ཕྲུ་གུར་སྒྲོག་རྩེ་དང་རྐུབ་སྟེགས་འདི་རིགས་ཉོ་བའི་དགོས་པ་ཡོད་དམ།
ཕྲུ་གུའི་སློབ་སྦྱོང་དང་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད། ཕྲུ་གུའི་སློབ་སྦྱོང་གི་སྒྲོག་རྩེ་དང་རྐུབ་སྟེགས་དེ་རིམ་བཞིན་ཁྱིམ་ཚང་མང་པོ་ཞིག་གི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད། འོན་ཀྱང་སྒྲོག་རྩེ་དང་རྐུབ་སྟེགས་འདི་རིགས་བེད་སྤྱོད་བཏང་ན་ཕྲུ་གུར་ཕན་ཐོགས་ཡོད་མེད་ཐད་མི་མང་པོས་གསལ་པོ་དེ་ཙམ་ཤེས་ཀྱི་མེད། མི་ལ་ལས་སྒྲོག་རྩེ་དང་རྐུབ་སྟེགས་དེ་རིགས་ཕྲུ་གུའི་གཟུགས་པོའི་རིང་ཐུང་ལ་བལྟས་ནས་མཐོ་དམན་འོས་ཤིང་འཚམ་པ་ཞིག་བཟོ་རྒྱུ་ཡོད་པས། ཕྲུ་གུའི་སྒལ་ཚིགས་དང་མིག་ཤེད་སྲུང་སྐྱོབ་བྱེད་ཐུབ་པ་མ་ཟད། སློབ་སྦྱོང་གི་གོམས་གཤིས་ལེགས་པོ་ཞིག་ཆགས་པར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་མི་ཁ་ཤས་ཀྱིས་དེ་ཕན་ཐོགས་མེད་པ་མ་ཟད། ད་དུང་གོང་ཚད་མཐོ་དྲགས་པའི་ངོས་འཛིན་བྱེད་ཀྱི་ཡོད།
བོད་ལྗོངས་ཧྥུའུ་ཁང་སྨན་ཁང་རུས་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་ལི་ཡན་ཅུན་གྱིས། ཕྲུ་གུ་འཚར་ལོངས་འགྲོ་མགྱོགས་པོ་ཡོད་ཅིང་། ཕྲུ་གུའི་སློབ་སྦྱོང་གི་སྒྲོག་རྩེ་དང་རྐུབ་སྟེགས་གཟུགས་པོའི་རིང་ཚད་ལ་གཞིགས་ནས་སྙོམས་སྒྲིག་བྱེད་རྒྱུ་ཡོད་པས་ཕྲུ་གུའི་འཚར་ལོངས་ཀྱི་དུས་སྐབས་མི་འདྲ་བའི་ནང་སྡོད་སྟངས་ཡག་པོ་རྒྱུན་འཁྱོངས་བྱེད་ཐུབ་ཀྱི་ཡོད། སྒྲོག་རྩེ་དང་རྐུབ་སྟེགས་ཀྱི་མཐོ་ཚད་འཚམ་པོ་མེད་ཚེ་ཕྲུ་གུའི་སྟོད་སྒུར་སྒུར་ཆགས་པ་དང་སྒལ་ཚིགས་འཁྱོག་པ་སོགས་ཡོང་སྲིད། ཡིན་ནའང་ཕྲུ་གུའི་སློབ་སྦྱོང་གི་སྒྲོག་རྩེ་དང་རྐུབ་སྟེགས་བེད་སྤྱོད་བྱས་ན། ཕྲུ་གུའི་མིག་དང་སྒྲོག་རྩེའི་ངོས་བར་བར་ཐག་འོས་འཚམ་བྱུང་ནས་དཔེ་དེབ་ལྟ་བ་དང་ཡི་གེ་འབྲི་སྐབས་མགོ་བོ་སྒུར་སྒུར་བྱེད་དྲགས་པའམ་ཡང་ན་མགོ་བོ་དགྱེ་དགྱེ་བྱེད་དྲགས་པའི་སྣང་ཚུལ་ཇེ་ཉུང་དུ་གཏོང་ཐུབ་ནས་མིག་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་ཆེན་པོ་ཐོན་ཐུབ་ལ། ཕྲུ་གུའི་མཇིང་པ་དང་། ཕྲག་པ། རྐེད་པ་བཅས་ཀྱི་གནོན་ཤུགས་ཆུང་དུའང་གཏོང་ཐུབ།
ཡང་དག་པའི་སྡོད་སྟངས།
1.མིག་དང་དཔེ་དེབ་དབར་ལ་ཁྲུ་གང་འཇོག་དགོས།
2.གཟུགས་པོ་དང་སྒྲོག་རྩེའི་དབར་ལ་ཁུ་ཚུར་གཅིག་འཇོག་དགོས།
3.རྐང་པ་ས་སྟེང་དུ་ཁོད་སྙོམས་པོས་འཇོག་དགོས།
4.སྒལ་པ་འདྲོང་པོས་སྡོད་དགོས།
5.རྐུབ་སྟེགས་ལ་བསྙེས་ནས་སྡོད་མི་རུང་།
6.ལག་པ་གཡོན་མས་ཤོག་བུ་མནན་པ་དང་ལག་པ་གཡས་པས་སྨྱུ་གུ་བཟུང་ནས་གྲུ་མོ་སྒྲོག་རྩེའི་ངོས་སུ་འཇོག་མི་རུང་།