མི་འདི་དག་ལ་ཆམ་ནད་འགོ་སླ་བ་འདུག

民生   2024-09-11 17:30   西藏  

     རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཚེས་དྲུག་ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། དུས་ཚིགས་ཀྱི་འགྱུར་བ་དང་བདེ་ཐང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

     པེ་ཅིང་སྨན་ཁང་གི་སྨན་པ་འབུམ་རམས་པ། ལི་ཡན་མིང་གིས་ཆམ་རིམས་ནི་རྒྱུན་མཐོང་གི་དབུགས་ལམ་གྱི་འགོ་ནད་རང་བཞིན་གྱི་རིམས་ནད་ཅིག་ཡིན་པས། མི་ཚོགས་ཚང་མར་ཡོངས་ཁྱབ་ངང་ནད་དེ་འགོ་སླ་པོ་ཡོད། དེ་ན་མི་ཚོགས་གང་དག་ལ་ཧ་ཅང་འགོ་སླ་བ་རེད་དམ་ཞེ་ན། གཙོ་བོ་ནད་དུག་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཅུང་མང་བའི་མི་སྟེ། དཔེར་ན། སྨན་དོན་མི་སྣ་ལྟ་བུ། དེ་མིན་དུས་ཡུན་རིང་པོར་མཁའ་རླུང་རྒྱུ་མི་ཐུབ་པའི་ཁོར་ཡུག་ཏུ་འདུས་པའི་མི་ཚོགས་ཏེ། དཔེར་ན། བུ་བཅོལ་ཁང་དང་། སློབ་གྲྭ། བཟོ་གྲྭ་སོགས་ལྟ་བུའོ། མི་ཚོགས་ཁ་ཤས་ནི་ཆམ་རིམས་ལྕི་བའི་ཉེན་ཁ་ཆེ་བའི་མི་ཚོགས་ཡིན་པསཆམ་རིམས་འགོས་ན་ནད་གཞི་ལྕི་རིགས་དང་འདུས་ནད་འབྱུང་སླ། མི་ཚོགས་དེ་དག་གི་གྲས་སུ་ལོ་65ཡན་ཆད་ཀྱི་བགྲེས་སོང་དང་། ལོ་5མན་ཆད་ཀྱི་བྱིས་པ། སྦྲུམ་མ། རྨང་གཞིའི་ནད་ཡོད་པ། ནད་འགོག་ནུས་ཤུགས་ཞན་པ། ཤ་རྒྱགས་པའི་མི་ཚོགས་སོགས་འདུས་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

     ཉེན་ཁ་ཆེ་བའི་མི་ཚོགས་འདི་དག་ལ་མཚོན་ན། ཐོག་མར་རིམས་འགོག་སྨན་ཁབ་རྒྱག་དགོས། དེ་ནི་མིག་སྔར་ཆམ་རིམས་སྔོན་འགོག་བྱེད་པའི་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ཤིག་ཡིན། ཉེན་ཁ་ཆེ་བའི་མི་ཚོགས་ཕུད་ཕྲུ་གུ་དམར་འབྱར་དང་རྒན་རྒོན་ལ་ལྟ་རྟོག་བྱེད་མཁན་ཁྱིམ་ཚང་གི་ལྟ་སྐྱོང་བ་སྔོན་ལ་སྨན་ཁབ་རྒྱག་དགོས་པའི་མི་ཚོགས་ཀྱི་གྲས་སུ་འཇོག་དགོས། སྤྱིར་འགོག་སྨན་བརྒྱབ་རྗེས་ཉུང་མཐར་ཡང་གཟའ་འཁོར་གཉིས་ཀྱི་དུས་ཚོད་རིང་འགོག་གཟུགས་ངེས་ཅན་ཞིག་གྲུབ་ནས་སྲུང་སྐྱོང་གི་ནུས་པ་ཐོབ་ཐུབ་པས། དེའི་ཕྱིར་ལོ་རེར་ཟླ་10པའི་ཟླ་མཇུག་གོང་རིམས་འགོག་སྨན་ཁབ་བརྒྱབ་ཚར་དགོས།

     རིམས་འགོག་སྨན་ཁབ་རྒྱག་པ་དང་འགོག་སྲུང་གི་བྱེད་ཐབས་ལ་དོ་སྣང་བྱེད་དགོས་པ་ལས་གཞན། རྒན་རྒོན་དང་གཅོང་ནད་ཕོག་མཁན་གྱིས་རྨང་གཞིའི་ནད་དེ་ཚོད་འཛིན་ཡག་པོ་བྱེད་དགོས། གཞན་ཡང་ཁྱིམ་དུ་ཕྲུ་གུ་དམར་འབྱར་དང་རྒན་རྒོན་ཡོད་པའི་ཁྱིམ་ཚང་གི་ཁོངས་མི་ཚོས་ཀྱང་འགོག་སྲུང་ལ་དོ་སྣང་བྱས་ཏེ་ཕྲུ་གུ་དང་རྒན་རྒོན་ལ་ཆམ་ནད་མི་ཕོག་པ་བྱ་དགོས།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章