞིང་ཁར་སྐྱེས་པའི་འབྲུ་རིགས་སྣ་ལྔ་དང་། ལོ་ཏོག་གི་རྒྱན་དུ་མཛེས་པའི་སེར་སེར་པད་ཁའི་མེ་ཏོག་དང་། ཁྲ་ཁྲ་སྲན་མའི་མེ་ཏོག ཟིང་སྐྱ་བྲ་བོའི་མེ་ཏོག སེར་ཆུང་ཡུངས་དཀར་གྱི་མེ་ཏོག ད་དུང་ཡང་ལ་ཕུག་དང་ཞོག་ཁོག་གི་མེ་ཏོག་སོགས་སྔོ་ལྗང་ཚལ་རིགས་ཀྱི་གོས་རྒྱན་དུ་མཛེས་པའི་མེ་ཏོག་མང་པོ་ཡོད་པས་ཡིན།

ལྔ།

    དོན་དུ་ཕ་ཡུལ་ནི་ཨ་མའི་པང་ཁ་དྲོན་མོ་དེ་དང་ནུ་ཞོ་ཞིམ་པོ་དེ་ཡིན་ཏེ། ཕ་ཡུལ་གྱི་པང་དུ་ངའི་ཆུང་དུས་ཀྱི་རྐང་རྗེས་དང་། འཚར་ལོངས་ཀྱི་གཏམ་རྒྱུད་དང་རྒས་དུས་ཀྱི་དྲན་འཆར་སྣ་ཚོགས་མཚན་དགུང་གི་སྐར་ཚོགས་བཞིན་དུ་འཁོད་ནས་ཡོད། དོན་དུ་ཕ་ཡུལ་ནི་ཅི་ཡང་ཐེག་ཐུབ་པའི་ཨ་ཕའི་དཔུང་པ་དང་། གང་ཡང་བཟོད་ནུས་པའི་ཨ་ཕའི་སྒལ་གཞུང་ཡིན་ལ། ཕ་ཡུལ་ནི་ནམ་མཁའ་བཞིན་དུ་ཡངས་ཤིང་རྒྱ་མཚོ་བཞིན་དུ་ཟབ་པའི་ཨ་ཕའི་བློ་རྒྱ་ཡང་ཡིན་པས། ཕ་ཡུལ་གྱི་པང་དུ་ངའི་ལུས་ཟུངས་ལ་ཤ་ཁྲག་རྒྱས་ཤིང་། ངའི་བློ་མིག་ལ་གཤོག་སྒྲོ་རྒྱས་ཏེ། ངས་ཨ་ཕ་བཞིན་དུ་སྙིང་རུས་དང་སྡུག་རུས་ཆེན་པོས། ཕ་ཡུལ་ནས་ཐག་རིང་ལ་ཕྱོགས་པའི་རྨི་ལམ་མཛེས་སྡུག་གིས་རྨི་ཆོག་པས་ཀྱང་ཡིན།

དྲུག

    ཕ་ཡུལ་ནས་གཞན་ཡུལ་དུ་མེད་པའི་ཡིད་འོང་གི་དྲན་ཤེས་མང་པོ་རྙེད་ཐུབ་ལ། ཕ་ཡུལ་ནས་གཞན་ཡུལ་དུ་ཚོར་མི་ཐུབ་པའི་དྲོ་སོབ་སོབ་ཀྱི་བརྩེ་བ་མང་པོ་མྱོང་ཐུབ། ཕ་ཡུལ་ནི་མི་ཚེ་གང་པོར་མྱངས་མི་ཚར་བའི་དྲན་ཤེས་ཁྲོད་ཀྱི་ཞིམ་མངར་སྦྲང་རྩིའི་རོ་བཅུད་དེ་ཡིན་ལ། ཕ་ཡུལ་ནི་མི་ཚེ་གང་པོར་བཀླགས་མི་ཚར་བའི་ཡིད་ལ་འཇགས་ཤིང་རྣ་བར་སྙན་པའི་གཏམ་རྒྱུད་རིང་མོ་ཞིག་རེད། ཕ་ཡུལ་ནི་བསླུ་བྲིད་ཆེ་བའི་མཁའ་མཐའི་འཇའ་ཚོན་མཚར་པོ་དེ་ཡིན་ལ། ཕ་ཡུལ་ནི་རྣ་བར་འཇེབས་པའི་མི་ཚེའི་དབྱངས་རྟ་སྙན་པོ་དེ་དང་། སེམས་ཀྱི་དང་བ་འདྲེན་པའི་ལྕགས་ཀྱུ་རྣོན་པོ་དེའང་རེད། དེ་ནི་ཕ་ཡུལ་ལས་འཁྲུངས་པའི་སེམས་ཁོང་གི་ཞེན་ཆགས་ཡིན་ལ། དེ་ནི་ང་རང་ཕ་ཡུལ་ཟེར་བའི་དྲོ་སོབ་སོབ་ཀྱི་གནས་ཁང་དེ་ལས་བྲལ་རྗེས། ཕ་ཡུལ་གྱིས་བདག་ལ་སྦྱིན་པའི་འཛད་མེད་ཀྱི་དྲན་ཤིང་རེད། ཕ་ཡུལ་ལགས། ཐག་རིང་གི་གཞན་ཡུལ་འདི་ནས། ངས་རྟག་ཏུ་ཁྱེད་རང་དྲན་བཞིན་ཡོད།
བུ་ཚེ་རིང་རྒན་པ།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章